ཡང་ཟོར།

    ཡིག་སྒྱུར་བ། དཔལ་རྒྱམ།


ཡང་ཟོར།


                       ཨི་ཋ་ལོ · ཀལ་ཝི་ནོ་ཡིས་བརྩམས།
                                         དཔལ་རྒྱམ་གྱིས་བསྒྱུར།


     བདག་གིས་འཆད་ཁྲིད་དང་པོ་འདི་ཉིད་ཡང་བ་དང་ལྕི་བའི་འགལ་བ་ལས་བརྩམས་ཏེ།   ཡང་བའི་རིན་ཐང་རྩལ་འདོན་གྱིས་འཆད་པར་འདོད།    དེ་ནི་ང་རང་ཡང་བ་ལ་གོམས་འདྲིས་ཆེ་བའི་རྐྱེན་གྱིས་ཡིན་པ་ལས།    ལྕི་བའི་རིན་ཐང་སྣང་མེད་དུ་འཇོག་འདོད་པ་ཁྱོན་ནས་མིན།
     ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་བརྩམས་སྒྲུང་བྲིས་ཤིང་།    རྩོམ་ལམ་སྣ་ཚོགས་བཙལ་ནས་ཚོད་ལྟ་འདྲ་མིན་མང་དུ་བགྱིས་པའི་མཐར།     ད་ནི་རང་གི་བརྩམས་ཆོས་ལ་སྤྱི་བསྡོམས་ཐེངས་ཤིག་བྱེད་པའི་དུས་ལ་བབས།     ཁོ་བོས་བསམས་ན།     ངའི་རྩོམ་ཐབས་ནི་རྣམ་ཀུན་ལྗིད་ཚད་འཕྲི་བ་དང་འབྲེལ་བ་འབའ་ཞིག་ཡིན་སྙམ།    བདག་གིས་ནུས་ཚོད་ཀྱིས་སྐབས་འགར་མི་སྣ་དང་།    སྐབས་འགར་སྟོང་ཁམས།    ཡང་སྐབས་འགར་གྲོང་ཁྱེར་སོགས་ཡང་བར་གཏོང་བའི་ཚོད་ལྟ་བགྱིས་པ་ཡིན།    སྒོས་སུ་གཏམ་རྒྱུད་ཀྱི་སྒྲིག་གཞི་དང་སྐད་ཆའི་ལྗིད་ཚད་འཕྲི་བ་ལ་ཧུར་གྱིས་འབད་ཁུལ་བྱས།
     འཆད་ཁྲིད་འདི་ལས་ངས་ཚོད་ལྟའི་ཚུལ་དུ་རང་ཉིད་དང་ཁྱེད་ཅག་ཚང་མ་ལ།    ཡང་ཟོར་ནི་དགེ་མཚན་ཞིག་ལས་སྐྱོན་ཆ་ཞིག་མིན་པར་སྙམ་པའི་རྒྱུ་མཚན་དང་།    རང་གི་བསམ་ཚོད་ཙམ་དུ་ཡང་ཟོར་གྱི་ཁྱད་ཆོས་ཐོན་ཡོད་པར་སྙམ་པའི་སྔོན་གྱི་བརྩམས་ཆོས་དག་གསལ་འདོན་བྱས་ནས།    རིན་ཐང་གང་གི་ད་ལྟའི་གོ་བབ་ངོས་འཛིན་དང་འབྱུང་འགྱུར་གྱི་གནས་སྟངས་གཏན་འཁེལ་བྱ་རྒྱུ་ཡིན།
     བདག་གིས་གནད་དོན་ཕྱི་མ་ནས་མགོ་བཟུང་སྟེ་ལུགས་ལྡོག་གིས་འཆད་རྩིས་ཡིན།    དང་པོ་ང་རང་རྩོམ་པའི་ལས་ལ་འཇུག་སྐབས།     ན་གཞོན་རྩོམ་མཁན་དག་གི་མདུན་དུ་ཉེ་བར་ལྷགས་པ་ནི་གང་ཉིད་གནས་པའི་དུས་རབས་དེ་མཚོན་པར་བྱ་རྒྱུ་དེ་ཡིན།   ངས་སེམས་འདུན་གཙང་མའི་ངང་དུས་རབས་ཡར་སྐུལ་གྱི་ལས་སྒོ་སྣ་ཚོགས་ཀྱི་བརྩེ་བ་བྲལ་བའི་སྟོབས་ཤུགས་དག་དང་དམ་དུ་སྦྲེལ་ནས་སྤྱི་སྒེར་གཉིས་ཀྱི་བྱེད་སྒོ་ཅི་རིགས་ལ་ཞུགས་པ་ཡིན།   ངས་རང་ཉིད་ཀྱི་རྩོམ་པར་སྐུལ་སློང་བྱེད་པའི་གདོང་མཆོང་སྙིང་སྟོབས་ཅན་གྱི་འཁྱམ་པོའི་བརྩམས་སྒྲུང་གི་རིགས་སུ་གྱུར་པའི་ནང་གི་གྲིམ་ལྷོད་དང་།    ཕྱིའི་མངོན་སུམ་གྱི་འཇིག་རྟེན་གྱི་ལན་རེར་ཟློས་གར་གྱི་ཉམས་དང་ལན་རེར་ཡ་མ་བརླའི་ངང་ཚུལ་ལྡན་པའི་ལྟད་མོ་སྣ་ཚོགས་ཀྱི་བར་ནས་བཏང་སྙོམས་ཀྱི་ཆ་ཞིག་བཙལ་མོད།    མི་རིང་བར་ཁོ་བོས་རང་གི་རྒྱུ་ཆ་རུ་འགྱུར་བར་ངེས་པའི་དངོས་བྱུང་གི་འཚོ་བ་དང་།     རང་གི་བརྩམས་ཆོས་སུ་སྤྱོད་པར་འདོད་པའི་བག་ཡངས་ཀྱི་འབྲི་ཐབས་གཉིས་ཀྱི་བར་དུ་བརྩོན་པ་ག་འདྲ་བསྐྱེད་ཀྱང་བརྒལ་ཐབས་མེད་པའི་ཧེ་བག་ཆེན་པོ་ཡོད་པ་ཧ་གོ་བྱུང་།     ཕལ་ཆེར་སྐབས་དེ་ནས་བཟུང་ངས་རིམ་གྱིས་འཇིག་རྟེན་གྱི་ལྕི་བའི་རང་བཞིན་དང་།   བག་ཉལ་གྱི་སྟོབས།    སྒྲིབ་པའི་ངོ་བོ་བཅས་ལ་ངོས་ཟིན་བྱུང་།    དུས་ནམ་ཞིག་གི་ཚེ་ཐབས་མཆོག་ཅིག་རྙེད་ནས་གཡོལ་ཐུབ་ན་མ་གཏོགས།    ཁྱད་ཆོས་འདི་དག་རྩོམ་པ་ལ་ཐོག་མར་འཇུག་དུས་ནས་བཟུང་ལུས་དང་གྲིབ་མ་ལྟར་འབྲལ་མེད་དུ་འཐམ་པར་བྱེད་ངེས།
     སྐབས་འགར་ང་ལ་འཇིག་རྟེན་ཧྲིལ་པོ་རྡོ་རུ་འགྱུར་བཞིན་པ་ལྟར་སྣང་།    ག་ལེར་འགྱུར་གྱིན་འདུག    མི་དང་ས་ཆའི་ཁྱད་པར་གྱིས་མགྱོགས་བུལ་མི་འདྲ་ན་ཡང་།    འཚོ་བའི་ཟུར་དང་ཆ་ཐམས་ཅད་ལ་མ་ཁྱབ་པ་མེད་པ་ནི།    ཐམས་ཅད་རྡོ་རུ་བསྒྱུར་ནུས་པའི་མེ་ཌུ་ས(Medusa)ཡི་མིག་ཟུང་ལ་སྐྱེ་བོ་གཅིག་ཀྱང་གཡོལ་ཐབས་མེད་པ་དང་གཉིས་སུ་མི་འདུག    ཕེར་སེའུ་སི(Perseus)ཁོ་ནས་ད་གཟོད་མེ་ཌུ་ས་ཡི་མགོ་བོ་གཅོད་པར་ནུས་ཏེ་དེ་ཡང་ཁོ་ཡིས་གཤོག་པ་ཐོགས་པའི་སྒྲོག་ལྷམ་གྱོན་ནས་འཕུར་ནུས་པའི་ཕྱིར་རོ། །ཕེར་སེའུ་སི་ཡིས་ཐད་ཀར་མེ་ཌུ་ས་ཡི་གདོང་ལ་ལྟ་མི་ནུས་པར་ཟངས་ཕུབ་ཏུ་ཤར་བའི་གཟུགས་བརྙན་ལ་ལྟ་བར་བྱེད།   ད་ལྟ་དུས་འདི་ལ་ང་རང་ཡང་རྡོ་བའི་གཏུབ་གྲིའི་སོ་ཁ་རུ་ཚུད་ལ་ཉེ་བའི་སྐབས་འདིར་ཡང་།    ཕེར་སེའུ་སི་ཁོ་ནས་ང་རང་བསྐྱབ་ཏུ་ནུས།   རང་ཉིད་ཀྱི་འདས་སོང་གླེང་བར་རྩོམ་དུས་རྣམ་ཀུན་ང་ལ་དེ་འདྲའི་ཚོར་སྣང་འབྱུང་གིན་འདུག     དེའི་ཕྱིར་ངས་ལྷ་སྒྲུང་གི་སྣང་བརྙན་གྱིས་གཏམ་བཤད་འདི་སྤེལ་གྱི་ཡིན།
     རྡོ་རུ་བསྒྱུར་དུ་མ་བཅུག་པར་མེ་ཌུ་ས་ཡི་མགོ་བོ་གཅད་དགོས་ཚེ།    ཕེར་སེའུ་སི་ཡིས་ཅིས་ཀྱང་ཆེས་ཡང་བའི་རང་བཞིན་ཅན་གྱི་རླུང་དང་སྤྲིན་ལ་བརྟེན་དགོས་ཤིང་།    དངོས་སུ་མ་ཡིན་པའི་བརྒྱུད་པའི་ཡུལ་ཏེ་མེ་ལོང་གི་གཟུགས་བརྙན་ལས་མི་གཡེལ་བ་གནང་དགོས།     བདག་གིས་དེ་མ་ཉིད་དུ་ལྷ་སྒྲུང་འདི་སྙན་ངག་པ་དང་འཇིག་རྟེན་གྱི་འབྲེལ་བ་མཚོན་པའི་བསྡུས་བརྗོད་རིགས་ཤིག་ཏུ་ངོས་བཟུང་ཆོག་སྙམ་ནས་རྩོམ་པར་འཇུག་པའི་ཐབས་ཤེས་ཀྱི་མིག་དཔེར་འོས་འདོད་མོད་ཀྱང་།    འགྲེལ་བ་ཡོད་ཚད་ཀྱིས་ལྷ་སྒྲུང་གང་དེ་བརྗོད་བྱས་དབུལ་བར་བྱས་ནས་མཐར་དབུགས་ཀྱི་རྒྱུ་བ་ཁེགས་པར་གཏུག་སྲིད་པས།     ལྷ་སྒྲུང་ལ་འཇུག་སྐབས་སླ་ཐབས་གཏན་ནས་མི་རུང་སྙམ།    རབ་ཡིན་ན་ལྷ་སྒྲུང་གང་དེ་དྲན་པའི་ཡུལ་དུ་བཀོད་ནས་ཞིབ་ཆ་རེ་རེ་རང་བབ་ཏུ་བཞག་ཅིང་།   གང་དེའི་སྣང་བརྙན་ཅན་གྱི་སྐད་ཆ་དང་འབྲེལ་བའི་སྒོ་ནས་དེ་ལ་གཞིགས་འོས།     ལྷ་སྒྲུང་ལས་ང་ཚོའི་བསླབ་བྱར་རུང་བ་གང་དེ་ནི་སྒྲ་དོན་གཉིས་ཀྱི་སྒོ་ནས་བྱུང་བ་བརྗོད་པ་དེ་ཡིན་པ་ལས་རང་ཅག་གིས་བཙན་གྱིས་ཕར་སྒྲོ་བཏགས་པ་དེ་དག་ནི་མ་ཡིན་ནོ། །
     ཕེར་སེའུ་སི་དང་སྲིན་མོ་མེ་ཌུ་ས་གཉིས་ཀྱི་འབྲེལ་བ་རྙོག་ཅིང་འཛིང་ཆེ་བས་མགོ་བོ་བཅད་པ་ཙམ་གྱིས་མཇུག་རྫོགས་པ་ཞིག་མིན།     མེ་ཌུ་སའི་ཟུངས་ཁྲག་ལས་ཕེ་གྷ་སུ་སི(Pegasus)ཟེར་བའི་གྱི་ལང་འཕུར་ཤེས་ཤིག་འཁྲུངས་ནས་རྡོ་བའི་ལྗིད་ཚད་རང་ལས་གོ་ལྡོག་པར་གྱུར།      གྱི་ལིང་འཕུར་ཤེས་ཀྱིས་རི་བོ་ཧེ་ལི་ཁོན(Mount Helicon)དུ་རྨིག་རྡེབ་ཅིག་བྱས་པ་ལས་འདོད་ལྷ་རྣམས་ཀྱིས་མཆོད་ཡུལ་དུ་གྱུར་པའི་ཆུ་མིག་ཅིག་བརྡོལ།    ལྷ་སྒྲུང་འདིའི་པར་གཞི་ལ་ཤས་སུ་མེ་ཌུ་སའི་བྱད་ཀ་གཏད་ཟུར་ཕོག་པའི་ཟུངས་ཁྲག་ལས་སྐྱེས་ཤིང་།    འདོད་ལྷ་རྣམས་དགྱེས་པར་བྱེད་པའི་གྱི་ལང་འཕུར་ཤེས་ངོ་མཚར་ཅན་དེ་ལ་ཕེར་སེའུ་སི་བཅིབས་ཞེས་འབྱུང་།    (སྟབས་འཁེལ་བ་ཞིག་ལ།   ཐ་ན་ཕེར་སེའུ་སི་ཡི་འཕུར་ལྷམ་ཆ་དེ་ཡང་སྲིན་པོའི་འཇིག་རྟེན་ལས་བྱུང་བ་ཡིན་ཏེ།  མེ་ཌུ་ས་ཡི་ལྕམ་སྲིང་གཞན་གཉིས་ཀྱི་ལག་ནས་ཐོབ་པ་ཡིན།     ལྕམ་སྲིང་འདི་གཉིས་ཀྱིས་མིག་གཅིག་དང་སོ་གཅིག་མཉམ་དུ་སྤྱོད།)   བཅད་འོང་བའི་མགོ་བོ་དེ་ནི་ཐེད་དུ་བོར་བ་མ་ཡིན་པར་ཕེར་སེའུ་སི་ཡིས་ཁུག་མ་ཞིག་ཏུ་བཏུམས་ནས་ཁུར་ཡོད།    རྣམ་ཀུན་སྡང་དགྲས་གཞོམ་པར་ཉེ་སྐབས་སྦྲུལ་ཆུང་ངུ་མང་པོས་བྱས་པའི་རལ་པ་དེ་བཟུང་ནས་ཕྱི་ལ་བསྟན་ཚེ།    ཁྲག་གིས་སྦགས་པའི་གཡུལ་གྱི་ཐོབ་རྫས་འདི་ཉིད་དཔའ་བོའི་ལག་གི་མཚོན་ཆ་ཟླ་མེད་ཅིག་ཏུ་འགྱུར།     མཚོན་ཆ་འདི་ཁོས་སྲོག་ཉེན་ལ་འཕྲད་པའི་དུས་དང་རྡོ་རུ་བསྒྱུར་བར་འོས་པའི་ནག་ཅན་སྡིག་ཏོ་ཅན་འབའ་ཞིག་ལ་མ་གཏོགས་བཀོལ་གྱི་མེད།    ལྷ་སྒྲུང་འདིས་ང་ཚོ་ལ་སྣང་བ་དང་རྣམ་པའི་ཁྲོད་དུ་ཡོད་ཅིང་གཞན་གང་གིས་ཀྱང་བརྗོད་པར་མི་ནུས་པའི་མཚོན་དོན་ག་གེ་མོ་ཞིག་བསྟན་ཡོད།    ཕེར་སེའུ་སི་ཡིས་དེ་སྔོན་མེ་ལོང་ལ་བལྟས་ནས་ཕ་རོལ་པོའི་མགོ་བོ་བཅད་པ་ལྟར།   ཁོས་སྦེད་པ་ལ་བརྟེན་ནས་འཇིགས་སུ་རུང་བའི་ངོ་གདོང་འདི་ཡོངས་སུ་བཏུལ།    ཕེར་སེའུ་སི་ཡི་སྟོབས་ཤུགས་ནི་ཐད་ཀར་ཕ་རོལ་པོའི་གདོང་ལ་མི་ལྟ་བར་ནུས་པ་ལས་བྱུང་བ་ཞིག་ལས།    རང་ཉིད་ཅིས་ཀྱང་འཚོ་ཞིང་གནས་པའི་ལས་དབང་འགོག་པ་ལས་བྱུང་བ་ཞིག་མིན།   ཁོ་དུས་ཀུན་དངོས་ཡོད་དང་འགྲོགས་ཡོད་པར་མ་ཟད་དེ་ཉིད་དམིགས་བསལ་གྱི་ཁྲེས་པོ་ཞིག་གི་དོད་དུ་བླངས་ཡོད་པ་སྨོས་མ་དགོས།
 
     ངེད་ཅག་གིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་རྩོམ་རིག་ལོ་རྒྱུས་ཀྱི་ཁྲོད་དུ་ཕན་ཚུན་འགལ་ཟླར་གྱུར་པའི་འཕེལ་ཚུལ་རིགས་གཉིས་ཡོད་ཅེས་སྨྲ་ཆོག་སྟེ།     གཅིག་གིས་སྐད་ཆ་ཐམས་ཅད་ལྗིད་ཚད་དང་བྲལ་བའི་སྤྲིན་གྱི་ཚོམ་བུ་ལྟར་དུ་བྱས་ཏེ་ཡོད་ཚད་ཀྱི་ཡང་སྟེང་དུ་མངོན་པར་གཡོ་བར་བྱེད།    ཡང་ན་དེ་ལས་ཀྱང་ཕྲ་ཞིང་ཕྲ་བའི་རྡུལ་ཕྲན་ཞིག་ཏུ་སྨྲས་ན་འོས་ཤིང་འཚམས།    ཡང་ན་དེ་ལས་ཀྱང་ཁབ་ལེན་སྡུད་ར་ཡི་ཡང་བའི་སྡུད་ཤུགས་སུ་སྨྲས་ན་དེ་བས་འཚམས།    ཅིག་ཤོས་ཀྱིས་ལྡོག་སྟེ་སྐད་ཆ་ལ་ལྗིད་ཚད་དང་འདུ་ཚད་བསྟབས་ནས་གང་དེ་དངོས་པོ་དང་།   འདུ་བྱེད།   ཚོར་བ་ཇི་བཞིན་རང་རྣམ་ཅན་དུ་སྒྱུར་བར་བྱེད།
     ཨི་ཐ་ལི་ཡི་རྩོམ་རིག་གི་ཐོག་མའི་དུས་སྐབས་སམ་ཡང་ན་ཡུ་རོབ་རྩོམ་རིག་གི་ཐོག་མའི་དུས་སྐབས་སུ་ཞེས་ཀྱང་ཆོག་སྟེ།    དེ་དུས་འཕེལ་ཚུལ་རིགས་དང་པོའི་སྲོལ་འཛིན་མཁན་ཀ་ཝལ་ཀན་ཊི(Cavalcanti)དང་ལུགས་ཕྱི་མ་འཛིན་མཁན་ཌན་ཊེ(Dante)ཡིན།    འདི་ནི་གོ་བསྡུར་འོལ་སྤྱི་ཙམ་ཡིན་པས་ན་དཔྱད་བསྡུར་ད་དུང་དེ་ལས་ཞིབ་པ་བྱ་དགོས།   ཅིའི་ཕྱིར་ཞེ་ན་ཌན་ཊེ་ཡི་ཤེས་པ་གཏིང་ཟབ་ལ་མཁྱེན་པ་རྒྱ་ཆེ་བས་སོ།  །ཌན་ཊེའི་སྙན་ངག་ཚིག་རྐང་བཅུ་བཞི་མ།   《ཀེའུ་དྷོ།   ངས་རེ་བཞིན་པའི་ཁྱོད་དང་ལ་ཕོ།    ད་དུང་བདག》(“Guido, i’ vorrei che tu e Lapo ed io”)ཅེས་བྱ་བ།    ཡང་བའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡོད་པ་ཏག་ཏག་ཀ་ཝལ་ཀན་ཊི་ལགས་ལ་བྲིས་པ་དེའང་རྒྱུ་མཚན་མེད་པ་ཞིག་ཁྱོན་ནས་མིན། 《གསར་སྐྱེས》(Vita Nuova)ཀྱི་ནང་དུའང་ཁོའི་གྲོགས་པོ་དང་དགེ་རྒན་དེ་ལ་འབྲི་བ་ནང་བཞིན་བྲིས་ཡོད་པར་མ་ཟད།    སྙན་ངག་པ་གཉིས་ལ་ཕྱོགས་མཚུངས་ཀྱི་ཐ་སྙད་དང་བརྗོད་གཞི།      མིང་བརྡ་སོགས་ཀྱང་མང་དུ་མཆིས།   ཐ་ན《ལྷའི་རོལ་མོ》(Divina Commedia)ཡི་ནང་དུ་ཌན་ཊེ་ཡིས་ཡང་བའི་ལུགས་ལྷུར་དུ་བླངས་པ་གང་དེའང་གཞན་དྲིང་འཇོག་མི་དགོས་པ་ཞིག་ཡིན་པ་བསྙོན་དུ་མེད་མོད།   ཌན་ཊེ་ཡི་ངེས་པ་དོན་གྱི་རྣམ་དཔྱོད་གང་དེ་ནི་དེ་ལས་ལྡོག་པའི་ཕྱོགས་སུ་མངོན་ཡོད།    ཁོང་གིས་སྐད་ཆའི་སྦྱོར་བ་ལས་འབྱུང་ཐུབ་པའི་དབྱངས་དང་མྱོང་སྣང་།    ཚོར་བ་མཐའ་དག་གི་ཉིང་བཅུད་བླངས་ཤིང་།    སྙན་ངག་གི་བང་རིམ་རེ་རེ་ནས་དང་།   རྣམ་པ་དང་ཁྱད་ཆོས་ཐམས་ཅད་ཀྱི་ཀློང་ནས་འཇིག་རྟེན་ནི་སྒྲིག་འཛུགས་དང་ལྡན་པའི་མ་ལག་ཅིག་དང་།    ལམ་སྲོལ་ཞིག    གོ་རིམ་ཞིག་ཡིན་པས།   དངོས་པོ་མཐའ་དག་ལ་རང་རང་གི་གོ་གནས་ཡོད་དོ་ཞེས་འཇིག་རྟེན་ལ་དགོངས་ཚུལ་འདི་འདྲ་ཞིག་བཞེས་ཡོད།    གལ་ཏེ་སྙན་ངག་པ་འདི་གཉིས་ལ་བཙན་ཐབས་ཀྱིས་བསྡུར་བ་ཅུང་ཟད་བྱས་ན།    ངས་བརྗོད་པར་འདོད་པ་ནི་ཌན་ཊེ་ཡིས་སྲ་ཞིང་མཁྲེགས་པའི་རང་བཞིན་ཅན་གྱི་ཆོས་དག་ལ་ཤིན་ཏུ་ནས་སྤྱི་མཚན་པའི་ཤེས་པའི་དམིགས་རྣམ་ཞིག་སྦྱོར་བར་བྱེད་ནའང་།    ཀ་ཝལ་ཀན་ཊི་ཡིས་དེ་ལས་ལྡོག་སྟེ་རེག་པ་མངོན་སུམ་གྱི་ཡུལ་དུ་གྱུར་པའི་མྱོང་སྣང་དག་དབྱངས་ཀྱི་འདེགས་འཇོག་གསལ་བའི་སྙན་ཚིག་དང་སྒྲའི་ཆ་ཤས་སུ་འཐིམ་པར་བྱས་ཏེ།    བསམ་བློ་གང་དེ་གློག་ཞགས་འཁྱུག་པ་ནང་བཞིན་མུན་ནག་གི་ཀློང་ནས་བསྟུད་མར་ཕྱི་ལ་མཆེད་པ་ཞིག་ཏུ་བགྱིད་དོ། །
     ཀ་ཝལ་ཀན་ཊི་དང་འབྲེལ་བའི་གླེང་བརྗོད་འདིས་ངའི་བཤད་པའི་ཡང་བའི་སྐོར་གསལ་བཤད་བྱེད་ཐུབ་པ་འདྲ་སྟེ།     མ་མཐའ་ཡང་ང་རང་ཉིད་ལ་མཚོན་ན་ནི་དེ་ལྟར་རེད།     ང་ལ་མཚོན་ན་ཡང་བ་ནི་ཚད་འཁེལ་བ་དང་གཏན་ཆགས་པ་ཞིག་ཡིན་པ་ལས།     རབ་རིབ་དང་མི་རྟག་པ་ཞིག་ཁྱོན་ནས་མ་རེད།    ཕོལ·ཝ་ལེ་རི(Paul Valery)ཡིས།   བྱེའུ་ལྟ་བུའི་ཡང་ཟོར་ལས།   །སྒྲོ་སྤུ་ཡང་བ་ལྟར་མ་ཡིན།  །(“Il faut être léger comme l’oiseau, et non comme la plume”)ཞེས་གསུངས།    ང་རང་གིས་ཀ་ཝལ་ཀན་ཊི་ལགས་མ་མཐའ་ཡང་དོན་སྙིང་མི་འདྲ་བ་གསུམ་གྱི་ངོས་ནས་ཡང་བའི་མིག་དཔེར་བཟུང་ཡོད།    དང་པོ་སྐད་ཆ་ཟོར་ཡང་བར་བྱས་ནས་ཕལ་ཆེར་ལྗིད་དང་བྲལ་བའི་སྐད་ཆས་བསྟན་དོན་མཚོན་ཞིང་།    དོན་སྙིང་རང་སྟེང་ལའང་ལྷད་མེད་པར་གཅིག་མཐུན་གྱིས་མངོན་པར་བྱེད་པ།    དེའི་ཐད་ཀྱི་དཔེ་བརྗོད་གཞན་པ་ཁྱེད་ཅག་རང་ཉིད་ཀྱིས་ཀྱང་འཚོལ་ཆོག་སྟེ་དཔེར་ན་ཨེ་མི་ལི·ཌིག་ཁིན་སོན(Emily Dickinson)གྱི་སྙན་ངག་ཁྲོད་དུ་དེ་འདྲ་བ་བགྲང་གིས་མ་ལང་བ་ཡོད།
 
      མེ་ཏོག་གདན་ཞིག་འདབ་མ་ཞིག་དང་ཚེར་མ་ཞིག །
      དབྱར་ཁ་རང་ག་ཞིག་གི་ཞོགས་པ་ཕལ་པ་ཞིག །
      དམ་ངོས་ཟིལ་བ་རྡོག་གཅིག་སྦྲང་མ་གཅིག་དང་གཉིས། །
      ལྡང་བའི་བསེར་བུ་ལན་གཅིག་ལྗོན་རྩེའི་ཐེའུ་ཞིག །
      ད་དུང་ང་རང་ཉིད་དེ་རྒྱ་སེ་རྐང་གཅིག་གོ། །
 
     གཉིས་པ་ནི་རྟོགས་པར་དཀའ་བའི་ཞིབ་ཚགས་ཀྱི་ཆ་ཤས་མང་པོས་བྱ་བ་བྱེད་པའི་བསམ་བློ་ཞིག་གམ་སེམས་ཁམས་ཀྱི་རིམ་པ་ཞིག་བརྗོད་པའམ།    ཚད་མཐོན་པོའི་སྤྱི་མཚན་གྱི་རྟོག་པའི་ཞིབ་འབྲི་ཡིན་པ་ཞིག་སྟེ།     དེང་རབས་ཀྱི་དཔེ་བརྗོད་ཅིག་རྙེད་དགོས་ན།   ང་ཚོས་ཧེན་རི·ཇེམ་སི(Henry James)ཡི་དཔེ་དེབ་གང་རུང་ཞིག་གི་ཁ་ཕྱེ་བས་འཐུས་སོ།  །
     དཔེར་ན་གཅོང་རོང་འདི་དག་གི་ཕྱོགས་གཉིས་ནི་རྟག་པར་རླུང་བུ་ཆུང་ངུ་ཙམ་གྱིས་ཀྱང་ཡོམ་ཡོམ་བསྒུལ་བར་ནུས་པ་ཞིག་ཡིན་ནའང་།    དོན་གྱིས་ཤིན་ཏུ་སྲ་ཞིང་དམ་པའི་སྦྲེལ་ཟམ་གྱིས་སྦྲེལ་ཡོད།    ཟབ་ཚད་འཇལ་བྱེད་ཀྱི་སྙུང་བུ་རེ་སྐབས་དང་སྐབས་སུ་མར་དཔྱང་བ་ནི་གཅོང་རོང་གིས་རང་ཉིད་ཀྱི་དབང་རྩ་རྣམས་བག་ལ་འཕབ་པར་བྱེད་པ་ལྟར་སྣང་།    འགྱུར་བ་གཏན་ནས་བྱུང་མ་མྱོང་བ་ནི།    མོའི་སེམས་སུ་ཁོས་རང་གི་ཁོག་ལ་བཅངས་ཏེ་མོ་ལ་བཤད་མེད་པའི་མ་རེངས་པའི་འདུ་ཤེས་གང་དེ་ད་དུང་ཡང་འགོག་མི་དགོས་པར་འདུག་སྙམ་གྱིན་མཆིས་མོད།    ཉེ་དུས་ཀྱི་ཁ་ཞེ་གཉིས་མེད་ཀྱི་ཁ་བརྡ་ཞིག་མཇུག་མ་བསྡུས་པའི་སྔོན་དུ་འདུ་ཤེས་གང་དེ་མཐར་སྦ་གསང་མེད་པར་ཤོར་སོང་། 
        ——(《ནགས་ཀྱི་གཅན་གཟན》 ( ལེའུ་གསུམ་པ)
 
     གསུམ་པ་ནི་ཡང་བའི་སྣང་བརྙན་རིགས་ཤིག་ལ་མཚོན་བྱེད་ཀྱི་རིན་ཐང་ལྡན་པ་སྟེ།   དཔེར་ན་བྷོག་ཁག་ཆིའོ(Boccaccio)ཡི་གཏམ་རྒྱུད་ཁྲོད་དུ་ཀ་ཝལ་ཀན་ཊི་ཡི་ལྡེམ་མྱུར་ལྡན་པའི་རྐང་པ་ཟུང་མཆོང་ཐེངས་ཤིག་གིས་དུར་སའི་སྟེང་ནས་བརྒལ་བ་ལྟ་བུའོ།   །རྩོམ་རིག་གི་གསར་ཉམས་ཁྱད་པར་ཅན་ཁ་ཤས་ནི་ཚིག་སྦྱོར་གྱི་འཁྲི་བའི་ཆ་ནས་བློ་ངོར་འཇགས་པ་ལས་མཐོང་ཐུབ་པའི་མིང་ཚིག་དངོས་ཀྱི་དབང་གིས་མིན་ཏེ།   ཌོང་ཀི་ཧོ་ཊེ(Don Quixote)ཡིས་རང་གི་མདུང་རིང་རླུང་འཁོར་གྱི་གཤོག་པར་བསྣུན་ནས་རང་ཉིད་རླུང་འཁོར་གྱིས་བར་སྣང་དུ་བཏེགས་པའི་ངང་ཚུལ་གང་དེའང་སེར་ཝན་ཐེ་སི(Cervantes)ཡི་བརྩམས་སྒྲུང་ཁྲོད་དུ་ཡིག་ཕྲེང་འགའ་ལས་བྲིས་མེད།   དེ་ལྟ་ནའང་ཐ་ན་ངེད་ཅག་གིས་འདི་ལྟར་སྨྲས་ཀྱང་རུང་སྟེ།     རྩོམ་པ་པོས་རྩོམ་གྱི་རྒྱུ་ཆ་འབོར་ཆེན་གྱི་གྲས་ནས་ཆ་ཤས་ཆེས་ཆུང་ངུར་གྱུར་པ་ཞིག་མ་གཏོགས་ཡི་གེར་བཀོད་མེད་ནའང་།   དེས་ཀྱང་འདི་ཉིད་འཛམ་གླིང་རྩོམ་རིག་གི་དུམ་ཚན་གྲགས་ཅན་ཞིག་ཏུ་འགྱུར་བ་ལ་གནོད་པ་སྤུ་ཙམ་མ་མཆིས་སོ།  །

                  རྩོམ་སྒྲིག་པ། འཕགས་མི།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease