འཁྱག་སྒམ་ནང་གི་ཤ་རྐང་།

    རྩོམ་པ་པོ། ཉག་གདུང་།


འཁྱག་སྒམ་ནང་གི་ཤ་རྐང་།


                          ཉག་གདུང་།
སྟོང་ལོ་བཅུ་བདུན་གྱི་དབྱར་གནང་སྐབས་སུ་ང་རང་སྤྲོ་བ་དང་བཅས་སློབ་རྭའི་རྒྱ་སྒོ་ལས་བུད་དེ་དྲན་གདུང་གི་རྦ་རླབས་ཤུགས་ཀྱིས་འཕྱོ་སའི་ཕ་ཡུལ་དུ་ཆས་འགོ་བརྩམས།རྒྱང་རིང་ནི་བར་ཐག་ལེ་བར་སྟོང་ཕྲག་གིས་ཆོད་པ་དེ་མ་ཡིན་པར་ཐུག་འདོད་དང་མཐོང་འདོད་ཀྱི་སྙིང་ཉེ་ས་དེ་དག་ལ་ཐུག་འཕྲད་བྱེད་འདོད་དུས་ཐུག་འཕྲད་བྱེད་མི་ཐུབ་པ་དེ་རྒྱང་རིང་རེད་འདོད།དེ་བས་ང་རང་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་ས་ཞིག་ཏུ་མེད་མོད།ཕ་མ་དང་ཉེ་དུ་རྣམས་ལ་ཐུག་འདོད་ཧ་ཅང་ཆེ་བའི་ཟླ་ངོ་བཞི་ལྷག་གི་དྲན་པ་འདི་ནི་ང་ལ་མཚོན་ན་རྒྱང་རིང་ངོ་མ་ཞིག་ཡིན་འདང་སྐྱེས་སོང་ལ།ཕ་ཡུལ་དུ་ལོག་པ་ནི་གང་གིས་ཀྱང་མཚོན་མི་ནུས་པའི་བདེ་སྐྱིད་དངོས་མ་ཞིག་ཏུ་སེམས་ཏེ་རི་ལུང་ཐང་གསུམ་བརྒལ་ནས་ཕ་ཡུལ་དུ་ལོག་པ་ཡིན།ཏན་ཏན་དབྱར་ཟླ་བདུན་པའི་མཛེས་སྡུག་གི་འཕྱོར་ལྭ་ཀླུབ་པའི་ཕ་ཡུལ་ནི་བག་སར་ཞིག་དང་འདྲ་བར་མེ་ཏོག་དང་རྩྭ་ལྗང་གི་རྒྱན་ཆ་བཏགས་ཤིང་།ཉི་འོད་ཀྱི་གུར་ཁང་ནང་དུ་བློ་ལ་ངེས་དཀའ་བའི་སུམ་རྩེན་ཞིག་འདྲ་བར་གཟི་བརྗིད་དང་བཅས་འགྱིང་འདུག ད་དུང་ཕ་ཡུལ་གྱི་གནམ་སྔོན་པོ་ས་རུ་བཏང་འདྲའི་རྩྭ་ཐང་ཡངས་མོ་དང་།ཡན་ལག་བརྒྱད་ལྡན་གྱི་གཙང་བོ།ནག་ནོག་གི་དྲི་དང་བྲལ་བའི་མཁའ་དབུགས་སོགས་བརྗོད་དུ་མི་ལོང་བ་དང་བལྟས་པས་མི་ཚིམ་པ་སོགས་མཛེས་སྡུག་གྱ་ནོམ་པ་དེ་དག་གིས་ངའི་སེམས་ཀྱི་ངལ་བ་མཐའ་དག་བཀྲུས་ཤིང་།དྲན་གདུང་གི་མཚོ་མོ་བསྐྱམས་ནས་སྣང་བ་ཞིག་ཏུ་ཞིང་གང་ཞིག་ཏུ་བདེ་བར་གཤེགས་པ་འདྲ་བའི་བསོར་སྣང་ཡང་ཡང་སྐྱེས།དེ་དག་ལས་ཀྱང་ཡིད་འོང་གི་བདེ་སྐྱིད་ཅིག་ཡོད་པ་ནི་ཁྱིམ་ཞེས་པ་དེ་ཡིན་ལ།ཁྱིམ་དེའི་སྙིང་བོ་རུ་གྱུར་བའི་ཕ་མ་གཉིས་ཡིན་པ་ལྷག་ཏུ་སྨོད་ཅི་དགོས།
  ངའི་ཕ་མ་གཉིས་ནི་ལོ་ན་ཧ་ཅང་མཐོ་ཤོས་དེ་མིན་ལ་ཧ་ཅང་དམའ་ཤོས་དེའང་མིན་པར་ལོ་བཞི་བཅུ་ནས་ལྔ་བཅུའི་ནང་རེད།ད་ལྟ་ཁོ་གཉིས་ཀྱིས་འབྲོག་ཐང་གི་ཚ་གྲང་སོགས་མྱོང་བའི་དཀའ་བའི་ལས་གང་མང་ཞིག་སྒྲུབ་མི་དགོས་ཀྱང་།འཚོ་བ་འདིའི་ཕྱི་ནང་གསེང་གསུམ་ལ་སེམས་ཚེགས་དང་ལས་ཚེགས་གང་རུང་གིས་གདོང་གཏད་དེ་བགྲོད་ཀྱིན་ཡོད་ལ།ལྷག་ཏུ་ང་ཡི་དོད་དུ་དཀའ་བ་གྲངས་མེད་མྱོང་གིན་འདུག         དེ་བས་ང་དང་ལུས་སེམས་གང་གི་ཆ་ནས་ཀྱང་ཁ་ཐག་ཉེ་ཞིང་དུངས་བ་ཟབ་པའི་དྲིན་ཆེན་ཕ་མ་གཉིས་ཀྱི་གམ་དུ་འབྱོར་བ་ནི་ང་ལ་མཚོན་ན་བརྗོད་དུ་མི་ཟིན་པའི་སྤྲོ་བ་རྣལ་མ་དེ་ཡིན་ལ།སྲིད་པའི་བསོད་ནམས་འོད་དུ་འབར་ཏེ་སྒྲོན་བསྐལ་དུས་ཀྱི་སྐལ་བཟང་ཚེས་ཀྱང་།ལྷད་མེད་ལྷུན་ཆགས་ཀྱི་བརྩེ་བ་འདི་ལས་ལྷག་པ་ཞིག་གང་ནས་རྙེད་ལ།རྫུ་བག་དང་ཟོལ་བཅོས་ཀྱི་མིང་ཙམ་ཡང་མི་འདྲེས་པའི་ཨ་མའི་འཛུམ་མདངས་དང་།བབ་ཅོལ་དང་ངག་ཀྱལ་གྱི་ཆ་ཙམ་ཡང་མ་ལྷད་པའི་ཨ་ཕའི་ཁ་ཏ་སོགས་རིན་ཐང་ལ་གཞལ་མཐའ་མེད་པའི་ལོངས་སྤྱོད་འབའ་ཞིག་ཏུ་ཅི་འདོད་རོལ་མྱོང་བྱེད་ཐུབ་པ་ནི་ཅི་འདྲའི་བདེ་སྐྱིད་ཆེ་ཨང་།ད་དུང་ཆག་འཇིག་གིས་བཅོམ་མེད་པའི་ཁྱིམ་གྱི་དངོས་རྫས་ཕྲན་བུ་རེའང་ཕྱིར་དྲན་གྱི་མ་མ་དང་བག་ཆགས་ཀྱི་རྫོང་མཐུག་ས་རེ་རེ་ཡིན་པས།གནས་མལ་འདི་ནི་རང་སེམས་ཀྱིས་ཕྱི་ནང་ལ་རེག་ཀྱང་རེག་ཆོག་ས་དངོས་མ་དེ་ཡིན་ལ།སེམས་ཀྱི་སྐྱིད་སྡུག་གི་ཁ་དོག་རི་མོར་འབྲི་སའི་ཤོག་བུ་དཀར་གཙང་གཙང་དེ་ཡིན།གནས་འདི་ནི་དེ་ལྟར་བརྩེ་འདང་གི་ཤ་ལེབ་ལེབ་ཅིག་ཡིན་པས་སླར་ཡང་འདི་རུ་སླེབས་པ་ནི་དགའ་སྤྲོ་ཞིག་ཡིན་པ་སྨོས་མ་དགོས་ལ།རྒྱང་རིང་ནས་ཕ་ཡུལ་གླེང་ཞིང་དྲན་པའི་ངལ་བ་མཐའ་དག་ད་ནི་ཅིག་ཅར་དུ་ཕ་ཡུལ་གྱི་པང་དུ་བླུགས་ཤིང་།སོས་དལ་བག་ལྷོད་ཀྱིས་འཚོ་བ་འདིའི་ནང་དུ་ཡང་བསྐྱར་སིམ་མགོ་ཚུགས།
      བྱམས་བརྩེ་དང་གཅེས་འཛུམ་ལ་ཟད་མཐའ་མེད་པའི་ཁྱིམ་གྱི་ལོངས་སྤྱོད་ལ་ཅི་འདོད་རོལ་ཀྱིན།ཉིན་ཞག་གི་བར་གླགས་ནས་དཔེ་ཀློག་ཙག་ཙིག་རེ་བྱས་ཏེ་ཉི་འོད་ལས་འཇམ་པའི་དྲོད་ཁོལ་འདི་མྱོང་བ་ནི་སེམས་ཀྱིས་གཏོང་མི་འདོད་པའི་སྙིང་སྡུག་མའི་རུམ་ནང་ལས་བསོར་རེད།ཉིན་ཞིག་ཨ་མས་འཛུམ་མུལ་མུལ་ངང་དུང་སོའི་སྟར་བ་ཕྱི་རུ་མངོན་ཞིང་།ལོ་ཟླས་དྲན་ཤིང་དུ་བརྐོས་པའི་གདོང་གི་གཉེར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞིབ་ཚགས་ངང་ནས་འཁྱག་སྒམ་ལས་ཟོག་ཤ་རྐང་བ་ཞིག་བླངས་ཏེ།ང་ལ་ཤ་བཙོ་འམ་ཡང་ན་ཐུག་པ་བསྐོལ་ཟེར།ངས་བསམ་གཞིག་ཙམ་ཡང་མ་བྱས་པར་ཐུག་པ་བསྐོལ་ཞེས་ལན་བཏབ་ཅིང་།ཨ་མས་མགོ་བོ་ལྡེམ་ལྡེམ་ཙམ་བྱས་ཤིང་སོར་མོའི་ཚིགས་དག་འབུར་བའི་ལག་པ་དེས་གྲི་ཆུང་ཞིག་བཟུང་ནས་ཤ་སྣག་ལེབ་ལེབ་ཆེན་པོ་འགའ་ཤེད་ཀྱིས་བཅད་དེ་གཏུབ་ཀྱིན་འདུག  ངས་ཨ་མ་ལ་ཤ་དེའི་ཡོང་ཁུངས་དྲིས་པ་ན་ཨ་མས་མིག་ཟུང་བཙུམས་ཤིང་ཧ་ཅང་ནན་ཏན་གྱིས་ངང་ནས་མ་ཎི་འགའ་བཏོན་ཏེ།འདི་འུ་ཚང་གི་འབྲི་མོ་རྒྱ་ལུ་མའི་ཤ་རེད།ཁྱོད་སློབ་གྲྭར་སོང་སྟེ་ཉིན་བཅུ་ཙམ་མ་འགོར་བར་འབྲི་མོ་དྲིན་ཆེན་མ་སྤྱང་ཀིས་བསད་བཞག  སྤྱིར་ཤ་མང་བོ་ཞིག་ལུས་མེད་པར་སྤྱང་ཀིས་ཟོས་འདུག་ཀྱང་།ཤ་རྐང་འདི་སྤྱང་ཀིས་ཀྱང་འུ་ཚང་ལ་བྱིན་པ་ལྟར་མཆེ་བ་གཅིག་གི་རྗེས་ཤུལ་ཙམ་ཡང་མེད་པར་ཤུལ་དུ་བསྐྱུར་འདུག  ཨ་ཕ་དང་ངེད་གཉིས་ཀྱིས་འདི་ལ་ཤ་ལས་ནན་མོ་ཞིག་བརྒྱབ་སྟེ།ཁྱོད་སློབ་གྲྭ་ནས་ཐོན་ན་ཟ་བར་གྲོས་བྱས་ཏེ་འཁྱག་སྒམ་ནང་དུ་ཟླ་ཁ་ཤས་ལ་བཞག་པ་ཡིན་ཟེར།གཏམ་དེ་ངའི་རྣ་ལམ་དུ་ཐོས་མ་ཐག་ངས་རང་དང་ཧ་ཅང་རྒྱུས་ཡོད་པའི་འབྲི་མོ་དྲིན་ཆེན་དེ་དྲན་པ་མིན་པར་སློབ་ཆུང་སྐབས་ཀྱི་དོན་དག་མང་བོ་ཞིག་ཡིད་དུ་དྲན་ཞིང་།དོན་དག་དེ་དག་གི་རྒྱབ་ལྗོངས་དང་བཅས་གསལ་བར་ཡིད་དུ་ཝ་ལེར་འཁོར་བྱུང་།ང་རང་སློབ་ཆུང་སྐབས་སུ་ཕ་མ་གཉིས་འབྲོག་ས་ན་ཡོད་ལ།དགུན་གནང་དང་དབྱར་གནང་གི་དུས་སུ་ཨ་ཅེ་དང་ང་གཉིས་ཕ་མའི་གམ་དུ་འབྲོག་ས་རུ་ཐོན་དུས།ངེད་ཚང་ལ་ཤ་སྐམ་དང་འོ་ཞོ་སོགས་ཅི་འདོད་འདོད་ཀྱིས་ཟས་རིགས་གང་མང་ཞིག་ཟ་རྒྱུ་ཡོད་ལ།སྤྱིར་ངེད་ཚང་ཕྱུག་པོ་དེ་འདྲ་མིན་པས་རྒྱུན་དུ་དེ་ལྟར་ཟས་གོས་སྤྱོད་ཐུབ་པ་ནི་ཁག་པོ་ཞིག་ཡིན་པ་ད་ལྟ་རྟོགས་ཐུབ་ལ།ད་དུང་ཡང་ཕ་མ་གཉིས་ཀྱིས་བཤད་པའི་སྐད་ཆ་ཞིག་ཡིད་དུ་དྲན་གྱིན་འདུག་སྟེ།ཁོང་གཉིས་ཀྱིས་ད་ནི་ཞི་ལུ་ཞི་མོ་གཉིས་ཁྱིམ་དུ་ཐོན་པས་ཟས་གང་ཞིམ་ཞིམ་དེ་ཟ་དགོས་ཟེར་གྱིན་འདུག   ད་སྐབས་ཕྱིར་འདང་ལན་གཅིག་གི་ཁྲོད་ནས་སྐད་ཆ་དེ་ལ་བསམ་བློ་ཞིག་བཏང་ན།ཕ་མ་གཉིས་ཀྱིས་རང་ཉིད་ལ་ཟས་གོས་ངན་ངོན་བྱས་ཏེ་ཉིན་མཚན་གྱི་བར་གསེང་ན་དཀའ་ངལ་གྱིས་འབད་བརྩོན་བྱེད་པ་ནི་བུ་ཕྲུག་ང་ཚོའི་དོན་ཡིན་པ་རྟོགས་འོང་ལ།ད་དུང་ཡང་འགྲོ་འདུག་སྤྱོད་གསུམ་གྱི་འགྲོ་གྲོན་ཚང་མ་ཕ་མ་གཉིས་ཀྱི་རྔུལ་ཆུའི་ཐིགས་པས་བསགས་པའི་སྒོར་མོ་དེ་དག་གིས་བྱེད་ཀྱིན་པ་སེམས་སུ་སྣང་ན།དོན་སྣོད་ཀྱི་བར་གསེང་ལ་དབང་མེད་ཀྱི་ཟུག་གཟེར་རྒྱུག་ཅིང་།ཕ་མ་གཉིས་ལ་རིན་ཐང་འདི་ཆེ་འདོད་སྤྱད་ཀྱི་ལེགས་སྐྱེས་ཤིག་ཀྱང་ཉོ་མ་མྱོངས་པའི་ངའི་སེམས་པ་གནོང་གིས་བཟུང་ཞིང་།ཤ་རྐང་འདིས་མཚོན་གྱི་ཕ་མ་གཉིས་ཀྱིས་རླག་མི་བྲོ་བ་གང་མང་ཞིག་ངས་ཆེད་དུ་དོར་ཞིང་བཙོང་བ་སོགས་ལ་འདང་ཞིག་བརྒྱབ་ན།ཕ་མ་གཉིས་ནི་རང་ལས་གཞན་གཅེས་ཀྱི་ས་བཅུའི་བྱང་ཆུབ་སེམས་དཔའ་ཞིག་འདྲ་ལ།ཡོད་ཚད་ནས་ཡོད་ཚད་ལ་བྱམས་བརྩེས་སྐྱོང་དང་བསྐྱངས་ཟིན་པ་དེ་དྲན་ན།ངས་མགྲིན་པ་གཟེངས་སུ་བཏགས་ནས་བཀའ་དྲིན་ཆེ་ཞེས་ལབ་འདོད་ལ།བློ་རྩེ་ནང་དུ་བསྒྲིམས་ནས་ཨ་མ་ལ་ལྟ་སྐབས་ངས་སྐད་ཆ་དེ་དག་ངག་ནས་མ་བཀྲོལ་ཡང་།ཨ་མའི་འཛུམ་ཆུང་གི་གཉེར་རིས་དེ་དག་གི་གསེང་ནས་བརྩེ་བ་སྣུམ་པོ་ཞིག་ངང་གིས་ཚོར་འོང་།
                             ༠༡༩-༡-༢༢ནུབ་མོ།
                                  
རྩོམ་སྒྲིག་པ། མྱི་གསར་བ།