ཁ་བ་ལྷབ་ལྷུབ་ཏུ་འབབ་ཚུལ།

    རྩོམ་པ་པོ། རྐང་གླེང་།


ཁ་བ་ལྷབ་ལྷུབ་ཏུ་འབབ་ཚུལ།

 

                   རྐང་གླེང་།


 

    དོ་དགོང་སྨག་ཧ་ཅང་མཐུག་ལ། ནམ་མཁའི་སྐར་ཚོགས་ཀྱང་མཐོང་བ་མི་འདུག ངས་མིག་ཟུང་ག་ལེར་བཙུམས་ནས་ལག་ཡས་སྙིང་ཁར་བཞག་པ་ན། སེམས་ཀྱི་མཁའ་དབྱིངས་སུ་སྐར་ཚོགས་རྣམ་པར་བཀྲ་བའི་དཀྱིལ་དུ་སྟོབས་ཀྱིས་འཚེར་བའི་ཟླ་བ་དཀར་པོ་ཞིག་འཆར། དེ་ཡིས་ང་ཡི་ཡིད་སེམས་གསལ་བར་བྱས། སེམས་པའི་ཀུ་མུད་རྒྱས་པར་བྱས། སྐྱོ་བའི་སྨུག་པ་དྭངས་སུ་བཅུག ཡིན་ཀྱང་། ངས་མིག་ཟུང་དལ་བར་ཕྱེས་ནས་ལག་གཡས་ཕྱིར་བླངས་པ་ན། སེམས་ཀྱི་ལྷུན་པོའི་རྩེ་མོ་སྨུག་པས་བཟུང་ཞིང་། སྐྱོ་བའི་མིག་ཆུ་སྐྱུར་མོས་བྲང་གཞུང་བརླན།

 

   རེད་ཡ། ངས་དེ་རིང་ཡང་ཁྱེད་ཉིད་དྲན་སོང་། སྔས་འགྲམ་ན་གྲག་གིན་པའི་རྣོ་སྦྲངས་རོལ་དབྱངས་ཟ་ཟི་དེའི་རྐྱེན་གྱིས་སམ། མ་གཞི་མཚན་མོ་ནི་མི་ཡི་ནང་སེམས་སྔོག་པའི་བདུད་མོ་ཞིག་ཡིན་པས་ལན། གང་ལྟར། དྲན་གདུང་གི་མཚོ་མོ་རུ་ང་ནི་རང་དབང་མེད་པར་སྨྲ་མི་ཤེས་པའི་ཚོར་བའི་ཆུ་རླབས་ཆེན་པོ་ཞིག་གིས་དྲུད་ནས་ཐལ།

 

   སྙིང་ཉེ་བའི་མི་ཞིག་དྲན་པ་དང་དྲན་ནས་མིག་ཆུ་གཏོར་བ་ནི་ཁོ་བོར་མཚོན་ན་བདེ་སྐྱིད་ཅིག་ཡིན་པས། ལོ་རེའི་ལོ་སར་གྱི་ཉིན་འདི་དག་ལ་ང་ནི་ཆེས་བདེ་སྐྱིད་ལྡན་པའི་མི་ཞིག་ཡིན། དེ་ཡང་། ཁྱེད་ཀྱིས་ཤུལ་དུ་བཞག་པའི་རྐང་རྗེས་དང་། ཁྱེད་ཀྱི་སོར་མོས་ཡང་ཡང་རེག་མྱོང་བའི་གནའ་རྫས་ལྟ་བུ་དེ་དག་གིས་ང་ལ་བདེ་སྐྱིད་ཀྱི་མིག་ཆུ་དང་དྲན་སེམས་མང་དུ་གནང་བས་རེད།

 

   སྙིང་ཉེ་བའི་མི་ལགས། ངའི་སེམས་ཀྱི་མེ་ལོང་ནང་དུ་ད་དུང་ཡང་གསལ་གྱི་ལེར་ཡོད་པ་ནི་ཁྱེད་ཉིད་ངལ་ནས་ཧ་ལང་ལང་བྱེད་པའི་རྣམ་པ་དང་། ཚ་གདུག་གིས་སྣད་དུས་དབུགས་ཀྱང་གཏོང་ལེན་མི་བྱེད་པར་ཆུ་འཁྱག་ཧུབ་རྒྱག་གིས་འཐུང་བའི་རྣམ་པ་རེད། མ་ཟད། ངའི་མིག་ལམ་དུ་ད་ལྟའང་མངོན་ཙམ་མངོན་ཙམ་བྱེད་པའི་ཁྱེད་ཀྱི་ཕྱག་ཟུང་སྟེ། གྲོང་ཁྱེར་ནང་ལོག་གི་ཞི་མོ་ཚོའི་ལག་པ་ལྟར་འཇམ་ཤ་དང་དཀར་མདངས་མེད་ན་ཡང་། ངས་མཐོང་བའི་ཆེས་རབ་ཏུ་མཛེས་པའི་སྤྱན་རས་གཟིགས་ཀྱིས་གཡར་བ་ལྟ་བུའི་ཕྱག་ཟུང་དེའང་རེད། སྣང་ཚུལ་དེ་དག་དུས་ད་ལྟ་ཡིད་ལ་དྲན་ནའང་ཅི་འདྲའི་ལྟ་ན་སྡུག་པ་ཞིག་རེད་ཨང་། ནམ་རྒྱུན། ངས་གྲོང་ཁྱེར་གྱི་མི་རྣམས་མཐོང་དུས་ཕ་ཡུལ་གྱི་མི་རྣམས་དྲན་ཡོང་མོད། དུས་དེ་རིང་། ངས་ཕ་ཡུལ་གྱི་མི་རྣམས་མཐོང་ཡོང་དུས་ཁྱེད་ཉིད་དྲན་འོངས། ཅི་ཞིག་བོར་སོང་བ་ལྟར་དངངས་འཚུབ་དང་བྲེལ་འཚུབ་ཀྱིས་འཚོ་བའི་མི་འདི་དག་གིས་ངའི་སེམས་ཀྱི་ཤེལ་སྒོའི་ངོས་སུ་ཁྱེད་ཉིད་དབང་མེད་དུ་འཆར་བར་བྱས།

 

   གང་ལྟར། དོ་ནུབ་ཁྱེད་ཉིད་དྲན་པ་ལ་རྒྱུ་མཚན་ངེས་ཅན་ཞིག་མི་མཁོ་བ་འདྲ། རླུང་བུ་ལྡོམ་པོ་ཞིག་གིས་སྡོང་ལོ་འཁུར་ཚུལ་མཐོང་བས་ཁྱེད་ཉིད་དྲན་ལ། སྲང་ལམ་གྱི་རབ་རིབ་མག་མོག་གི་གློག་སྒྲོན་དག་མཐོང་བས་ཁྱེད་ཉིད་དྲན། མཐའ་ན་ཐབ་མགོའི་ཆུ་ཁོལ་ལྷོག་ལྷོག་གདུས་པ་མཐོང་བས་ཀྱང་ཁྱེད་ཉིད་དྲན། ཡིན་ནའང་། དྲན་སེམས་འདི་དག་ཤེལ་སྒོའི་ངོས་ལ་ཧ་བཏབ་བ་ནང་བཞིན་དུས་ཚོད་ཀྱི་མཆེ་སྡེར་རྣོན་པོའི་འོག་ཏུ་རང་ཚུགས་མི་ཐུབ་ལ། ང་ཚོས་དངོས་ཡོད་ཟེར་བའི་ཐ་སྙད་ཅིག་སྤྱད་ནས་རྟོག་བཟོའི་གྲོང་ཁྱེར་ལས་བཙན་གྱིས་སྒོར་འབུད་པར་བྱེད།

 

    ངས་འདི་ལྟར་ཕྱིར་དྲན་གྱི་ཤོག་ལྷེ་རེ་རེ་བཞིན་ཕྱིར་རྫོགས་ནས་ཁྱེད་ཀྱི་བློས་གཏོང་དང་སྤོབས་པ་ཡིད་ལ་ཤར་ཐེངས་རེར་རང་ཉིད་ཀྱི་འོས་འགན་གང་ཡིན་ངེས་ཤེས་བརྟན་པོ་སྐྱེས་ལ། བསམ་མེད་ཀྱི་འདོད་བློ་དེ་ལ་ཕུགས་བསམ་ཞེས་པའི་ཐ་སྙད་རྫིག་པོ་ཞིག་གིས་མིང་འདོགས་བྱེད་པ་དང་། ཕུགས་བསམ་ནི་མི་ཞིག་འཇིག་རྟེན་འདིར་མུ་མཐུད་ནས་འཚོ་སྡོད་བྱེད་སྙིང་ཡོད་པའི་རྒྱུ་རྐྱེན་ཉག་གཅིག་པར་འགྲེལ་ཚུལ་སོགས་ལ་ཞེ་གཏིང་ནས་སྐྱུག་བྲོ། སྙིང་ཉེ་བའི་མི་ལགས། ངས་དེ་ལྟར་ཕྱིར་མིག་ཅིག་ཀྱང་མེད་པར་ལུས་སེམས་ཀྱི་སྟོབས་ཟད་པའི་ཁྱེད་དང་ཡང་ཡང་ཁ་གྱེས་སྟངས་དེ་བསམས་ན་ངས་ངོ་མ་རང་ཉིད་ལ་ཀུ་ཡངས་སྟེར་ཐབས་ཤིག་མི་འདུག

 

   དྲན་གདུང་གི་སྐུད་པ་འདི་འདི་ནས་ཕྱི་མར་འཐེན་པས་ཕྱི་མ་ཟེར་ན་མུན་དུང་རིང་མོ་ཞིག་ཨང་། ཡིན་ནའང་། ངས་ཅི་ཞིག་རྙེད་མདོག་གིས་གདོང་གི་རྣམ་འགྱུར་དེ་བཅོས་ཙམ་བཅོས་ཙམ་བྱས། ཁྱེད་ཀྱིས་ཤེས་སམ། ད་སྐབས་ང་ཚོར་མཐུན་མོང་གི་སྡུག་བསྔལ་ཞིག་ཡོད་པ་ནི་སེམས་ཀྱི་ན་ཟུག་མང་པོ་ཞིག་སེམས་པའི་གཏིང་རུམ་ནས་རུལ་དགོས་རུང་གཞན་ལ་བརྗོད་སྙིང་མེད་པ་དེ་རེད། དེ་ཡང་སེམས་ཀྱིས་ཉན་མཁན་མེད་པས་ཅི་ལ་མིན།ཡང་གཅིག་བཤད་ན། ང་ཚོས་ཅི་ལྟར་བརྗོད་དགོས་པ་མ་ཤེས་པའང་སྲིད་སྟེ། སྐབས་མང་པོ་ཞིག་ལ། ངས་ཁྱེད་ཉིད་ཧ་ཅང་རབ་ཏུ་དྲན་སྟངས་དེ་ཡི་གེར་ཕབ་འདོད་སྐྱེས་རུང་འོས་མཚམས་ཀྱི་ཐ་སྙད་གང་ཅི་ཡང་མ་རྙེད་པ་ལྟར་རེད། རེད་དེ། དོ་ནུབ་ཁྱེད་ཉིད་དྲན་སྟངས་འདི་ཅིས་ཀྱང་མཐོང་ཆོས་ཤིག་གིས་མཚོན་དགོས་ན། ད་ཆ་གློ་རྡེག་ཏུ་བབས་པའི་ཁ་བ་འདིས་མཚོན་ནོ།།

                                     
   རྩོམ་སྒྲིག་པ། འཕགས་མི།