མཐའ་མཇུག་ལྟ་བུའི་མེ་ལྕེ་དང་མྱ་ངན།

    རྩོམ་པ་པོ། ཆབ་རོམ།


མཐའ་མཇུག་ལྟ་བུའི་མེ་ལྕེ་དང་མྱ་ངན།

                              ཆབ་རོམ། གཙང་སྐོར།


 ལོ་ཟླ་འདི་དག་གི་རིང་ལ་ང་རང་ཐང་སྟོང་དུ་འདུག་པར་གོམས་ཤིང་མཚན་མོར་བུད་ཤིང་བཏུས་ཏེ་མྱེ་སྒོང་རྒྱག་པར་ལོབ་འདུག  མྱེ་ལྕེ་དང་ལྷན་དུ་སྐད་གསེང་མཐོན་པོས་སྙན་ངག་གྱེར་བར་དགའ་ཞིང་སོལ་བ་དང་མཉམ་པོར་ངོ་གདོང་ལག་པས་བཀབ་སྟེ་ངུ་དགོད་བྱས་པ་ཡིན།  འདི་ནི་ལོ་ཟླ་འདི་དག་གི་ངའི་འཚོ་བ་ཡིན་ཡིན་འདྲ་ལ་འདི་ནི་ལོ་ཟླ་འདི་དག་གིས་ང་ལ་བསྩལ་པའི་ཁེར་རྐྱང་གི་རང་བྱུང་ཁམས་ཆེན་པོ་ཡིན་ཡང་གཤིས།  

དོ་དགོང་ཡང་ལོ་སྔོན་མ་དང་ཟླ་སྔོན་མ་ནང་ལྟར་མཚན་མོ་ཐང་སྟོང་དུ་སོང་སྟེ་མྱེ་སྒོང་བརྒྱབ་པ་ཡིན།  ཆར་ནང་གི་མེ་ལྕེ་ནི་སུ་ཞིག་གི་མིག་ཆུས་ང་ཡི་ངོ་གདོང་སྲེག་འགྲོ་བ་ལྟ་བུའི་སེམས་ཁྲལ་ལྷག་མ་ཞིག་རེད་ཨང་།  སྤུན་ཟླ་དེ་དག་གིས་ནང་སེམས་མཚོན་པའི་གཞས་ཚན་པ་རེ་རེ་གྲགས་དུས་ང་ཡི་ནང་སེམས་མཚོན་བྱེད་ཀྱི་གཞས་དང་ཐ་སྙད་དག་གང་དུ་སྤུར་ཟིན།  ཡང་ན་དུས་རྒྱུན་སྙན་ངག་ཡིན་ནོ་སྙམ་པའི་ཐ་སྙད་དེ་དག་གི་ཚོར་བའི་བླ་རྐང་ཡང་གང་དུ་སྦས་སོང་བ་རེད། ད་ལྟ་ང་ལ་ཅི་ཡང་མི་འདུག  ཀྱེ་ཀྱེ། ང་ཡི་དབྱངས་ཅན་ལྷ་གང་དུ་བཞུགས་སམ།
 

ཆར་ཐིགས་དེ་དག་མེ་ལྕེའི་ཚེ་སྲོག་ཏུ་ལྷུང་བ་དེས་ངས་ཡིད་དུ་འོང་བའི་གཞོན་པ་མང་པོ་ཞིག་གི་རང་དབང་གི་སྐྲ་ལོ་དྲན་ཞིང་། འུ་ཐུག་པའི་ཁོར་ཡུག་འདིའི་སྐད་ཡིག་གི་འཆི་སྐད་དྲན་པར་བྱས།  ངས་ནམ་རྒྱུན་བག་ཡངས་སུ་རྒྱུ་བའི་མཐོ་སྒང་གི་རྩྭ་ཐང་ཞིག་ཏུ་ཁྱོད་དང་མཉམ་པོར་འཇིག་རྟེན་འདིའི་ཚེ་རྔ་སྐྱོང་ན་འདོད་མོད། ལས་དབང་ནི་བསམ་དང་ན་འགྲུབ་འགྲོ་བ་ཞིག་རྩ་བ་ནས་མིན་པས། ང་ཡང་སྤྱི་ཚོགས་ཀྱི་བས་མཐའ་ཞིག་ནས་ཁྱི་ལྟ་བུའི་སྐྱེ་བ་ལེན་དགོས་པ་འདྲ་སྙམ་ན་ངའི་གཞོན་པའི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་བོ་འདར་སིག་སིག་མི་བྱེད་ཐབས་མེད་རེད། 

དོ་དགོང་གི་མེ་ལྕེ་འདི་ཡང་ངའི་སྐྱེ་བ་འདིའི་ཐང་སྟོང་གི་མེ་ལྕེ་མཐའ་མ་ཨེ་ཡིན་སྙམ་ན་དངངས་ཤིང་འདར་བའི་ཚོར་བ་འདིས་ང་ཡི་ཡུལ་ལྗོངས་ཀྱི་རི་ཆུ་ནགས་གསུམ་དཀྲུགས་སོང་།  ཆེས་མཐའ་མཇུག་ལྟ་བུའི་མེ་ལྕེ་འདི་ལ་སེམས་པས་རེག་ཙམ་གྱིས་ལོ་ཟླ་འདི་དག་ཅིག་ཅར་དུ་དྲན་པར་བྱས་ཤིང་ཡིད་དུ་འོང་བའི་བརྩེ་དུང་གི་ཕམ་ཉེས་ཆེན་པོ་དེའང་སྐད་ཅིག་ཏུ་ཞེ་ན་ལྡེམ།  ལོ་ཟླ་འདི་གའི་རིང་ངའི་ནང་སེམས་ཀྱི་འགྲོ་འདུག་སྤྱོད་གསུམ་ནི་སྙན་ངག་ཅེས་པའི་བུད་མེད་གཞང་བཙོང་མ་དེའི་མཚན་མའི་ཁ་ནས་མ་ཐར་བའི་སྡིག་སྒྲིབ་ཀྱི་ལྕགས་དྲ་ཡིན་ཡང་འདྲ་ལ། ཁོ་མོའི་འཇིག་རྟེན་དེ་ཉམས་སུ་བླངས་པའི་བདེ་བ་དཔག་ཏུ་མེད་པའི་གོ་འཕང་གི་མཛེས་སྡུག་ཡིན་ཡང་སྲིད།  

དོ་ནུབ་ངས་འདི་ལྟར་དྲན་སྲིད་དེ་ང་ལ་རེ་བ་ཞིག་ཡོད་པ་ནི་ཕྱིར་ཕ་ཡུལ་དུ་ལོག་ནས་ནང་སེམས་མཐུན་པའི་གྲོགས་པོ་རེ་གཉིས་དང་ལྷན་དུ། ད་དུང་ངའི་སྙིང་ཉེ་བའི་མེ་ལྕེ་འདིའི་མཛེས་སྡུག་ཀློང་ནས་བུད་མེད་གླེང་ཞིང་སྙན་ངག་བྲི་བར་འདོད།  རེད་དེ་ང་ལ་ད་དུང་ཞེས་པའི་སྐད་ཆ་ཞིག་ཡོད་པར་ཡིད་ཆེས་འབྱུང་དཀའ་བས་ངས་ཤིན་ཏུ་འཁྱག་པའི་ནང་སེམས་དང་ལག་ཟུང་སྲོ་ཐབས་མ་བྱུང་། 
                   
༢༠༡༩..༢༨ནུབ་མོ།  


སྙིང་ཉེ། ཟླ་གསུམ་པ་འདི་དྲན་གདུང་ཁོ་ན་རེད།


སྙིང་ཉེ།  ལོ་ཟླས་མི་ཁྱོགས་པའི་སྐྱོ་སྡུག་གི་སྨྲེང་བ་ཞིག་སེམས་སུ་ཉར་ཏེ་ནམ་སྐྱ་མོའི་སྐྱ་མདའ་ལངས་དུས་ངས་གདུང་བ་གང་མང་གི་སྔམ་པ་ཁུར་ནས་ཁྱོད་དང་རྒྱང་ཐག་རིང་ས་ཞིག་ཏུ་བུད་སོང་བ་རེད།  ལས་ཀྱིས་བསྐོས་པའི་དུས་ཚོད་ཀྱི་བར་ཐག་རེ་རེ་དྲན་གདུང་ལ་བསྟིམས་པའི་སྐྱོ་ངལ་གྱི་བཞུར་རྒྱུན་ཡིན་པ་འདི་ཞེ་འདང་གི་འཇིངས་སུ་ཟུག་པའི་ཁྱོད་དང་ངའི་བརྩེ་བའི་དཔང་རྟགས་ཡིན་ཆོག   ནངས་མོ་དེར་ས་གཞིས་གོས་དཀར་གྱི་འདབ་མ་བཀླུབས་ཤིང་ངའི་རླངས་འཁོར་གྱི་མདུན་ཤེལ་ངོས་ལའང་ཁ་བའི་འདབ་མ་འཐོར་འདུག་པས་མཐོང་ལམ་ལ་འགོག་པ་མེད་ཕྱིར། ཁྱོད་ཀྱིས་ཧ་ཅང་སེམས་ཆུང་གིས་འདབ་མ་རེ་རེ་བརྩེ་སེམས་ཀྱིས་བཞབས་སོང་།  མིག་མཐའ་མཆི་མའི་བསྐོར་ཞིང་ཡིད་གདུང་སྨྲེང་ལ་འདྲེས་པའི་ཁྱོད་ཀྱི་ངོ་གདོང་ལ་ལན་འགར་བལྟས་རྗེས་ངས་དྲན་གདུང་གི་རི་རབ་ཁུར་ནས་འགྲོ་དགོས་བྱུང་།  ཁྱོད་ཀྱིས་ཧ་ཅང་ཡིད་སྐྱོ་ངག་གཉོམ་གྱི་ཁྲོད་ནསལམ་ནས་སེམས་ཆུང་ཤེས་ཁངས་ནང་ནས་ཤུད་ནི་རེད། ཐོན་ན་ཁ་པར་ཤོགཟེར་བའི་སྐྱོ་གདུང་གི་སེམས་ཁྲལ་འདི་སྙིང་ལ་ཉར་ནས་ཁངས་དར་གྱི་བམ་ཁ་མཐུག་པའི་བགྲོད་ལམ་རེ་རེ་འཕྲེད་ཀྱིས་བཅད་དེ་གནས་གང་དེའི་ལམ་སྣེ་ལ་རང་ལམ་རྡོག་གིས་བརྫིས་པ་ཡིན།  འགྲུལ་ལམ་སྐྱོ་བས་མནན་ཏེ་རང་སེམས་འགོག་མི་ཐུབ་པའི་བར་སྐབས་ཀྱི་གདུང་བ་རེ་རེ་གྲོགས་པོས་ཁ་མཚར་དུའང་དྲངས་སོང་སྐད།   ང་རང་རབ་རིབ་དང་མག་མོག་གི་གསེབ་ཏུ་མགོ་བོ་ནག་འཐོམ་མེར་མི་འདུག་ཀ་མེད་བྱུང་།  

སྙིང་ཉེ།  མདང་ནུབ་ཡང་བརྡ་འཕྲིན་གྱི་སིལ་སྒྲ་དང་ལྷན་དུམིག་ཁྲ་ཆུང་ལྟ་ས་ཁྱོད་ཡིན། སེམས་སྙིང་གཏམ་བཤད་ས་ཁྱོདཡིན་ཟེར་བའི་དམངས་ཁྲོད་ལ་གཞས་ཤིག་དང་ལྷན་དུ་ཁྱོད་ཀྱི་བརྙན་ཐུང་ཞིག་བསྐུར་ཡོད་པ་མཐོང་བས་ངས་ཡིད་སེམས་རབ་ཏུ་སྐྱོ་སྟེ་ཁྱོད་ཀྱི་ངོ་གདོང་གི་སྨྲེང་སྐྱོ་ལ་ལན་འགར་བལྟས་པ་ཡིན།  ཁེར་རྐྱང་གི་གདུང་བའི་རབ་ཁ་ན་འཚོ་བའི་རང་ཅག་གི་ལས་སྐལ་འདི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང་།   ཉི་ནུབ་དང་ལྷན་དུ་བསྡོངས་པའི་ཁ་བའི་འདབ་མ་རེ་རེ་ངའི་སྐྱོ་སྡུག་གི་གདོང་ལ་ལྷུང་དུས་ཤིན་ཏུ་ཐང་ཆད་པའི་ཟོལ་གྱིས་ཁྱོད་ཀྱི་མིག་ཆུའི་ཐིགས་པ་རེ་རེ་ངས་ཚོར་བའི་རྩ་ལམ་ན་རྒྱུ་བའི་དྲན་གདུང་གི་སྣང་བརྙན་ངོས་སུ་བཞུར་གྱིན་པ་འདྲ།  སྙིང་ཉེ། ཁྱོད་ཀྱིས་ཡིད་གདུང་གི་སྨྲེང་བ་པང་དུ་བླངས་ནས་ཉི་ནུབ་ལ་རྒྱང་ལྟ་བྱེད་ཀྱིན་ཡོད་དམ།  ཁྱོད་ཀྱིས་བཤད་ནཁྱོད་རང་སྐུད་ལམ་དང་རིང་དུ་གྱེས་སོང་ན་ངའི་ཁ་པར་གྱི་ཕྱི་ནང་ཚང་མ་སྟོང་ལྷང་ངེ་རེདཟེར།  ཏག་ཏག་འུ་གཉིས་ལས་ཀྱི་ཞགས་པ་དཀར་པོས་བརྩེ་སེམས་ཀྱི་དཔུང་རོགས་ལ་བཀུག་པ་བདེན་ན་ཡང་།  དམིགས་ཡུལ་གང་ཞིག་གིས་གྱེས་བྲལ་གྱི་གདུང་བ་སྨྲེང་ལ་བསུས་པ་འདིའང་ཞེ་འདང་སྟོང་གི་རབ་ཁ་ན་གདུ་བའི་མིག་ཆུའི་མུ་ཏིག་གི་བསྟར་ཁ་པང་ལ་འཐོར་བ་ཅིས་མིན།  

སྙིང་ཉེ།  དོ་ནུབ་ཡང་ཁ་བ་ཉིན་བཞིན་བབས་པའི་མཚན་མོ་ཞིག་རེད།  ཙག་རླུང་དང་སྨྲེང་སེམས་ཀྱི་རབ་ཁ་རབ་ཏུ་མཐུག་དུས་ཤིག་རེད།  ངས་ཉི་ནུབ་ཀྱི་མཛེས་སྡུག་ཅིག་འབྲི་བཞེངས་བྱས་ཤིང་ཁྱོད་རང་མཚོན་པའི་སྙན་ངག་ཅིག་གི་དཀྱིལ་འཁོར་དུ་བཏབ་པ་ཡིན།  ནམ་རྒྱུན་དང་འདྲ་བའི་ས་སྲོད་རེ་རེའི་སྨྲེང་སེམས་དག་ལྷན་དུ་བཏུས་ཏེ་ཉི་ནུབ་དེར་ཤོག་བྱ་རུ་གཏོང་འདོད།  ཤོག་བྱ་དེ་ཕྱེ་མ་ལེབ་ཅིག་གི་ཟོལ་གྱིས་ཁྱོད་དང་ངའི་བརྩེ་བའི་སྒལ་གཞུང་དུ་བབས་ཤིང་ཉི་ནུབ་དེའི་འཇིག་རྟེན་ལོངས་སུ་སྤྱོད་བཞིན་པ་བྲིས།  དོ་ནུབ་ཀྱི་འཇིག་རྟེན་ནི་ཅི་འདྲའི་ལྷུན་ཞིང་འཇགས་པ་ལ།  ཁ་བ་དག་ལྷུང་ལྷུང་དུ་བབས་ནའང་བུ་ཡུག་གི་ནང་སེམས་ཤིན་ཏུ་འཇགས།   ཁྱོད་རང་ཁ་བའི་ཟོལ་གྱིས་ངའི་ངོ་གདོང་ལ་ཧ་ཅང་བརྩེ་སེམས་ཀྱིས་བབས་ཡོད་ཀྱང་སྲིད་སྙམ་ན་ང་ཁ་བའི་ནང་དུ་རྡོག་འགོ་སྤོ་བར་དོགས། སྙིང་ཉེ།  ཟླ་གསུམ་པ་འདི་མི་སེམས་ལ་སྨྲེང་བ་འཐིབ་པའི་དུས་ཚིགས་ཤིག་ཡིན་པ་བརྗེད་མེད་ལ།  ངས་སྡུག་ཡུས་དང་སྨྲེང་སེམས་ཁུར་ནས་ལམ་ཁ་མི་རྙེད་པའི་གནས་ཚང་ཞིག་ན་ཁྱོད་དང་ངའི་བར་ཐག་དྲན་ཞིང་། སྤུན་ཟླ་དེ་དག་གི་འཆི་རྐྱེན་དྲན་ནས་བདོག  ལོ་ཟླའི་སྡུག་གཏམ་ལ་སེམས་པ་ཁེན་ནས་ཉིན་ཞག་གྲངས་མེད་ཀྱི་མནར་གཅོད་དེ་དག་ཐ་སྙད་ཀྱི་གཙག་དྲུབ་ལ་ཚེམ་དུས་ང་ད་དུང་ཉི་ནུབ་ཀྱི་ལྷས་སུ་འབྱོར་མེད།  སྙིང་ཉེ་དྲན་པ་དང་དྲན་པའི་མ་ཕྱི་ཉར་བའི་གདུང་བ་འདི་ཤིན་ཏུ་འཁྱག
              
༢༠༡༩..༨ཉིན་བུད་མེད་དུས་ཆེན་དང་འབྲེལ་ཏེ་དགའ་མར་སྦྱར།
                                     
རྩོམ་སྒྲིག་པ། མྱི་གསར་བ།