ཕྱིར་ལོག་མི་ཐུབ་པའི་ལོ་ཟླ་དྲན་པ།

    རྩོམ་པ་པོ། འབྲོག་སྨྱུག


ཕྱིར་ལོག་མི་ཐུབ་པའི་ལོ་ཟླ་དྲན་པ།
  

 

                          འབྲོག་སྨྱུག  རྨ་ལྷོ།



དབྱར་ལྗོངས་ཀྱི་གཙང་ཆུའི་འགྲམ་དུ་ང་རང་ཁེར་རྐྱང་ངང་གནས་འདོད།  དྲོད་འཇམ་གྱི་ཉི་འོད།  ཆུ་དང་ཆར་བའི་ཚོགས་ཀྱིས་ཁེར་རྐྱང་གི་སེམས་པ་སྐྱོར་བཞིན།  རི་ཚོགས་ཀྱི་གསེང་དུ་བསྐུངས་པའི་བྱིས་དུས་ཀྱི་ལོ་ཟླ་རེ་རེ་ཕྱིར་དྲན་བྱས་པས་ཀྱང་ཡིད་དུ་འོང་།   སྤྲིན་པ་ལེབ་མོ་ཞིག་བསིལ་གདུགས་བཞིན་འཁྱིལ་བྱུང་།  དེ་ནི་ཆར་བས་ས་གཞི་ལ་གཙང་འཁྲུད་བྱེད་པའི་སྟ་གོན་རེད།  ཆར་བ་སིམ་སིམ་ཞིག་འཇའ་འོད་ཀྱི་གུར་ཁང་ལས་འབབ་དུས།   མེ་ཏོག་དང་རྩྭ་ལོ་རེ་རེ་ཇི་འདྲའི་ཉམས་དགའ་བ་ཞིག་རེད་ཨང་།  འཇམ་ཞིང་མཉེན་པའི་ལང་ཚོ་དང་ཁ་དོག་ལྡན་པའི་མཛེས་སྡུག་གིས་ཕྱུག   དབྱར་ལྗོངས་ཀྱི་ཞོགས་པ་རེ་རེ་རས་གུར་ནང་དུ་ཆར་ཞོད་སྙོམས་པོའི་ཤག་སྒྲར་ཉན་ནས།  སྙན་ངག་ལ་སྦྲུམ་པའི་བརྩེ་བ་དྭངས་མ་ཞིག་ཁྱོད་ཀྱི་པང་དུ་སྤྲིངས།  དེ་ནི་གནམ་མཐའ་ནས་སྤྲིན་དཀར་ཞིག་ལྡང་ཚུལ་དང་།  ཡང་ན་ཟླ་དྲུག་པའི་སེར་ཆེན་ཞིག་སྐྱེ་ཚུལ་ཡིན།   གཞན་ཡང་ང་ལ་འཆར་ཡན་དང་བསམ་གཞིགས་ཀྱི་དྲི་བ་མང་པོ་ཞིག་འཁོར་ཡོང་སྟེ།  བཞོ་དབྱངས་ཀྱི་འགྱུར་ཁུགས་དང་།  ལྷིང་འཇགས་ལ་ཐིམ་པའི་ངོ་མཚར་འདི་དག་གིས་ང་ལ་བདེ་སྐྱིད་ཅེ་པའི་སྣང་བརྙན་འབའ་ཞིག་བསྐྲུན།དོ་ཞག་བདག་ཁོ་ན་ཁྱོད་ཀྱི་ལྷིང་འཇགས་ལ་གནས་ཏེ་བརྩེ་ཞེན་གྱི་སོར་མོས་བཏེགས་པའི་སྙན་ཚིག་ཅིག་གི་དབུ་ཁྱུད་འབྲི།  

མི་ཚེ་ཞིག་གི་འཚར་ལོངས་ཀྱི་གཏམ་རྒྱུད་ནི་འཁྲབ་གཞུང་ཞིག་ཡིན་པར་ཆ་བཞག་ན།  དགའ་སྐྱོ་ཆགས་སྡང་གི་བྲོ་གར་རེ་རེ་ནི་གོམས་སྲོལ་དང་ཁྱིམ་གྱི་ཆོས་ཉིད་ཅིག་ལ་འབྲེལ།   བདག་གི་བྱིས་དུས་སུ་སྐུ་བསོད་ཆེ་སྟེ།  ཞོགས་པའི་ཉི་ཟེར་གྱི་འོག་ཏུ་ཕྱེ་ལེབ་ཅིག་ལྟར་རང་དབང་གིས་འཚོ་བ་དང་།   མིག་ཟུང་ཆེ་རུ་བགྲད་དེ་དགོང་གའི་མཚམས་སྤྲིན་ལ་ལྟ་བ།  བསིལ་འཇམ་གྱི་རླུང་བུར་རོལ་ནས་དབྱར་གྱི་དྲི་ངད་འཛིན་པ། ཟླ་དྲུག་པའི་མཐོ་སྒང་གི་སྐར་ཚོགས་གྲོགས་སུ་བཀུག་ནས་དགོད་སྒྲའི་ངང་འཚོ་བ།  སྒེར་ལ་དབང་བའི་ཐུན་མིན་མཛེས་སྡུག་ནི་བདག་གི་བྱིས་དུས་ཀྱི་ལོ་ཟླ་དེ་དག་རེད།  འཇམ་དྲགས་པའི་ཉི་ཟེར་གྱི་པང་དུ་མངོན་ཆུང་གིས་ཚེས་པའི་དབྱར་ཟླ་དྲུག་པ་ནི་ངས་ནམ་ཡང་བརྗེད་མི་སྲིད་པའི་དུས་ཚིགས་ཤིག་ཡིན།  གློ་རྡེག་ཏུ་དེ་རིང་ལྟ་བུའི་དབྱར་གྱི་ཞོགས་པ་ཞིག་དྲན་དོན།  ཁྱོད་ཀྱིས་བརྩེ་སེམས་དང་ཡིད་ཆེས་བསྣམས་ཏེ་མཚར་སྡུག་གི་ཞོགས་པ་དེར།   རྩྭ་ལྗང་གི་མཉེན་ལྕུག་ཁྲོད་དུ་ཟིལ་བས་བཟུང་བའི་མེ་ཏོག་ཞིག་ཕུལ་བས་ཡིན།  དེ་ནི་ངས་བརྗེད་མི་སྲིད་པའི་དབྱར་གྱི་ཞོགས་པ་ཞིག་ཡིན་ལ། ངའི་མི་ཚེ་བཞུར་རྒྱུན་ཁྲོད་ཀྱི་ཡལ་མི་བཏུབ་པའི་བརྩེ་བའི་རི་མོ་ཞིག་ཡིན།   

སྐར་ཚོགས་དང་ལུག་ཁྱུ་མང་ས་ནས།  བདག་གིས་ནམ་ཡང་དབྱངས་གསལ་གྱི་མུ་ཏིག་འོད་ལ་དཀྲིས་ནས་སུ་ཞིག་ལ་སྙིང་གཏམ་གླེང་འདོད།  ཕྱིར་དྲན་གྱི་བསམ་གཞིག་རེ་རེའི་ཁྲོད་དུ།  ཁྱོད་དང་འབྲེལ་བའི་ལྷིང་འཇགས་ཀྱི་འཚོ་བ།  བཞུད་ཟིན་པའི་ལོ་ཟླ་དེ་དག་བསྟུད་མར་རྙེད་པས།  སྐྱོ་གཞས་ཐན་ཐུན་ཞིག་ལྟར་རང་སེམས་ལ་ཅི་ཞིག་སྣང་འོང་གིན་འདུག  འུ་གཉིས་ཆུང་དུས་ཀྱི་དུས་ཚིགས་ནི་ཁ་དོག་སྣ་ཚོགས་ལྡན་པའི་འབུར་གཟུགས་རི་མོ་ཞིག་དང་འདྲ་མོད།  ཆར་རྗེས་ཀྱི་འཇའ་ཚོན་ཞིག་ལྟར་ད་ལྟ་ཅི་ཡང་ལྷག་མི་འདུག   རི་ཚོགས་དང་ཆུ་བོ།  དུས་ཚིགས་ཀྱི་སྔ་ཕྱི་འདི་དག་གིས་ད་དུང་ལོ་ཟླ་རེ་རེ་བསྲུངས་ནས་འདུག  མི་ལོ་འགའ་འདས་པའི་ཟླ་དྲུག་པའི་ཞོགས་པ་དེའང་།  དེ་རིང་ལྟ་བུའི་ཞོགས་པ་ཞིག་ཡིན།  ཆར་རྗེས་ཀྱི་རྩྭ་ལོ་རེ་རེ་དང་།  བསིལ་བར་ལྡང་བའི་རླུང་གི་དྲི་ངད།  འཇམ་ཞིང་མཉེན་པའི་མེ་ཏོག་དང་ས་གཞི་འདི་དག་སྔར་ལྟར་ཁ་དོག་ལྡན་པ།  ཡིད་དུ་འོང་བ་ཞིག་ཡིན།  འོན་ཏེ།  བདག་གི་ནང་སེམས་ན་བྱིས་དུས་ལྟར་འཆར་ཡན་གྱི་གཤོག་པ་མི་འདུག་མོད།  འདི་དག་ལས་ཕྱིར་དྲན་གྱི་མེ་ལོང་གསར་བ་ཞིག་དང་།  གཏམ་རྒྱུད་ཀྱི་ཚོར་བ་སྐྱུར་མོ་ཞིག་བདག་སེམས་སུ་ཁ་བ་བཞིན་སིམ་སིམ་བབས་བྱུང་།  

དེ་རིང་ནི་བོད་ཟླ་དྲུག་པའི་ཚེས་དགུ་སྟེ།   རྟ་རྒྱུགས་དགའ་སྟོན་རྫོགས་ནས་ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ་ཞིག་རེད།  ངས་རང་གི་ལྷུག་རྩོམ་འདིའི་མཇུག་སྐྱོང་བཞིན་ཡོད།   ཆར་བ་དང་མེ་ཏོག་གི་འདྲེས་མཚམས་སུ།  བདག་ལ་བརྩེ་བ་ཁྲོམ་ཁྲོམ་བཞུར་བའི་ཟིལ་བ་དང་།   འཇམ་ཞིང་མཉེན་པའི་རེག་བྱ་མཐའ་དག་གིས་གླུ་གཞས་ཤིང་གཏོང་གིན་འདུག  ཁྱོད་ཀྱི་འཚོ་བའི་ཡང་སྙིང་དང་།   ནང་སེམས་ཀྱི་བརྩེ་བའི་ཟབ་ས་ཞིག་གཏོང་གིན་འདུག  ངས་ཅི་ཞིག་འཚོལ་བ་དེ་རྙེད་པ་འདྲ་བས།  གློ་བུར་དུ་སྙན་ངག་ཚིགས་བཅད་ཅིག་ཤོག་ངོས་སུ་བྲིས།  ཐོག་མའི་བརྩེ་དུང་གི་ཟུག་བག  བར་གྱི་འགྲོགས་འདྲིས་དང་མཛའ་ཞེན།   མཐའ་མའི་གྱེས་བྲལ་གྱི་ངུ་སྔགས་རེ་རེ་སྤྲིན་དཀར་ཕོན་པོ་ཞིག་རི་རྩེར་འཕྲད་པ་དང་།  ཡང་ན།  སུ་ཞིག་གིས་བརྡ་བཏང་བ་བཞིན་རི་སྐེད་སྒང་ཟུར་ཞིག་བསྡུས་ཏེ་འགྲོ་བ།  འདི་དག་ནི་སེམས་པའི་བང་རིམ་གྱི་རྟ་ཁྱུ་འདྲོག་སྟངས་ཤིག་རེད།   དྲན་པའི་རྩིག་ལྡེབས་སུ་རི་མོ་ཁྱུག་སྟངས་ཤིག་རེད།  ཕྱི་ཕྱིར་རྩིས་པའི་ལོ་འགའི་ཡར་སྔོན་དུ།  སྐར་འོད་བཞིན་དྭངས་པའི་སེམས་རྒྱུ་གཙང་མ་དེ་ཁྱོད་དང་མཉམ་དུ་བསྐྱལ།  ལང་ཚོ་དེའི་ཡང་སྙིང་ཁྱོད་ཀྱི་ཆེད་དུ་བསྟབས།  འདི་དག་ཡོད་ཚད་དེ་རིང་གི་སྙན་ངག་དང་འབྲེལ་བ་ཡོད།   འབྱུང་འགྱུར་གྱི་སྙན་ངག་དང་ཡང་འབྲེལ་བ་ཡོད།     

སྨུག་ཞག་འཐིབས་པའི་རི་རྩེ་དང་།   བཀྲག་མདངས་འཁྱིལ་བའི་སྤང་གཞུང་འདིར་དབྱར་ཁ་སླེབ་ཐེངས་རེར།  མེ་ཏོག་གི་འཇམ་མཉེན་ལ་གླན་པའི་འཚོ་བ་དང་།  ཆུ་ཁར་རྩེད་རྡོ་བསྒྲིགས་པའི་གཏམ་རྒྱུད།  སྐྲ་གསེབ་དུ་མེ་ཏོག་བསླེས་པ།   ཤིང་གི་རྟ་མཆོག་བཞོན་པ།  སྤྲིན་དཀར་དང་ལུག་ཁྱུ་འདྲེས་པའི་དུས་ཚིགས་རེ་རེ།  དཀར་ལམ་ལམ།   ངང་སོབ་སོབ།   སྐྱ་ཤད་ཤད་དུ་མིག་ལ་སྣང་འོང་། བྱིས་དུས་སུ་རྩེད་མོར་གཡེངས་མྱོང་བའི་བདེ་སྐྱིད་ཀྱི་ཚོར་སྣང་དག་གིས། མྱང་མི་ཚར་བའི་དུངས་ཞེན་གྱི་སྣང་བ་སྦྱིན་ལ།  གཞིབ་མི་ཚར་བའི་དགའ་སྤྲོའི་ཚོར་བ་སྟེར།  ཆུང་དུས་ཀྱི་མིག་ཟུང་ལས་མཐའ་མི་མངོན་པའི་རྩྭ་ཐང་།   དཔུང་མཐོ་བའི་རི་བོ།  བརྒལ་དཀའ་བའི་ཆུ་བོ་རེ་རེ།  མི་ཚེ་སྟོད་སྨད་གཉིས་ཀྱི་བསྣོལ་མཚམས་སུ་འགྲེང་བའི་ལོ་རྒྱུས་རྡོ་རིང་ལྟ་བུ་ཡིན།  དུས་བཞིའི་འགྱུར་བ་དང་།  མི་ཚེ་གོ་རིམ་ཇི་འདྲ་བརྒྱུད་རུང་།   བྱིས་དུས་ལང་ཚོ་སྨིན་ས་དང་།  བྱམས་པའི་འཛུམ་མདངས་གྲོལ་ས་ནི།  མཚར་སྡུག་གི་རི་མོ་བཞིན་དུ།   ལོ་རྒྱུས་ཀྱི་ཟིན་ཐོ་ལྟ་བུའི།  གཏམ་རྒྱུད་དང་རྨི་ལམ་ཐེངས་གཅིག་ཡིན།   ཕྱིར་དྲན་དང་བརྩེ་བ་འབའ་ཞིག་ཡིན། 

ལྷད་མེད་བཅོས་མེད་ཀྱི་ལོ་ཟླ་དེ་དག་རྨི་ལམ་ཐེངས་གཅིག་དང་འདྲ་བར་ཏབ་ཅིག་གིས་ཡལ་སོང་།   འགན་ཁུར་ཅི་ཡང་མེད་པའི་བྱིས་དུས་ཀྱི་མཚར་སྣང་རེ་རེ་ཉོག་རྫོབ་ཅིག་ཏུ་འགྱུར་སོང་།   དོ་ནུབ་དགུང་གི་སྐར་ཚོགས་ཀྱི་མཛེས་སྡུག་ལས་མཆེད་པའི།   མཐའ་ཡས་རྩྭ་ཐང་གི་དྲི་ངད་ལ་ལྡང་བའི།   རླུང་གི་ཁ་ཕྱོགས་རེ་རེ་ཡིས་སྤྲིན་དཀར་གྱི་ཕོན་པོ་ཞིག་དེད་དེ་ང་ཡི་ཉེ་སར་འབབ་ཀྱིན་འདུག  གཡང་དཀར་ལུག་ཁྱུ་དང་འདབ་འདྲེས་སུ་གྱུར་ནས་ང་ཡི་ཉེ་འཁོར་ནི་མུ་ཏིག་གི་འཇིག་རྟེན་ཞིག་ཏུ་གྱུར།   སྔར་སོང་གི་ལོ་ཟླའི་ནང་དུ་ཁྱོད་ནི་བུམ་ནང་ལ་བསྙལ་ཟིན་པའི་མེ་ཏོག་ཅིག་ལྟར།   ད་དུང་ཁ་དོག་དང་དྲི་བསུང་ལྡང་ངེས་ན།  ད་ལྟ་ངས་འབྲི་བཞིན་པའི་ཡིག་འབྲུ་རེ་རེ་ལ་ཞུགས་དང་།   མུ་ཏིག་གི་འཇིག་རྟེན་ལྟ་བུའི་ས་སྲོད་དང་ཞོགས་པ་རེ་རེར་འུ་གཉིས་ཀྱིས་ལྷན་དུ་རོལ་ན་སྙམ།   ཕྱིར་ལོག་མི་ཐུབ་པའི་ལོ་ཟླ་རེ་རེ་ཟིན་ཐོར་བཀོད་ན་སྙམ།  

ད་ནི་མཚན་མོའི་ཆུ་ཚོད་གཉིས་པར་སླེབས་ལ་ཉེ།  རང་ཉིད་གཅིག་པོས་བསམ་གཞིག་གི་མགོ་བོ་ནང་དུ་བཀུག་ནས་ཡུན་རིང་འགོར་འདུག  ད་དུང་སྐར་མ་ཁ་ཤས་ལ་འབྲི་བཞིན་པའི་ལྷུག་རྩོམ་འདིའི་མཇུག་བསྡུ་ཐབས་མི་འདུག་མོད།  ད་ནི་ངལ་དུབ་ཀྱིས་མནར་བའི་ཚོར་བ་ཞིག་ལས་གཞན་གང་ཡང་བྲི་རྒྱུ་མི་འདུག  ཡང་ན་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པས་ད་དུང་བཤད་མ་ཚར་བ་ལྟ་བུའི་སྣེ་མོ་ཞིག་དང་།  ཅི་ཡང་བཤད་རྒྱུ་མི་རྙེད་པའི་སྟོང་སྣང་ཞིག་གིས་དུབ་བྱུང་།  ལྷུག་རྩོམ་འདིའི་མགོ་རྔ་བར་གསུམ་དུ་ཚོར་བའི་ཟིན་དང་མ་ཟིན་གྱི་ཆ་ལ།   གང་ཞིག་ནས་ཁ་གསབ་བྱེད་དགོས་པ་དང་།  གང་ཞིག་ནས་གཅོད་གཏུབ་བྱེད་དགོས་པའང་མི་ཤེས་པའི་ཐེ་ཚོད་ཀྱི་ཆ་ཞིག་ངང་གིས་སྐྱེས་བྱུང་།  བཅོས་སྒྲུང་དང་བློ་བཟོ་ཞིག་མ་ཡིན་པར་འདས་མ་ད་གསུམ་གྱི་དགའ་སྐྱོ་ཟུང་འབྲེལ་ནི་དགེ་མཚན་ཞིག་ལ་བལྟས་ཏེ།   རྩོམ་མཇུག་བསྡུས་པ་ནི་རང་སེམས་ཀྱི་ངལ་གསོ་ཡག་པོ་ཞིག་རེད།

གཞན་ཡང་།  ང་ཡི་སྔོ་བསངས་ཀྱི་ནམ་མཁའ་སྔར་བཞིན་དྭངས་པར་གྱིས་དང་།  ཁྱོད་ཀྱི་རྨི་ལམ་གྱི་ཟླ་བ་དཀར་པོ་མཆོར་སྒེག་ངང་གསལ་ཤོག    
                            ༢༠༡༩      ༡༣ 
                              རྩོམ་སྒྲིག་པ། མྱི་གསར་བ།