ངའི་འཆར་སྣང་ཀློང་གི་ཕ་ཡུལ་གྱི་དབྱར་ཁ།

    རྩོམ་པ་པ། རྩེ་ཉི་འཆར།


ངའི་འཆར་སྣང་ཀློང་གི་ཕ་ཡུལ་གྱི་དབྱར་ཁ།


                           རྩེ་ཉི་འཆར།
                               ༡
          ང་རང་དབྱར་ཁ་ལ་དགའ་བོ་ཡོད།   ང་ལ་མཚོན་ན་དབྱར་ཁ་ནི་ལོ་གཅིག་དུས་བཞིའི་ནང་ཆེས་སྤྲོ་སྣང་འཕེལ་ཆེ་བ་དང་དགའ་འབོད་འཆོར་མང་བའི་དུས་ཚིགས་ཤིག་ཡིན།  མི་ཚོས་ང་ལ་དྲི་བ་མང་མང་ཞིག་འདྲི་ཡོང་གི་འདུག   ཁྱེད་རང་ཅི་ཕྱིར་དབྱར་ཁ་ལ་དགའ་བ་ཡིན་ཟེར།  ཡང་ན་དབྱར་ཁའི་ཁ་དོག་ཅི་འདྲ་ཞིག་གིས་ཁྱེད་ཀྱི་སེམས་པ་འཕྲོག་སོང་བ་རེད་ཟེར།  དེ་ལྟར།  ང་རང་དབྱར་ཁ་ལ་དགའ་དགོས་པའི་རྒྱུ་མཚན་ནི།འདས་ཟིན་པའི་སོས་ཀ་ལ་ང་རང་ཧ་ཅང་སྡང་བའི་ཡིན་སྲིད་ལ།   ལྗང་མདོག་གི་སྤང་ལྗོངས་ལ་ཞེན་པ་ཆེ་བའི་ཡིན་ཤས་ཆེ། ཡང་ན་ངའི་སེམས་ཁམས་དང་དབྱར་ཁའི་ལྗོངས་རྒྱུ་དེ་དག་དང་མཐུན་ཆེ་བའི་ཡིན་ཡང་སྲིད།    
          ང་རང་ནར་སོན་པའི་གོ་རིམ་ནང་བརྗེད་དཀའ་བའི་འདས་དོན་མང་པོ་ཡོད།  མི་མང་པོ་ཞིག་གི་འཁྲུལ་སྣང་དུ་རང་ཉིད་སླར་བྱིས་དུས་སུ་སྐྱར་ལོག་ཐུབ་ན་བདེ་སྐྱིད་ཅིག་དང་བསོད་ནམས་ཤིག་ཏུ་འདོད་ཀྱིན་ཡོད།   འོན་ཀྱང་དེ་ནི་མི་སྲིད་པ་ཞིག་རེད། ངའི་ཕྱིར་དྲན་གྱི་ཀློང་ན་དབྱར་ཁར་སྤང་ལྗོངས་སུ་རྩེད་འཇོ་ལ་རོལ་བའི་རྣམ་པ་དང་མེ་ཏོག་འཐུ་བ།   ཆར་ཁྲོད་དུ་རྒྱུགས་པ།   བེའུ་དང་ལུ་གུ་མཉམ་དུ་གླུ་ལ་རྩེན་པ་སོགས་ནི་ད་ལྟར་སེམས་དུས་ཆེས་སྤྲོ་སྣང་ཆེ་ཤོས་ཤིག་ཏུ་འཇོག་རུང་།   ཚེ་གང་གི་བསོད་ནམས་ཤིག་ཏུའང་མངའ་ཆོག   ལ་ལའི་བསམ་པར་བྱིས་དུས་ཀྱི་སྤྲོ་སྣང་ལས་བསོད་ནམས་ཆེ་བའི་གནས་ག་གེ་མོ་ཡོད་པར་ངོས་འཛིན་ཡག་པ་ཡོད་ངེས་པར་འདོད་ཀྱིན་ཡོད་ངེས།  ང་རང་གི་བསམ་བློའི་ནང་བྱིས་དུས་ཀྱི་སྤྲོ་སྣང་ནི་ངའི་འཆར་སྣང་ཀློང་གི་དབྱར་གཞུང་དང་གཅིག་མཚུངས་ཡིན།
                               
  ༢  
 འབྲུག་སྐད་བསྒྲགས་པ་དང་ཆར་པ་བབས་པ།   འཇའ་ཚོན་འཆར་བ་དང་སྤྲིན་འགྱུར་ཆེ་བ།  མེ་ཏོག་བཞད་པ་དང་ས་འབུ་འགུལ་བ།  བེའུ་ཁྲིད་པ་དང་ནོར་ལུག་ཤ་ཤེད་རྒྱས་པ་སོགས་ནི་དབྱར་ཁ་མངོན་ཚུལ་ཞིག་རེད།   ང་རང་བྱིས་དུས་འབྲོག་ས་ནས་འཚར་ལོངས་བྱུང་སྟབས་འབྲོག་སའི་དབྱར་ཁ་ཧ་ཅང་ཧ་ཅང་གི་སྐྱིད་པོ་ཡོད།  ང་ཚོས་དེར་ཟོག་རོང་ལ་ཐོན་འགྲོ་བའམ་ནོར་རོང་ལ་ཐོན་ནས་ནོར་ལུག་འཚོ་བའི་རི་སྒང་གི་འཚོ་བ་དམིགས་བསལ་ཞིག་རེད།   འབྲོག་ཕྲུག་ཕལ་མོ་ཆེར་འཚོ་བ་དེ་འདྲ་སྐྱེལ་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད།    ང་རང་ནོར་སོན་ནས་འཚོ་བ་དེ་དང་བར་ཐག་རིང་ནས་རིང་དུ་བསྐྱེད་དགོས་བྱུང་སོང་བ་རེད།  
         ངས་ད་ལྟ་ཕ་མ་གཉིས་ཀྱི་འཚོ་བ་ཧ་ཅང་སྨོན་གྱི་ཡོད།   ཁོང་རྣམ་གཉིས་ཡིག་རྨོངས་ཤིག་ཡིན་རུང་།  ཁྱིམ་ཚང་གི་འཁོས་ཀ་ཀུན་གྱིས་སྨོན་ས་ཞིག་ཏུ་ཆགས་མེད་རུང་།  འཕྱ་དམོད་དང་ཟུར་ཟ་བྱེད་སའི་ཁྱིམ་ཞིག་སྐྲུན་མེད།   ཁོང་གཉིས་ཀྱིས་ཡི་གེའི་སྦྱོར་ཀློག་མི་ཤེས་རུང་ང་ལ་སློབ་སྦྱོང་བྱེད་དགོས་པ་དང་རིག་གནས་སྦྱོང་དགོས་པའི་གདམས་པ་ཆད་མ་མྱོང་།   ཏག་ཏག་ནམ་ཟླ་དབྱར་ཁ་ཟིན་པ་རེད།   ཕ་མ་གཉིས་ཀྱི་གཉེར་སྐྱོང་འོག་ད་ལོའི་ནོར་ལུག་ལ་གོས་ཁ་མ་བྱུང་ཟེར།  ད་ནི་དབྱར་ཁ་ཟིན་ཚར་བས་གོ་ཐོས་སུ་ཕ་ཡུལ་གྱི་དབྱར་ཁ་ན་ནིངས་ལས་མཚར་སྡུག་ལྡན་པ་ཞིག་རེད་ཟེར།  གང་ལྟར། དབྱར་ཁ་ཟིན་མཚམས་སུ་ནོར་ལུག་ལ་དགུན་ཁ་དང་འདྲ་བའི་གཡོག་རྒྱུགས་པ་མ་རེད།     ཨ་ཕ་ཆུང་བྱིས་པ་ནས་ད་ལྟའི་བར་དུ་འབྲོག་ཕྲུག་རྣལ་མ་ཞིག་གི་ཚུལ་དུ་འཚར་ལོངས་བྱུང་ཡོད། ཁོང་ལ་ཉམས་མྱོང་ཧ་ཅང་གི་ཕུན་སུམ་ཚོགས་པོ་ཡོད།  ང་རང་ཆུང་དུས་སུ་ཨ་ཕ་དང་མཉམ་དུ་ནམ་ཟླ་འདི་ལ་གཡག་རྫི་འགྲོ་མྱོང་།  ད་དུང་།    ངེད་ཚང་ཁྱི་གུ་ཆུང་ཆུང་དང་ང་མཉམ་དུ་འཚར་ལོངས་བྱུང་བ་རེད།    རི་སྒང་འཚོ་བའི་ཁོ་ནི་ངའི་གྲོགས་པོ་ཡག་ཤོས་སུ་འདོད།    མཚན་མོ་ལྷས་རར་ཉལ་དུས་ཁྱི་གུས་ང་ལྷ་ན་དུ་སྲུང་གི་ཡོད།   ཧ་ཅང་ཧ་ཅང་གི་གཟི་བརྗིད་ཅིག་ཏུ་འདོད་ཀྱིན་ཡོད། སྐབས་དེ་དུས་ཨ་ཕས་ང་ལ་ནོར་ནག་གི་ལོ་ན་རྩི་སྟངས་དང་ཁ་མདོག་དང་སྤུ་ཁ་ལ་བལྟས་ནས་མིང་བཏགས་པ་སོགས་བསླབས་མྱོང་།    ནམ་ཟླ་དབྱར་ཁ་ཚེས་པ་དང་ཨ་ཕས་ང་ལ་ཡོན་ཏན་མང་པོ་སྦྱར་གྱིན་ཡོད་པ་རེད།  
                                  ༣
         ངའི་དྲན་པའི་ངོགས་སུ་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལྷང་ལྷང་དུ་འཆར་གྱིན་གདའ།   རི་རྩེར་་སྨུག་པས་འཁྱུད་ཅིང་གཡོ་འགུལ་ཅི་ཡང་མེད་པར་ལོ་མང་པོ་འཕྲད་མ་མྱོང་ཁྱོ་ཤུག་གཉིས་ད་ལྟ་འཕྲད་ནས་ཕན་ཚུན་འཐམ་འཁྱུད་བྱས་པ་གཉིས་སུ་མེད། ནོར་ལུག་རྣམས་ཞོགས་སྔ་པོ་ནས་རྩྭ་ཐང་དང་མེ་ཏོག་གི་དཀྱིལ་དུ་འཐིམ་ཞིང་རང་དབང་གི་ལྗོངས་རྒྱུ་ལ་མྱོང་རོལ་བྱ་བཞིན་ཡོད།  ངའི་ཕ་ཡུལ་ནི་རི་འདབས་སུ་ཆགས་ཤིང་དབེན་གནས་ཤིག་ཏུ་འདོད།  
                                 

         ང་རང་བྱིས་པ་ཡིན་དུས།     ཕ་ཡུལ་གྱི་འགྲིམ་འགྲུལ་ལ་སྟབས་བདེ་མོ་མེད།  སྐབས་དེ་དུས་རི་སྒང་གི་འཚོ་བར་ལོག་སའི་ལམ་ཕྲན་ནི་ཧ་ཅང་གྱ་མ་གྱུའམ་རྐང་ལམ་ལས་ཅི་ཡང་མེད།   དུས་ཀྱི་འཕོ་འགྱུར་ཁྲོད་རླུང་དམར་འཚུབ་ནས་ལམ་ཕྲན་དེ་དག་ཁོད་ཇེ་སྙོམས་དང་རྒྱ་ཆེ་རུ་བསྐྱེད་ནས་ད་ལྟ་རླངས་འཁོར་ཀྱང་བྲིན་ཆེན་པོ་ཡོད།  སྔོན་མ་ང་རང་ལམ་དེ་དེ་འདྲ་ཟིག་བྱུང་སོང་ན་སྙམ་གྱི་ཡོད།  འོན་ཀྱང་།  ད་གཟོད་ལམ་ཕྲན་དེ་དག་ཁོད་ཆེ་རུ་གཏོང་ཟིན་པས་ངའི་དྲན་པའི་ངོགས་ཀྱི་དབེན་གནས་དེར་འུར་ཆ་ཆེ་རུ་སླེབས་འདུག   ད་གཟོད་ངས་འཕྲུལ་ཆས་དེ་དག་གམ་བཀོད་སྡོམས་པ་དེ་དག་ལ་འཁར་བཞིན་ཡོད།  
                                
   ༥
        ང་རང་བྱིས་པ་ཡིན་དུས།   ངའི་ཕ་ཡུལ་གྱི་དབྱར་ཁ་ནི་སུམ་རྩེན་གནས་དང་གཉིས་སུ་མེད།  ངའི་དྲན་པའི་ངོགས་སུ་གཡག་དེ་དག་གཅིག་ལས་གཅིག་རྒོད་ཅིང་། འབྲོང་གི་རྒྱུད་པ་ཡིན་པའི་བྲོ་བ་སྟེར་མྱོང་།   འབྲི་མོ་དེ་དག་གཅིག་ལས་གཅིག་ཤ་ཤེད་རྒྱས་ལ་སྤུ་ལོ་བཟང་པོ་ཡོད།  དེ་བཞིན།   ཤ་མོ་བརྡོལ་བའི་སྤང་ལྗོངས་དང་མེ་ཏོག་བཞད་པའི་ལྡུམ་ར་དེ་དག་ཡིད་དུ་འོང་བའི་བུད་མེད་ཅིག་དང་འདྲ།  སྦྲ་ནག་གི་དུ་བ་ལང་ལོང་དུ་འཕྱུར་ཞིང་མཁའ་དབྱིངས་ཀྱི་སྤྲིན་པ་འདྲེས་པར་བྱེད།  ཆེས་དྭངས་གཙང་གི་སྡེ་པ་སྟེ།  གཡང་དཀར་ལུག་ཁྱུ་ནི་སྤྲིན་དུམ་བུ་ཐང་ལ་འབབས་པ་དང་འདྲ་ལ་སྐར་ཚོགས་ཐང་ལ་བཀྲམ་པ་དང་གཉིས་སུ་མ་མཆིས།   སྐབས་དེའི་མི་ལ་སྡང་སེམས་དང་འུར་ཆ་མེད་ལ་ཕན་ཚུན་བརྩེ་བ་ཟབ་ཅིང་ཧ་ཅང་དོན་དངོས་སུ་འཚོ་ཤེས།  
                                    

      ང་རང་དབྱར་ཁ་དགའ་བོ་ཡོད་པའི་མ་ཚད་ཕ་ཡུལ་གྱི་དབྱར་གཞུང་ལ་སེམས་པ་འཕྲེང་ཡོད།    ངས་རྒྱང་རིང་ལ་བཅེར་དུས་ཕ་ཡུལ་དུ་དབྱར་ཁ་གཉིས་ཚེས་ཡོད་པ་མཐོང་སོང་།   ང་རང་བྱིས་པའི་དབྱར་ཁ་ཞིག་དང་ང་རང་གཞོན་དུས་ཀྱི་དབྱར་ཁ་ཞིག་ཚེས་ཡོད་པ་དྲན་སོང་།                                   ༣/༧/༢༠༡༨  ཉིན།
                                   
རྩོམ་སྒྲིག་པ། འཕགས་མི།