དེ་ནས་བཟུང་། ཉིད་རང་གང་ན་ཡོད།

    རྩོམ་པ་པོ། སྒོ་རང་གྲོལ།


དེ་ནས་བཟུང་། ཉིད་རང་གང་ན་ཡོད།


                སྒོ་རང་གྲོལ། དཀར་མཛེས།


ཉིད་ཀྱིས་ང་ལ་དུ་བ་ཐུམ་དོ་དང་རྐང་ཤུབས་ཆ་གཅིག་ཉོས་ཤིང་།  ངས་མི་ཤེས་ས་ནས་བདག་གི་གོས་སྒམ་ནང་དུ་བཞག་པ་ནས་བཟུང་།  ངས་ཤེས་སོང་བ་ནི།  ཉིད་ཀྱིས་རང་གཉིས་ལ་དབང་མྱོང་ཞིང་ཤིན་དུ་ལྐོག་གྱུར་ཡིན་པའི་འཇིག་རྟེན་ཞིག་མངོན་དུ་ཕུད་སོང་བ་རེད།  དུས་དེ་ནས་བཟུང་། ཉིད་ནི་ཀུ་རེ་དང་ཁ་མཚར་མེད་པའི་ངའི་སེམས་ཀྱི་དགོད་ཡུལ་དང་།   སྙིང་གཏམ་དང་བརྗོད་བྱ་མེད་པའི་ངའི་དྲན་པའི་འཁྲི་ཡུལ་ཙམ་དུ་ཟད།  མདོར་ན།  དུས་དེ་ནས་བཟུང་ཉིད་ནི་ངའི་འཚོ་བའི་བརྗེད་བྱང་ནང་གི་ཐོ་ཡིག་རིང་མོ་ཞིག་ཏུ་གྲུབ་སོང་བ་རེད།

མི་ཕྱེད་པའི་ཉིད་ཀྱི་གཤིས་ཀ་དང་བརྗེད་སྟོར་བྲལ་བའི་ཉིད་ཀྱི་འཛུམ་མདངས།  ད་ལྟ་གང་ཞིག་ན་མེ་ཏོག་གངས་ལྷ་བཞིན་བཞད་ནས་ཡོད་ལ་ལྷ་ཡི་རི་མོ་བཞིན་གསལ་ནས་ཡོད།  དམར་མདངས་ལྡན་ལ་འཇམ་ཤ་དོད་པོའི་ཉིད་ཀྱི་མཆུ་སྒྲོས་འབོལ་འབོལ་དང་།  དེ་ལ་འགྲིག་ཅིང་དཀར་གསལ་ཆེ་བའི་ཉིད་ཀྱི་ཚེམས་ཕྲེང་མཉམ་མཉམ།  ད་རུང་ཡང་གཟི་ཡི་ཕྲ་རྒྱན་འདྲ་བའི་ཉིད་ཀྱི་མིག་རྡོ་ཧྲིལ་ཧྲིལ་དང་། དེའི་མཐའ་ལ་པིར་སྨྱུག་གིས་ཚོན་པ་འདྲ་བའི་ཉིད་ཀྱི་སྨིན་མ་ནག་ཐིང་ཐིང་དེ་སོགས།  མདོར་ན་ཉིད་ཀྱི་ཞལ་ངོ་ལས་ཐོན་པའི་མཛེས་ཆོས་དཔེ་མེད་པ་དེ་དག་ད་ལྟ་གང་ཞིག་ན་སུ་ཞིག་གི་མཐོང་ལམ་དུ་བཀྲག་མདངས་འཚེར་ནས་ཡོད་དམ།

ལྷག་པར་དུ།  ཉིད་ཀྱིས་བདག་ལ་བྱས་པའི་བརྩེ་སྐྱོང་དང་རོགས་རམ་སོགས་ཀྱང་།   སྐད་ཅིག་མར་སྐར་མདའ་བཞིན་བདག་གི་འཚོ་བའི་བར་གསེང་ནས་གང་ཞིག་ལ་ཡལ་འགྲོ།  ཉིད་ཀྱིས་ངའི་ཁང་ཁྱིམ་གྲུ་བཞིའི་ནང་རོལ་དུ་ཡུན་རིང་འབེབས་མྱོང་བའི་བརྩེ་གདུང་དང་དྲོད་ཁོལ་མོད་པོ་དེ་དག་ཀྱང་།  ད་ནས་བཟུང་སྒྱུ་ལུས་ཀྱི་ཟུངས་ཁྲག་སྐམ་པ་ལྟར་གང་ཞིག་ལ་ཐིམ་ནས་མེད་པར་འགྱུར་འགྲོ།ཉིད་ཀྱིས་ནམ་རྒྱུན་ཁྱིམ་ལས་ཙག་ཙིག་ཅིག་གི་མཚམས་མི་འཇོག་པར་ཞོར་དུ་ང་ལ་ཞབས་ཞུ་གང་ལེགས་སྒྲུབ་པ་དང་།  ཁྱིམ་ལ་སླེབས་པའི་མགྲོན་པོ་རེ་རེ་ལ་ཡང་།གུས་པའི་ཉམས་ཀྱིས་ཁ་ལག་གང་ཞིམ་དང་གང་གཙང་ཕུལ་བར་བྱེད་པའི་ཁྱད་གཤིས་དེ་དག་ཀྱང་།  ད་ལྟ་གང་ཞིག་ན་སུ་ཞིག་གི་ཁྱིམ་དུ་བསོད་ནམས་འཕེལ་གྱིན་ཡོད་དམ། 

དྲང་མོར་བརྗོད་ན།  ཉིད་ཀྱིས་ང་ལ་དུ་བ་མ་འཐེན་ཞེས་སྐུལ་བ་ཙམ་མིན་པར།དུ་བ་ཉོ་བར་ཡང་ཚད་བཀག་ནན་མོ་བྱས་པ་དང་།  དུ་བ་འཐེན་ན་ལུས་ཁམས་ལ་མི་བཟང་བའི་གཏམ་ཡང་ནན་པ་བཤད་ཀྱིན་ཡོད་པ་མིན་ནམ།  མ་གཞི།  ཉིད་ཀྱིས་བདག་གི་རྐང་ཤུབས་དང་གྱོན་གོས་མཐའ་དག་གཙང་བཀྲུས་བྱས་པ་ཙམ་ཡང་མིན་པར།  ནམ་རྒྱུན་རྐང་པ་དང་ཁ་ལག་བཀྲུ་རུ་འཇུག་པ་དང་ཞོགས་ཟས་དུས་ལྟར་བཟའ་རུ་བཅུག་ནས།  གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་པར་ཡང་རེ་བ་ཆེན་པོ་འདོན་གྱིན་ཡོད་པ་མིན་ནམ།  མདོར་ན་ང་ཡི་ལུས་པོ་ཉིད་ཀྱི་ཡིན་ཞེས་ང་ལ་ལན་མང་བཟླས་པ་ཡང་།  ད་ལྟ་གང་ཞིག་ན་སུ་ཞིག་གི་ཉན་བྱེད་ཀྱི་དབང་པོར་འཁོར་ནས་ཡོད་སྲིད་དམ།

ངས་ནམ་རྒྱུན་འཕྲིན་ཕྲན་གྱི་གྲོགས་ཚོམས་ནས་ཉིད་ཀྱི་གྲགས་འགུལ་ལ་ཚད་ལས་བརྒལ་བའི་ཁ་ཡ་བྱས་པ་དང་།  དེ་དག་ལ་སྙིང་རྟགས་བཀོད་ཅིང་དཔྱད་གླེང་ཐུང་ཐུང་རེ་འབྲི་ཐུབ་པ་ནི་བདག་གི་ཆེས་དགའ་རིན་ཡོད་པའི་དོན་འབྲས་སུ་བརྩིས།  ནམ་རྒྱུན་ཞོགས་པ་དང་དགོང་མོ་རེ་རེའི་ཁེར་རྐྱང་གི་འཚོ་བའི་དུས་སྐབས་དག་ལ།  ངས་ཁྱེད་ཉིད་བརྗོད་གཞི་བྱས་པའི་སྙན་ངག་གྲངས་མེད་བྲིས་པ་ཡང་།  ཁྱེད་ཉིད་ལ་གུས་པས་དྲིན་ལན་གསབ་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཏུ་བརྩིས།  ཉིད་ཀྱིས་གནང་བའི་བཅའ་དངོས་ཆེ་ཆུང་འདྲ་མིན་དང་ཉིད་ཀྱིས་ཉོས་པའི་གྱོན་གོས་སྲབ་མཐུག་མང་པོ་ཞིག ངས་ནམ་རྒྱུན་གྲལ་དག་དྲི་དག་པའི་སྒོ་ནས་ཉར་བཞིན་དེ་དག་ལ་གསེར་ཀོང་ལྟ་བུའི་འདང་ཞིག་བཟུང་བ་ཡང་།  ཁྱེད་ཉིད་ལ་གུས་པས་བརྩི་བཀུར་མཚོན་བྱེད་དང་མཐོང་ཆེན་བྱེད་ཐབས་ལེགས་ཤོས་དེ་ལ་བརྩིས།

ནམ་རྒྱུན་སྐྱེས་པ་ཚོས་བུད་མེད་མཆོག་གི་སྒེག་ཆོས་དང་གཤིས་སྤྱོད།  ངང་རྒྱུད་དང་བློ་ཁོག་སོགས་གླེང་བར་བྱེད་པ་ཐམས་ཅད་ཀྱང་།  བདག་གིས་ཉིད་ཀྱི་སྐུ་ལུས་རིན་ཆེན་གྱི་ངོས་དང་འཚོ་བའི་ཞིང་ཁམས་ཀྱི་ནང་ནས་མངོན་པར་མཐོང་མྱོང་བ་དང་དངོས་སུ་འཚོལ་རྙེད་བྱས་མྱོང་བ་མ་ཡིན་ནམ།  སྐལ་བ་སྟོང་ལ་བསྒུག་ཀྱང་ད་གཟོད་འཕགས་པ་གཅིག་ལས་མི་འཁྲུངས་ཞེས་པ་ལྟར།  སྐྱེ་རབས་གཅིག་ལ་བསྒུག་ཀྱང་ཁྱེད་ཉིད་ལྟ་བུའི་ལྷ་མོ་ཞིག་ནི་འཁྲུངས་མིན་ཐེ་ཚོམ་གྱི་གནས་སུ་འདུག 

གང་ལྟར།  རང་གི་གློ་བ་ན་ཡོད་པའི་འོད་ཀྱི་ལྷ་ཁང་ཞིག་ཐག་རིང་གི་གྱང་རྩིག་ཏུ་གྱུར་བ་ནས་བཟུང་། ཡང་ན།  རང་གི་མིག་མདུན་ན་ཡོད་པའི་ལས་ཀྱི་མཛངས་མ་ཞིག་སེམས་ནང་གི་ལྷ་མོ་རུ་གྱུར་བ་ནས་བཟུང་། ངའི་ཨ་སྔོན་ལྟ་བུའི་རང་དབང་དང་བདེ་སྐྱིད་ཀྱི་བར་སྟོང་ཡངས་པོ་ཞིག་འབྲུག་སྒྲ་ལྡིར་ལྡིར་དང་གློག་དམར་ལམ་ལམ་གྱིས་བཀང་སོང་བ་བཞིན།  ཕྱི་ནང་ལུས་སེམས་ཐམས་ཅད་ཁོམ་མེད་པ་དང་གནས་མེད་པ་ཞིག་ཏུ་བསྒྱུར་སོང་བ་མ་ཡིན་ནམ།  མདོར་ན་དུས་དེ་ནས་བཟུང་།  ཁྱེད་རང་གང་ན་ཡོད།
སྒོ་རང་གྲོལ། སི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་རྫོང་།
                ལས་ཁུངས། བྲག་འགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་།
                ཁ་པར་དང་འཕྲིན་ཕྲན། 18783636824

                                   རྩོམ་སྒྲིག་པ། མྱི་གསར་བ།