ལྗང་ལོ།

    རྩོམ་པ་པོ། འབྲོག་སྨྱུག


ལྗང་ལོ།

 

             འབྲོག་སྨྱུག རྨ་ལྷོ།


      

       ལྗང་ལོ་ཆུང་ཆུང་དེ་འདོད་པས་མྱོས་དྲགས་ནས་འཁྱག་སིབ་སིབ་ཀྱི་ས་གཞི་བརྟོལ་བྱུང་།   ཁ་བ་ལྷབ་ལྷུབ་གཡོ་བའི་གྲང་ངར་གྱི་གསེབ་ཏུ་རྩེ་མོ་རེ་རེ་འཚང་ཁ་ཤིག་ཤིག་གིས་མངོན་ཡོང་།   བྱ་དངོས་གང་ལ་འཕྲད་ནའང་དྲི་བསུང་དང་ལྷན་དུ་སྐྱེས།   རྡོ་དང་ལྕི་བ།   རྐང་རྗེས་སོགས་ཀྱིས་ཇི་ལྟར་བཅག་བཅག་བྱས་ཀྱང་།  ངང་ཚུལ་བརྟན་པོ་དང་།   སྙིང་སྟོབས་རིགས་ཤིག་གིས་བཞད།    ལྗང་ལོ་ཆུང་ཆུང་ནི་སུ་ཞིག་གི་བརྩོན་སེམས་བཞིན་དུས་ཚོད་ཀྱི་མདའ་རྩེ་རེ་རེ་དང་ལྷན་དུ་སྐྱེས་ཤིང་།    ཆར་རླུང་དྲག་པོས་གཡོས་ཀྱང་འཆོར་སྒེག་གི་རྣམ་པ་མངོན་པར་གསལ་ལ།   མཛེས་སྡུག་གི་ཁ་དོག་རིས་སུ་བཀྲ།    ལྟོས་དང་།   འཁྱག་སིབ་སིབ་ཀྱི་ཞོགས་པ་རེ་རེར་ལྗང་ལོས་བྲོ་གར་འཁྲབ་ཀྱིན་འདུག   རྡོག་འོག་གི་ས་གཞིའི་སྟེང་ལ་འཛུམ་མདངས་དང་དྲི་བསུང་བསྩད།  ལྗང་ལོ་ནི་ཧ་ཅང་ཆུང་ཆུང་ཞིག་ཡིན་མོད་དྲི་བསུང་མཆེད་སའི་ནམ་མཁའ་དང་ས་གཞི་མཐའ་ཀླས་པ་ཞིག    ལྷགས་རླུང་གིས་སྤུར་ཡང་བར་སྣང་དུ་བྲོ་གར་འཁྲབ་ཀྱིན་ཡོད།    ཁ་ཆར་གྱིས་གཙེས་ཀྱང་དྲི་བསུང་གིས་ས་གཞི་བརླན།    ས་གཞིའི་གཏིང་དུ་རྩ་བ་ཚུགས་ཤིང་ཉི་མའི་པང་དུ་མགོ་བོ་རྒྱས་པའི་སྙིང་སྟོབས་ནི་སུས་ཀྱང་ལྡོག་ཏུ་མེད།    སྡུག་ཡུས་ཚིག་གཅིག་བརྗོད་མྱོང་མེད་པའི་ལྗང་ལོ་ནི་གང་དུ་གནས་ཀྱང་གདེང་དང་སྤོབས་པའི་རིགས་ཤིག་ཡིན།     ལྗང་ལོས་ཁྲ་ཁྲ་སིལ་སིལ།    འཇམ་འཇམ་མཉེན་མཉེན་ཁོ་ན་སྐྲུན་གྱིན་ཡོད།    ལྗང་ལོ་ཡོད་པས་སྲ་མཁྲེགས་ཡོད་ཚད་ནེམ་ནེམ་དུ་གྱུར།   ཆེས་མཛེས་སྡུག་ལྡན་པའི་ཁྱོད་ཀྱི་མིང་ནས་ཐེངས་ཤིག་འབོད་དོན།  དྭངས་གཙང་གི་ལྗང་ལོ་རེ་རེ་ཐ་སྙད་ཀྱི་ལྷུམས་སུ་ཞུགས་པས་ཡིན་། ང་ཡི་རྩོམ་རིག་གི་མེ་དབལ་ལས་བྲག་ཅ་བཞིན་མཆེད་པའི་ངང་ཚུལ་ནི་ཅི་འདྲའི་སྙིང་སྟོབས་རིགས་ཤིག་ཨང་།  

 

      ལྗང་ཞིང་མཉེན་པ།    འཇམ་ཞིང་གཡོ་བའི་ལྗང་ལོ་ཆུང་ཆུང་ནི་སུས་ཀྱང་ཆེ་མཐོང་མི་བྱེད་པའི་ཚེ་སྲོག་གི་ལང་ཚོ་ཞིག་རེད།  སུས་ཀྱང་རྟོགས་མི་སྲིད་པའི་ལྐོག་གྱུར་གྱི་རྣམ་ཤེས་སྐྱེན་པོ་ཞིག་རེད།  ཞིབ་ཏུ་བསམ་ཚེ། དུས་ཚོད་དང་འཚོ་བ།  ཐོབ་ཤོར་དང་འཆར་ཡན་སོགས་ལྗང་ལོ་རེ་རེ་འབུས་ཚུལ་ཡིན།   མངའ་ཐང་ཡོད་ལ་གྱེས་བྲལ་ཡོད།  བསམ་གཞིགས་ཡོད་ལ་ཁ་དོག་ཡོད་པ་ནི་ལྗང་ལོ་རེ་རེ་སྨིན་ཚུལ་རེད།  བྱེའུ་ཆུང་གི་མཆུ་སྒྲོས་ལ་གླན་པའི་ལྗང་ལོ།  རླུང་དང་སྤྲིན་པ་ལེབ་མོར་གླན་པའི་ལྗང་ལོ།   གཙང་བོ་དང་ཀོ་གྲུ་ལ་འཐམ་པའི་ལྗང་ལོ།   ཉི་ནུབ་དང་སྒེའུ་ཁུང་ལ་འཁྲེང་བའི་ལྗང་ལོ། ཁྱོད་ནི་ནམ་མཁའི་ཉི་ཟླ་དང་ས་གཞིའི་གཙང་བོ།  སྤྲིན་དང་རླུང་ཁ་ཆར་བུ་ཡུག་གང་ལའང་འཕྲད་ཕོད་མཁན་གྱི་སྙིང་སྟོབས་རིགས་ཤིག་སྟེ།    ཁྱོད་ཡོད་པས་དགུང་སྔོན་པོར་ཁ་དོག་བཀྲ་བྱུང་།  ས་དོག་མོར་གསོན་ཤུགས་རྒྱས་སོང་། ལྗང་ལོ་ལགས།  ལོ་ཟླས་ཁྱེད་ཀྱི་དབྱིབས་དང་ཁ་དོག་རེ་རེ་དྲག་ཏུ་རྡུང་ཡང་བརྩེ་བའི་དྲི་བསུང་དང་ཁ་དོག་རེ་རེ་འོད་ཆེམ་ཆེམ་འཐོར་ཡོང་།   ལྗང་ལོས་བརྩེ་བ་མ་ལུས་རང་གི་སྲོག་ལ་བདས་ཤིང་གནམ་ས་གཉིས་ཀྱི་ཆེས་མཛེས་ས་རུ་ཉམས་སྣང་སྟེར་བའི་མུ་འབྲེལ་རི་མོ་ཞིག་བྲིས།   ཚེ་སྲོག་གི་ཁ་དོག་ལྗང་གུ་ཡིན་པའི་མཆུ་སྒྲོས་ལས་ཟིམ་བུའི་མེ་ཏོག་ཚ་གདུག་གི་ཀློང་ལ་གཏོར་མཁན།   ལང་ཚོའི་ཁ་དོག་ཀྱང་ལྗང་གུ་ཡིན་པའི་གྲིབ་གཟུགས་ཀྱི་བསིལ་གཡབ་ཚ་དྲོད་ལ་གླན་མཁན།    ཕྱེ་མ་ལེབ་དང་གཡུ་སྦྲང་གི་སྒྱུ་རྩལ་ལ་བདེན་སྣང་འཚོལ་མཁན།   མཉེན་ཞིང་གཡོ་བའི་ལྗོན་ཤིང་ལ་རོལ་དབྱངས་གཏོང་མཁན་ནི་ལྗང་ནེམ་ནེམ་གྱི་ལོ་མ་ཆུང་ཆུང་དེ་ཁོ་ནའོ།། 

 

         ས་གཞིའི་སྙིང་ལ་སིམ་པའི་གཏམ་རྒྱུད་དེ་ལྗང་ལོ་ཡིན།   ནམ་མཁའི་མཐོངས་སུ་མཆེད་པའི་ལང་ཚོ་དེ་ལྗང་ལོ་ཡིན།   མཚམས་རེར་རྒྱུ་མཚན་ཅི་ཡང་མེད་པའི་གད་སྙིགས་དེ་ལྗང་ལོ་ཡིན།   ཡུལ་གྱར་བའི་གདུང་བ་མཚོན་པའི་སྙན་ངག་དང་དགའ་མའི་བརྩེ་འཕྲིན་མཚོན་པའི་འཕྲིན་པའང་ལྗང་ལོ་ཡིན།  ལྗང་མདོག་གི་འདབ་མར་རླུང་བུའི་ཁྱེའུ་སྦྲུམ་སྟེ་མཐོ་ནས་མཐོ་རུ་འཕུར་བའི་རྣམ་པ་དེ་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་ཡིན་ཨང་།  ཕྱིར་ལོག་མི་བཏུབ་པའི་ཡུལ་གྱར་བ་ཞིག་དང་ཀུན་ནས་མཚུངས་ཕྱིར། ཁྱོད་ཀྱི་ཚེ་སྲོག་དང་ལང་ཚོའི་གཟི་བྱིན་རེ་རེ་མིག་གི་ཟིན་ཡུལ་ལས་འགོངས་པར་སེམས་འཚབ་ལྡང་གིན་འདུག   སྟོན་ཟླ་བརྒྱད་པའི་ཚེས་མཐའ་འདིར་ལྗང་ལོ་ནི་ཡོད་ཚད་སེམས་སུ་སྦས་པའི་དམིགས་གསལ་གྱི་འགྲུལ་བཞུད་པ་ཞིག་སྟེ།   རླུང་དང་བསྡེབས་ནས་ཉི་འོད་ལ་གཅར།  མཐའ་ཀླས་པའི་རྩྭ་ཐང་དང་གངས་རི་བརྒལ། ད་དུང་བདག་གི་རྣ་རྩར་འཇམ་མཉེན་གྱི་སྐད་སྒྲ་ཞིག་ཤུབ་བུར་ཟློ།  ལང་ཚོའི་གླུ་སྒྲ་དང་།   ཚེ་སྲོག་གི་རོལ་དབྱངས་རེ་རེ་དོན་བརྗོད་ཀྱི་སྙན་ངག་རིང་མོ་ཞིག་དང་འདྲ།    ཏག་ཏག་ཆེས་མཇུག་མཐའི་གྱེས་གདུང་གི་མཚོན་རྟགས་ཤིག་ཡིན་ཡང་སྲིད།     རིམ་བཞིན་འཐོར་བ་དང་།    ཧྲིལ་གྱིས་ལྷུང་བ་ནི་བ་སྤུ་སོབ་སོབ་ཀྱི་ཤིང་བལ་ཐང་མར་བརྡལ་བ་དང་།    དཔྱིད་ཉི་རིང་མོ་ཞིག་གི་ཁ་བ་ལྷབ་ལྷུབ་འབབ་ཚུལ་དང་ཀུན་ནས་མཚུངས།    བརྩེ་ཞེན་དང་གདུང་བ་རུམ་གང་བསྣམས་ནས་དུས་ཚིགས་ཀྱི་གནམ་སའི་མཚམས་སུ་རིས་ཡིབ་རིས་མངོན་བྱེད་པར།    མི་མང་པོ་ཞིག་ལྗང་ལོའི་མངའ་ཐང་ལ་ཤིན་ཏུ་དུངས་ནའང་ལ་ལ་ཞིག་ལྗང་ལོས་འཁྱེར་ཡོང་བའི་གྱེས་བྲལ་དང་ཁེར་རྐྱང་གི་སྣང་བར་རབ་ཏུ་སུན།     གྱེས་བྲལ་ཐེངས་གཅིག་གི་རྗེས་སུ་ད་གཟོད་ལོག་ཕེབས་ལ་རིན་ཐང་ཡོད་པའང་ཚོར་བྱུང་།  འདུ་བྲལ་ནི་བཟློག་ཏུ་མེད་པའི་ལས་བསྐོས་ཤིག་ཡིན་པ་དང་།   སྐྱོ་དགའི་ཚོར་རྟོག་སྲོག་ཏུ་བྱས་པའི་རང་འཇིག་རྟེན་དུ་འཚོ་བའི་བདེན་དཔང་དུ་བལྟས་ཀྱང་ཆོག་སྟེ།  ལྗང་ལོ་ནི་བཅོས་སུ་མེད་པའི་དུས་ཚོད་ཀྱི་མངོན་རྟགས་ཤིག་ཡིན་ཡང་ཆོག་གོ།  

                          ཕྱི་ལོ།  ༡༨   ཟླ༡༢   ཚེ༢  
                             
 རྩོམ་སྒྲིག་པ། འཕགས་མི།