པའོ་ཅ་ཐྲི།

    ཡིག་སྒྱུར་བ། ཁྲི་སེམས་དཔའ།


པའོ་ཅ་ཐྲི།

     ནེ་བྷོར་གྱིས་བརྩམས།  ཁྲི་སེམས་དཔའ་ཡིས་བསྒྱུར།


པའོ་ཅ་ཐྲི་ཡིས་མལ་ཁྲིའི་སྟེང་འགྲེ་ལོག་ཅིག་བརྒྱབ་སྟེ་ཧ་ལམ་སུས་ཀྱང་གོ་དཀའ་བའི་གདངས་ཀྱིས“ཧའེ་ཐྲི། གནས་ཚུལ་གསར་བ་ག་རེ་ཡོད་དམ”ཞེས་ལྡབ་ལྡིབ་ངང་ལབ་ཡོང་། 
ཁོར“པའོ་ཅ་ཐྲི”ཞེས་མ་བོས་གོང་། མི་རྣམས་ཀྱིས་ཁོའི་མིང་ལ“སྐུ་ཞབས་ཤོག་མོ་འདེབས་མཁན”ཞེས་འབོད་ཅིང་། དེ་ནི་ཁོ་ཞོགས་པ་ནས་དགོང་མོའི་མཚམས་སུ་རྒྱུན་པར་རོལ་རྩེད་དེའི་རིགས་རྩེ་བས་རེད། ཡིན་ནའང་དོན་དམ་དུ་ཁོ་རང་ཤོག་ཤོ་རྩེད་རྒྱུར་དགའ་བོ་མེད། 
“གྲོགས་པོ། གནས་ཚུལ་གསར་བ་ག་རེ་ཡོད་དམ”གལ་ཏེ་མི་ཞིག་ནང་དུ་སླེབས་ཚེ་ཁོས་རྒྱུན་པར་དེ་ལྟར་སྐད་དམའ་མོས་འདྲི་བ་དང་། དེ་ནས་ཅི་ཡང་མི་སྨྲ་བར་སྐར་མ་བཅུ་ལྷག་བར་ཁ་རོག་གེར་སྡོད་པ་རེད། ཁྱོད་ཀྱིས་སེམས་ལ“པའོ་ཅ་ཐྲི”ལ་ཁ་གྲག་ཏུ་འཇུག་འདོད་པ་ནི་སྟོང་བསམ་འབའ་ཞིག་རེད་སྙམ་འོངས་ལ།  ཁོ་ནི་གང་ལའང་སྤྲོ་བ་མེད་པ་ཞིག་དང་འདྲ། དེ་མ་ཟད་ཤིན་ཏུ་ཁེངས་དྲེགས་ཅན་ཞིག་ཀྱང་རེད། ཁོའི་མིག་གཉིས་ཧ་ཅང་ཆུང་བའི་ཁར་ནམ་ཡང་གཉིད་ཀྱིས་དུབ་པ་དང་། ཁོའི་གདོང་རྒྱགས་ལ་སྐྲ་ལོ་གནག་ཅིང་འོད་ཀྲིག་ཀྲིག་བྱེད། ལག་ངར་ཡང་ཤིན་ཏུ་སྦོམ། ཡིན་ནའང་བལྟས་མ་ཐག་དགོད་རྒྱུ་ལངས་པ་དེའི་རིགས་མིན།  ཁོས་ལས་གང་ཞིག་བསྒྲུབས་ཀྱང་དལ་བྲེལ་མེད་དེ། ཁོས་ཤོག་ཤོ་སྲེ་དུས་མཐེ་བོང་སྟེང་ལྕེ་ལྡག་ཅིག་བྱེད་པའི་ཉམས་འགྱུར་དེ་ཡང་དེ་འདྲའི་བབ་ཆགས་ཤིག་གོ། 
ཁོས་ཁ་རྒྱབ་གསོ་བར་ཁ་གཡར་ནས་ཚེམ་བཟོ་ཁང་ཞིག་གཉེར་རྒྱུ་ཟེར་ཞིང་། ད་དུང་ང་ལ་སྒོར་མོ་བྱིན་ནས་སྒོ་བྱང་ཞིག་ཀྱང་འབྲི་རུ་བཅུག་པ་སྟེ།
གྱོན་གོས་སྣ་ཚོགས་བཟོ་བ་དང་།།
དེ་དུས་ང་ནི་ད་དུང་བྱིས་པ་བསམ་མེད་ཅིག་ཡིན། “པའོ་ཅ་ཐྲི”ཡིས་སྒོར་མོ་ཇི་ལྟར་བཙལ་ཡོང་བར་བསམ་བློ་འཁོར་མ་མྱོང་། ངའི་སེམས་ལ་མི་རྒན་རྣམས་ལ་རྟག་པར་སྒོར་མོ་ཡོད་པར་འདོད། པའོ་ཕི་ལ་ལས་ཀ་རྩག་རྩིག་ལས་མཁན་ཆུང་མ་ཞིག་ཡོད་ལ། རྗེས་སུ་དེ་སྐྱེས་པ་མང་པོའི་གྲོགས་པོར་གྱུར། ངས་ཐ་ན“པའོ་ཅ་ཐྲི”ལ་ཕ་མ་གཉིས་ཀའང་ཡོད་བསམས་མ་མྱོང་ལ། ཁོའི་ཁང་བ་བུད་མེད་ཅིག་འགྲོ་བ་ཡང་གཏན་ནས་མཐོང་མ་མྱོང་། ཁོས་གཡོག་པོ་སྡོད་ས་རེད་ཟེར་བའི་གཞོགས་ཁང་དེའི་ནང་དུ་བདག་པོར་ཞབས་ཕྱི་སྒྲུབ་པའི་མི་ཞིག་བསྡད་མ་མྱོང་། གཡོག་པོ་སྡོད་སའི་གཞོགས་ཁང་རེད་ཟེར་བ་ཡང་བཟོ་སྐྲུན་གྱི་ཟུར་ནས་དེ་ལྟར་འབོད་པ་ཙམ་རེད། 
ངས་བཤད་པ་ནང་བཞིན། ཞོགས་པ་རེ་རེར་ཧའེ་ཐྲི་ཡིས་སྐད་ཆེན་པོས“པའོ་ཅ་ཐྲི། དོན་དག་གསར་བ་ག་རེ་ཡོད་དམ”ཞེས་འདྲི་ཞིང་། དེར་མཐུད་ནས་ཁོས“པའོ་ཅ་ཐྲི”ཡིས་ལྡབ་ལྡིབ་ངང“ ཧའེ་ཐྲི། དོན་དག་གསར་བ་ག་རེ་ཡོད”ཅེས་བསྒྲགས་ཡོང་བར་བསྒུག་ངེས། 
“པའོ་ཅ་ཐྲི”གློ་བུར་དུ་བོར་སོང་། ཁོས་ང་ཚོར་སྐད་ཆ་གཅིག་ཀྱང་བཞག་མ་བྱུང་། 
ཧའེ་ཐྲི་ཡིས“ཁྱོད་ཚོས་བལྟས་ན་ཁོ་རང་ཝེ་ན་རོས་ལར་སོང་བ་རེད་དམ”ཟེར། 
ཉིན་གཉིས་པའི་ཞོགས་པར། ཧའེ་ཐྲི་མལ་ལས་ལངས་རྗེས་ཐ་མག་རྐང་གཅིག་མེར་བསྒྲོན་ཞིང་རབ་གསལ་གྱི་སྒྲོམ་སྐྱོར་སྟེང་ཁེན་ནས་སྐད་རྒྱག་བསམ་པའི་མུར། གློ་བུར་དུ་ཕ་རོལ་པ་མེད་པ་དྲན། ཞོགས་པ་དེར་ཁོས་བཞོན་མར་འོ་མ་བཞོ་བའི་དུས་ཚོད་རྣམ་ཀུན་ལས་སྔ་བས། བ་མོས་ཁོ་ལ་མི་དགའ་བའི་རྣམ་འགྱུར་སྟོན་པར་བྱེད།  
ཧའེ་ཐྲི་དང་ཁོའི་གྲོགས་པོ་ཚོས“པའོ་ཅ་ཐྲི”ཡི་ཁང་བ་དེ་སྤྲོ་ཁང་ཞིག་ཏུ་བསྒྱུར་ཅིང་། ཁོ་ཚོས་དེ་རུ་མིག་མངས་རྩེ་བ་དང་གཞས་གཏོང་བ། ཆང་དང་ཐ་མག་སྤྱོད་པ་སོགས་བྱེད་ལ། སྐབས་འགར་ད་དུང་ཁང་བའི་ནང་དུ་བུད་མེད་རེ་ཡང་ཁྲིད་ཡོང་། དེ་དུས་ཧའེ་ཐྲི་རྒྱན་འཇོག་ནང་ཞུགས་པའམ་བྱ་འཐབ་རྩ་འཛུགས་བྱས་པས་ཉེན་རྟོག་པས་ཐེ་གཏོགས་ཀྱི་དབང་དུ་ཚུད་ཡོད།  རྗེས་སུ་ཁོས་སྒོར་མོ་འབོར་ཆེན་བརྫངས་པས་ད་གཟོད་དེ་ལས་ཐར་བ་རེད། 
དོན་དེས་ཧའེ་ཐྲི་ལ་བག་ཆགས་ཟབ་མོ་བཞག་སོང་། 
ཧའེ་ཐྲི་དང་མི་གཞན་ཀུན་གྱིས“པའོ་ཅ་ཐྲི”བརྗེད་ཟིན་པའམ་བརྗེད་ལ་ཉེ་བའི་དུས་སུ་ཁོ་ཕྱིར་ལོག་བྱུང་། ཉིན་ཞིག་གི་ཞོགས་པའི་ཆུ་ཚོད་བདུན་གྱི་སྟེང་ཁོ་ཕྱིར་ལོག་པ་མ་ཟད། ཨེ་ཏོ་སི་དང་བུད་མེད་ཅིག་ཁོའི་མལ་ཁྲིའི་སྟེང་ཉལ་འདུག་པ་མཐོང་། བུད་མེད་དེས་ཨག་འདེབས་ཀྱིན་ལྡིང་འོངས་ཀྱང་། ཨེ་ཏོ་སི་ལ་བྲེད་སྣང་ཆེན་པོ་མ་སྐྱེས། ཁོ་དོགས་མི་བདེ་བའི་ངང་ཡར་ལངས་ཡོང་། 
ཁོ་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར་དུ་ཉལ་ཞིང་། ཁོ་རང་སད་དུས། སྔོན་གྱི་གྲོགས་པོ་དག་ཁོའི་ཁང་མིག་ནང་འཛོམས་འདུག ཨེ་ཏོ་སི་ཡིས་རང་གི་སྐྱུག་བྲོ་བའི་རྣམ་པ་དེ་འགེབས་སྲུང་བྱ་ཆེད། སྐད་ཆེན་པོས་སྐད་ཆ་བཤད་ཅིང་།  ཧའེ་ཐྲི་ཡིས་ཆང་རྒྱ་མ་གང་ཁུར་འདུག  
ཁོ་རང་ཏབ་ཙམ་ལ་ཧད་ཅིང་། གློ་བུར་དུ་གསལ་འདེབས་དེའི་དོན་ཧ་གོ་བས་བཞིན་ནས་འཛུམ་ཞིག་ཕྱུང་སྟེ“ཧའེ་ཐྲི། དོན་དག་གསར་བ་ག་རེ་ཡོད”ཟེར། 
པའོ་ཅ་ཐྲི་ཡིས“ཧའེ་ཐྲི། བཞོན་མ་ཇི་འདྲ་རེད”ཟེར། 
“པའོ་དབྱི་ཇི་འདྲ་རེད ”
“ཨེ་ལོར་ཇི་འདྲ་རེད ”
“པའོ་ཅ་ཐྲི”ཡིས་མགོ་བོ་ལྡེམ་ཙམ་བྱེད་ཅིང་། ཡུད་ཙམ་གྱིས་ཁོ་ཚོས་ཆང་དམ་བེ་གང་བོ་འཐུང་ནས་ཡོངས་སུ་རྫོགས་སོང་། 
མི་རྣམས་ཀྱིས་པའོ་ཅ་ཐྲི་ཡིས་ཆང་དེ་འདྲའི་མང་པོ་འཐུང་བ་ཞིག་གཏན་ནས་མཐོང་མ་མྱོང་ལ། ཁོས་གཏམ་དེ་འདྲའི་མང་པོ་བཤད་པ་ཡང་ཐོས་མ་མྱོང་། ཚང་མ་ཧ་ལས་ནའང་། པའོ་ཅ་ཐྲི་གང་ཞིག་ཏུ་སོང་བ་འདྲི་མ་སྤོབས། 
“ཁྱོད་མེད་པ་དང་ཡོད་པ་གཏན་ནས་མི་འདྲ”
“དེ་ནི་ལོས་ཡིན། ལོས་ཡིན”པའོ་ཅ་ཐྲི་ཡིས་དེ་ལྟར་རྗོད་དུས་འཁྲབ་སྟོན་པ་ཞིག་དང་མཚུངས། 
ཕྱི་ཚུལ་ནས་བལྟས་ན། ཧའེ་ཐྲི་ནི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ལི་ཁོ་སི་ཧ་རོས་སིན་དང་འདྲ་ལ། ཁོས་སྔོན་ནས་དེ་ཤེས་ཏེ་ལད་ཟློས་བྱེད་པར་ཤུགས་རྒྱག་པ་རེད། ཁོས་སྐྲ་ལོ་ལྟག་གར་ཤད་ཅིང་མིག་ཟུང་བཙུམ་མ་ཕྱེ་བྱེད་པས། ཕར་བལྟས་ཚེ་དངོས་གནས་ཧ་རོས་སིན་དང་འདྲ་བོ་འདུག 
པའོ་ཅ་ཐྲི་ཡིས་སོ་ཕྲེང་འཛུམ་བཞིན་གསེག་སྟེ་ཡོད་པའི་ཁ་ནི་དགོད་ཙམ་བྱས་བྱུང་། 
ཁོས་ཐ་མག་རྐང་གཅིག་མེར་བསྒྲོན་ཞིང་རྒྱབ་ལ་བསྙེས་ཙམ་བྱས་བྱུང་། དུད་སྨུག་མིག་ལ་འཐིབས་པས་མིག་ཟུམ་མ་ཕྱེས་ཀྱིས་ཁོའི་གཏམ་རྒྱུད་གླེང་བྱུང་། 
དེ་ནི་དངོས་གནས་ཡུལ་གྲུ་བཟང་པོ་ཞིག་རེད། ཁོས“དེ་རུ་སློང་མོ་པ་མེད་པར། ཁྲིམས་དཔོན་དང་སྨན་པ། མཁར་གྲོང་གི་གཞུང་ཞབས་པ་ཏག་ཏག་རེད”ཟེར། 
“ཁྱོད་ཀྱིས་སྨན་འཐུང་བ་ནོར་སོང་ངམ” ཧའེ་ཐྲི་ཡིས“བཙོན་ཁང་། ང་ཚོ་མི་འདི་དག་བཙོན་ཁང་དུ་ག་ལ་འགྲོ་སྲིད། ཁྱོད་ནི་གླེན་པ་བོང་བུ་ཞིག་དང་འདྲ་བ་ཅི་ཡིན་ནམ། ཁོར་སྐད་ཆ་བཤད་ནས་ཚར་དུ་མི་འཇུག་དོན་ཅི་ཡིན”ཟེར། 
“པའོ་ཅ་ཐྲི ”
པའོ་ཅ་ཐྲི་ད་ནི་ཁྲོམ་དེའི་མི་རྣམས་སྐྲག་སར་གྱུར། ཐ་ན་རྐང་ཆེ་ཡིས་ཀྱང་ཁོར་སྐྲག་པ་ཁས་ལེན། པའོ་ཅ་ཐྲི་ཡིས་ཨ་རག་བག་མེད་དུ་སྤྱོད་ཅིང་། ཁྲོམ་ནས་གང་བྱུང་དུ་སྡིགས་དམོད་བྱེད་པ། རྒྱན་འཇོག་པ། སྐད་ཆ་ཤིན་ཏུ་བཙོག་པོ་སྤྱད་ནས་ཁྲོམ་གྱི་བུ་མོ་རྣམས་ལ་སྡིགས་པ་རེད། ཁོས་ཞྭ་མོ་ཞིག་ཉོས་ཤིང་མིག་ཁར་བཀབ་ནས་འགྲོ། རྒྱུན་དུ་བྱ་བ་མེད་དུས།
རིང་པོ་མ་འགོར་བར། ཁོ་ཡང་བོར་སོང་། ཉིན་དེར་ཁོ་དང་མི་དེ་ཚོས་ཁོའི་ཁང་བའི་ནང་ཤོ་རྩེ་དུས་ཡར་ལངས་ཏེ། ཁོ་སྤྱོད་ཁང་དུ་འགྲོ་རྒྱུ་ཟེར། 
ཁོ་ཡང་བསྐྱར་ཡོང་དུས། སྔོན་དང་བསྡུར་ན་རྒྱགས་ཤིང་ནག་པ་ཞིག་ཆགས་འདུག་ལ། དེ་བཞིན་དུ་སྔོན་མ་ལས་ཀྱང་རྩུབ་པོ་ཞིག་ཏུ་གྱུར་འདུག ཁོའི་ཁ་ནས་དབྱིན་ཇིའི་སྐད་གདངས་ཇི་བཞིན་ཐོན་པའི་དབྱིན་སྐད་རྒྱག་པར་བྱེད། དེ་ནི་རང་གི་ལད་ཟློས་ཇི་མ་ཇི་བཞིན་དུ་ཐོན་པའི་ཆེད་དུ་ཡིན་ལས་ཆེ་སྟེ། ཁོས་བྱིས་པ་ཚོའི་ཁྲོད་དུ་རྒྱ་བསྐྱེད་མགོ་བརྩམས། ཁོས་ཁྲོམ་གྱི་བྱིས་པ་རྣམས་བོས་ཤིང་ཁོ་ཚོར་སྒོར་མོ་ཉུང་ཙམ་སྤྲད་དེ་འགྱིག་བྱེ་རིལ་དང་ཁྲོག་ལེ་ཉོ་རུ་བཅུག་པ་དང་། ཁོ་བྱིས་པ་ཚོའི་མགོར་བྱིལ་བྱིལ་གཏོང་བར་ཤིན་ཏུ་དགའ་ལ། ཁོ་ཚོར་བསམ་པ་བཟང་པོས་ཁ་ཏ་སློབ་གསོ་རེ་ཡང་གཏོང་བར་བྱེད། 
དེའི་རྗེས་སུ། མའེ་གོར་ཁྲོམ་སྒོ་རྟགས་ཨང45པར་སྡོད་པའི་ཉེན་རྟོག་དཔོན་པོ་ཁྲར་སིས་པའོ་ཅ་ཐྲི་བཟུང་སོང་། 
པའོ་ཅ་ཐྲི་ཡིས་ཅི་ཡིན་ཧ་མ་གོ་བར་ཧད་པར་གྱུར། 
ཉེན་རྟོག་དཔོན་པོ་ཁྲར་སིས་ཁོ་ལ་དོན་དག་གི་རྒྱུ་རྐྱེན་མ་ལུས་བཤད།
“དོན་དག་དེ་འདི་ལྟར་ཏེ” དགོང་མོ་ཞིག་ལ། ཧའེ་ཐྲི་ལམ་འགྲམ་གྱི་མི་བགྲོད་ལམ་དུ་འགྲེང་ནས་བཤད་རྒྱུར“ ཁོས་རང་གི་ཆུང་མ་དང་པོ་ཐུའུ་ནན་པོ་ནར་གཡུགས་ཏེ་སི་ཕེན་གྲུ་ཁ་རུ་ཡོང་བ་རེད། ཁོ་ཚོར་བྱིས་པ་མེད། ཁོ་དེར་བསྡད་ཚེ་སེམས་པ་མི་སྐྱིད་པས་གནས་དེ་དང་ཁ་བྲལ། ཁ་ལོ་ཉི་རུ་བུ་མོ་ཞིག་བཙལ་ཞིང་མོར་བྱིས་པ་ཞིག་སྐྱེས་སུ་བཅུག ཁ་ལོ་ཉི་རུ་ཁོ་ཚོ་རྩེད་མོ་བརྩེས་པ་མ་ཡིན་པར། པའོ་ཅ་ཐྲི་དང་བུ་མོ་དེ་གཉིས་གཉེན་བསྒྲིགས་པ་རེད”
“སྟག་ཤར་ཞིག་བཅོས་ཏེ་ང་ཚོ་གྲོགས་པོ་དག་དང་ལྷན་དུ་སྡོད་པའི་ཆེད་དུ་རེད།” 

        རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ། 


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease