
གནས་ཁང་ཁྱིམ་ཆས་ཅན།
ཨོ · ཧེན་རི་ཡིས་བརྩམས།
ལྡོང་བུས་བསྒྱུར།
དུས་ཀྱི་ཆོས་ཉིད་དང་གཉིས་སུ་མེད་པར་དལ་བ་བྲལ། འགྲོ་འདུག་མང་ཞིང་འགྱུར་བ་རྒོད་པ་ནི། ཤོད་ནུབ་ཟུར(the lower West Side)གྱི་སོ་ཕག་དམར་པོའི་ཁང་པ་ཡོད་ས་དེ་གའི་ཕོན་ཆེ་བའི་མི་འབོར་ངེས་ཅན་དེ་ལས་གཞན་ཅི། ཁོ་ཚོ་ལ་རང་ཁྱིམ་ཞེས་པ་ཞིག་མེད་ནའང་། གཡར་སའི་ཁྱིམ་ནི་བརྒྱ་ཕྲག་ཅིག་མཆིས། ཁོ་ཚོ་གནས་ཁང་ཁྱིམ་ཆས་ཅན་གཅིག་ནས་གནས་ཁང་ཁྱིམ་ཆས་ཅན་གཞན་ཞིག་ལ་ཁྱུག་ཙམ་ཁྱུག་ཙམ་ངང་སྤར་ཏེ། དུས་ནམ་ཡང་སྐད་ཅིག་མའི་ངང་ཚུལ་སྐྱོང—གནས་ཁང་ནི་སྐད་ཅིག་ཙམ་སྟེ། སེམས་དང་ཤེས་པའང་དེ་ལྟར་སྐད་ཅིག་ཙམ། ཁོ་ཚོས་རག་ཐམ(ragtime)གྱི་དབྱངས་རྟས“ཁྱིམ། སྙིང་ཉེ་བའི་ཁྱིམ”ཞེས་གཞས་གཏོང་ཞིང་། ཁྱིམ་ལྷ་དང་རྒྱུ་རྫས(lares et penates)ཐམས་ཅད་ཞྭ་སྒམ(bandbox)ཞིག་ཏུ་འཇུག ཞྭ་མཐའ་རུ་དཀྲིས་པའི་བརྒྱན་རིས་དེ་ནི་ཁོ་ཚོའི་འཁྲི་ཤིང་དང་། འགྱིག་གི་སྡོང་པོ་ནི་ཁོ་ཚོའི་སེ་ཡབ་ཀྱི་ལྗོན་པ་ལས་མ་འདས།
དེའི་ཕྱིར་ས་ཁུལ་འདི་གའི་གནས་ཁང་དག་ཏུ། གནས་ཚང་གཡར་མཁན་སྟོང་ཕྲག་དུ་མ་མཆིས་ན། གཏམ་རྒྱུད་ཀྱང་སྟོང་ཕྲག་དུ་མ་འཆད་རྒྱུ་ཡོད་ངེས་ལ། དེ་དག་ལས་ཕལ་ཆེ་བ་ཆོ་མེད་བཤད་རིན་མེད་པའང་ཤ་སྟག་ཡིན། དེ་ལྟ་ནའང་གནས་ངེས་མེད་འཁྱམས་པའི་མགྲོན་པོ་འདི་འདྲ་མང་པོ་ཞིག་གིས་དཀྲོགས་ཤུལ་དུ། ཤི་འདྲེ་གཅིག་གཉིས་ཤིག་མཐོང་རྒྱུ་མེད་ན། དེའང་ཏན་ཏན་ཡ་མཚར་ཞིག་ཅི་ལ་མིན།
མུན་ཡོངས་སུ་རུབ་རྗེས་ཀྱི་མཚན་མོ་ཞིག་ལ། གཞོན་ནུ་ཞིག་རལ་ཞིང་གས་པའི་ཁང་བརྩེགས་དམར་པོ་དེ་དག་གི་དཀྱིལ་དུ་མྱུལ་གྱིན། རེ་རེ་བཞིན་སྒོ་དྲིལ་གནོན། ཁང་པ་བཅུ་གཉིས་པའི་མདུན་དུ་ཁོས་ལག་ཁུག་སྟོང་པ་དེ་སྐས་ཐོག་ཏུ་བཞག་སྟེ་ཞྭ་དཀྲིས་དང་དཔྲལ་བའི་ས་རྡུལ་གཙང་མར་ཕྱིས། གསལ་ལ་མི་གསལ་བའི་སྒོ་དྲིལ་གྱི་སྒྲ་ནི་རྒྱང་ཐག་རིང་ཞིང་སྟོང་ཧང་ངེའི་གཏིང་རུམ་ཞིག་ནས་མཆེད་པ་དང་འདྲ།
ཁང་པ་འདི་ཡི་སྒོ་ནང་ནས། ཁོས་སྒོ་དྲིལ་མནན་པའི་ཁང་པ་བཅུ་གཉིས་པ་འདི་ཡི་ནང་ནས། ཁང་བདག་ཅིག་སླེབས་ཤིང་། དེའི་བཟོ་ལྟ་ཡིས་ནད་ཀྱིས་ཟིན་ཅིང་བཟའ་བཏུང་ཚོད་མེད་དུ་སྤྱད་པའི་སྲིན་འབུ་ཞིག་གིས་རང་ཉིད་ཀྱི་སྟར་ཀའི་ནང་སྙིང་ཟོས་ཚར་ཏེ་སྐོགས་ཤུན་སྟོང་པ་ཞིག་ལས་མ་ལྷག་པར། ད་ལྟ་བཟའ་རུང་བའི་གནས་ཁང་གླ་མཁན་ཞིག་ལ་བསྒུགས་ནས་སྟོང་ཆ་དེ་བསྐྱར་དུ་དགང་འདོད་པའི་སྣང་བ་ཞིག་ཁོ་ལ་སྐྱེ་རུ་བཅུག
ཁོས་གནས་ཁང་གླ་རྒྱུ་ཡོད་མེད་དྲིས།
“ནང་ལ་ཤོག” ཁང་བདག་གིས་དེ་སྐད་སྨྲས། མོའི་སྐད་ནི་གྲེ་བ་ལས་གྲགས་ཤིང་། གྲེ་བ་ལ་བ་སྤུ་སྐྱེས་ཡོད་པ་དང་མཚུངས། “ཐོག་བརྩེགས་གསུམ་པ་རུ་རྒྱབ་ཁང་ཞིག་ཡོད། གཟའ་འཁོར་གཅིག་སྔོན་ནས་སྟོང་པ་ཡིན། དེ་ལ་ལྟ་འདོད་ཨེ་ཡོད?”
གཞོན་ནུ་དེ་མོའི་རྗེས་དེད་ནས་སྐས་ལ་འཛེགས། གར་ཡོང་མི་ཤེས་པའི་གློག་འོད་རབ་རིབ་ཅིག་གིས་བར་ཁྱམས་ཀྱི་མུན་པ་འཇམ་སེ་བར་བཟོས་འདུག ཁོ་གཉིས་ཀྱིས་ཁ་ཁུ་སིམ་པོའི་ངང་རྐང་འོག་ཏུ་རྫི་བཞིན་པའི་ས་གདན་དེ་བཟོ་སྤྱད་ཐགས་ཁྲི་ཡིས་ཀྱང་ངོས་མི་ཟིན་པ་ལྟར་རལ་ཏེ། ཧ་ལམ་སྔོ་ཚལ་ལྟ་བུ་ཞིག་ཏུ་གྱུར་འདུག དྲི་ངན་དང་ཉི་འོད་བྲལ་བའི་མཁའ་རླུང་གིས་སྦགས། ཤིང་བལ་འབེལ་པོར་འཕྱུར། སྔོ་དྲེག་ག་ས་གར་སྐྱེས་ཤིང་བརྐྱངས་ཏེ་སྐས་ཐེམ་བར་དུ་སླེབས་པས་རྐང་པ་སྤོས་ཚེ་སྐྱེ་ལྡན་གྱི་རྫས་ཐོག་ལ་སྤོ་བ་ཇི་བཞིན་འབྱར་བག་བག་བྱེད། སྐས་ཀྱི་དཀྱོག་མཚམས་རེ་རེའི་རྩིག་ངོས་སུ་ཁུང་བུ་སྟོང་པ་རེ་མཆིས། དེ་ནི་ཧ་ལམ་སྔོན་ཆད་རྩི་ཤིང་མེ་ཏོག་སྣ་ཚོགས་འཇོག་ས་ཞིག་ཡིན་ལས་ཆེ། དངོས་གནས་དེ་འདྲ་ཡིན་ཚེ་རྩི་ཤིང་མེ་ཏོག་དེ་དག་ཀྱང་དྲི་མས་གོས་ཤིང་སྐྱུག་བྲོ་བའི་མཁའ་རླུང་དེ་ལས་ཤི་སོང་བ་ཐག་ཆོད་རེད། གཅིག་བྱས་ན་དམ་པའི་ལྷ་སྐུའང་དེ་གར་བཞག་མྱོང་ཡོད་ངེས་མོད། དེ་དག་ཀྱང་ཐེའུ་རང་དང་གདོན་འདྲེའི་ཚོགས་ཀྱིས་མདུན་གྱི་མུན་པའི་ཀློང་དུ་འཐེན་ཏེ་གཤམ་གྱི་གནས་ཁང་ཁྱིམ་ཆས་ཅན་ག་གེ་མོ་ཞིག་གི་ངན་འགྲོའི་འོབས་དོང་གཏིང་རིང་བ་ཞིག་ཏུ་དྲུད་སོང་བ་བསམ་བློ་ཅུང་ཙམ་བཏང་བས་ཤེས་ཐུབ།
“ཁང་པ་འདི་རེད།” ཁང་བདག་གིས་གྲེ་བ་བ་སྤུ་ཅན་ལས་དེ་སྐད་བཤད།“ཁང་པ་ཡག་པོ་ཞིག་ཡིན། ནམ་རྒྱུན་མི་སྡོད་ཀྱི་ཡོད། ད་ལོའི་དབྱར་ཁར་ད་དུང་མི་སྤྱོད་ལམ་ཧ་ཅང་བཟང་བ་སྐོར་ཞིག་བསྡད་མྱོང—རྙོག་དྲ་ཅུང་ཙམ་ཡང་མི་བཟོ། ཁང་གླའང་དུས་ལྟར་སྔོན་ལ་སྤྲོད་ཀྱི་ཡོད། ཆུ་བར་ཁྱམས་ཀྱི་སྣེ་ན་ཡོད། སིབ་རོལ་སི(Sprowls)དང་མུ་ནེ(Mooney)གཉིས་ཀྱིས་ཟླ་གསུམ་ལ་གླས། མོ་གཉིས་ཀྱིས་འཁྲབ་སྟོན་ཐུང་ངུ་སྣ་ཚོགས་འཁྲབ་མྱོང་། སྲས་མོ་བྷུ་རེད་ཋ • སིབ་རོལ་སི(Miss B’retta Sprowls)—ཁྱོད་ཀྱིས་མོའི་མིང་གོ་མྱོང་ཡོད་ངེས—འོ་རེད། དེ་ནི་གར་མིང་ཙམ་རེད—ཏག་ཏག་འཁྲུད་སྟེགས་ཀྱི་སྟེང་འདིར་ད་དུང་མོའི་གཉེན་སྒྲིག་དཔང་ཡིག་ལ་སྒྲོམ་གཞི་བཟོས་ནས་བཀལ་མྱོང་། སོལ་རླངས་ཀྱི་སྒོ་གཅུས་འདི་ན་ཡོད། དེ་གར་ད་དུང་ཆ་སྒམ་འདང་ངེས་ཤིག་ཡོད། མི་ཚང་མ་ཁང་པ་འདི་ལ་སྡོད་རྒྱུར་དགའ། ནམ་ཡང་ཡུན་རིང་པོར་སྟོང་པ་ཆགས་མྱོང་མེད།”
“ཁང་པ་འདིའི་ནང་དུ་འཁྲབ་སྟོན་པ་མང་པོ་བསྡད་མྱོང་ངམ?” གཞོན་ནུ་དེས་དེ་ལྟར་དྲིས།
“ཁོ་ཚོ་གཅིག་ཡོང་ན་གཅིག་ཕྱིན་འགྲོ། ངའི་གནས་ཁང་གླ་མཁན་ཕལ་ཆེར་ཟློས་གར་ཁང་ལ་འབྲེལ་བ་ཡོད། འོ། སྐུ་ཞབས་ལགས། ས་ཁུལ་འདི་ཟློས་གར་ཁང་འདུ་ས་ཞིག་ཡིན། འཁྲབ་སྟོན་པ་དེ་དག་ས་ཆ་གང་ནས་ཀྱང་ཡུན་རིང་སྡོད་ཐུབ་ཀྱི་མེད། ངའི་འདི་ལ་ཡོང་མཁན་མང་པོ་ཡོད། འོ་རེད། ཁོ་ཚོ་གཅིག་ཡོང་ན་གཅིག་ཕྱིན་འགྲོ།”
ཁོས་གནས་ཁང་གླས་ཏེ་གཟའ་འཁོར་གཅིག་གི་ཁང་གླ་སྔོན་ལ་སྤྲོད་རྒྱུ་བྱས། ཁོ་རང་ཐང་ཆད་འདུག་པས། ད་ལྟ་ལམ་སང་ཁང་པའི་ནང་དུ་འདུག་འདོད་ཚུལ་བཤད། ཁོས་སྒོར་མོ་རེ་རེ་བཞིན་བགྲངས། མོས་ཁང་པ་སྔ་མོ་ནས་གྲ་སྒྲིག་ཨང་སར་ཡིན། ཐ་ན་ལག་ཕྱིས་དང་ཆུའང་འཕྲལ་དུ་སྤྱོད་ཆོག་ཆོག་ཡིན་ཟེར། ཁང་བདག་ཕྱི་ལ་འགྲོ་གྲབས་བྱེད་སྐབས་ཁོས་གཞི་ནས། ཐེངས་སྟོང་ཕྲག་གཅིག་ལ་ལྕེ་རྩེ་རུ་བླངས་མྱོང་བའི་དྲི་བ་དེ་མོ་ལ་དྲིས།
“བུ་མོ་གཞོན་ནུ་མ—སྲས་མོ་ཝ་ཧྲི་ནེར—སྲས་མོ་ཨེ་ལོའེ་སི · ཝ་ཧྲི་ནེར(Miss Eloise Vashner)—ཟེར་བ་ཞིག་ཁྱོད་ཀྱི་གནས་ཁང་གླ་མཁན་གྱི་ནང་ན་ཡོད་མེད་དྲན་གྱི་འདུག་གམ? མོས་ཕལ་ཆེར་གར་སྟེགས་སུ་གཞས་གཏོང་གི་ཡོད། བུ་མོ་ཤ་རྩ་དཀར་ལ། གཟུགས་ཕྲ་ཞིང་རིང་ཐུང་རན་པ། སྐྲ་ལོ་སེར་ཞིང་དམར་མདངས་ཅན། སྨིན་མ་གཡོན་པའི་ཉེ་སར་སྨེ་བ་ནག་པོ་ཡོད་པ་ཞིག་ཡིན།”
“མི་འདུག མིང་དེ་ཡིད་ལ་དྲན་གྱི་མི་འདུག གར་སྟེགས་སྟེང་གི་མི་འདི་དག་གིས་གནས་ཁང་བརྗེ་བ་ནང་བཞིན་ཁོ་ཚོའི་མིང་ཡང་རྟག་ཏུ་བརྗེ་ཡི་ཡོད། ཁོ་ཚོ་གཅིག་ཡོང་ན་གཅིག་ཕྱིན་འགྲོ། མི་འདུག ངའི་སེམས་ལ་མི་དེ་འདྲ་ཞིག་དྲན་གྱི་མི་འདུག”
མི་འདུག ནམ་ཡང་ཤེས་མཁན་མི་འདུག ཟླ་བ་ལྔ་ལྷག་གི་རིང་ལ་འདྲི་རྩད་མཚམས་མ་ཆད་ནའང་དྲི་ལན་ནི་འདི་ཉག་གཅིག་རེད། ཉིན་མོར་ཟློས་གར་ཁང་གི་འགན་འཛིན་དང་། ངོ་ཚབ། ཟློས་གར་སློབ་གྲྭ་དང་མཉམ་གཞས་རུ་ཁག་ལ་དྲིས། མཚན་མོར་ཟློས་གར་ཁང་གི་ལྟད་མོ་བའི་ཁྲོད་ནས་ཡར་འདྲི་མར་འདྲི་བྱས་ཏེ། མཐོ་གར་མཁན་གྲགས་ཅན་གྱི་འཁྲབ་སྟོན་ནས་དམན་རོལ་མོ་ཁང་སྐྱུག་བྲོ་བ་དག་ཏུ་ཕྱིན་ཏེ་ཉིན་མཚན་གྲངས་མེད་ཅིག་ཟད། གནས་ཞེ་མེར་བ་དེ་དག་ཏུ་ཆེས་རྙེད་པར་འདོད་པ་དེ་རྙེད་རྒྱུ་རེད་སྙམ་ནས་སེམས་ཁྲལ་ཡང་ཆེ། མོ་ལ་ཞེ་འདང་ཧ་ཅང་ཆེ་བས་ཁོས་ཅིས་ཀྱང་འཚོལ་གང་ཐུབ་ཐུབ་བྱས། མོ་ཁྱིམ་ལས་བོར་བའི་ཉིན་དེ་ནས་བཟུང་། ཆུ་རྒྱུན་གྱིས་བསྐོར་བའི་གྲོང་ཁྱེར་ཆེན་པོ་འདིས། མོ་རང་གནས་ག་ཤེད་ཅིག་ཏུ་བསྐུངས་ཡོད་པར་སེམས་ཐག་ཆོད། ཡིན་ནའང་གྲོང་ཁྱེར་དེ་ནི་བྱེ་འདམ་གཏོས་ཆེ་ཞིང་འཇིགས་སུ་རུང་བ་ཞིག་དང་འདྲ་བར། བྱེ་ཟེགས་དག་ལ་རྩ་བ་མེད་ཅིང་སྡོད་པའི་གནས་སྐབས་དང་བྲལ་བས། དེ་རིང་ཁ་རུ་གཡེང་བའི་ཟེགས་རྡུལ་དག་སང་ཉིན་གྱི་འདམ་ཞོ་དང་མྱག་མ་ཡིས་གཏིང་དུ་སྦ་བར་བྱེད།
གནས་ཁང་ཁྱིམ་ཆས་ཅན་འདིས་ཐོག་དང་པོར་ངོ་འཕྲད་པའི་གུས་ཞབས་བཅོས་མ་ཞིག་གིས་མགྲོན་པོ་གསར་པ་དེར་སྣེ་ལེན་བྱས། ཟུངས་ཟད་བཀྲག་མེད་ཀྱི་དམར་མདངས་ཞན་པོ་དང་སླ་བཅོས་འཕྲལ་སེལ་གྱི་དགའ་བསུ་བྱེད་སྟངས་དེ་ནི་འཕྱོན་མ་ཞིག་གི་འཛུམ་མདངས་རྫུན་མ་དང་གཉིས་སུ་མེད། རྙིང་ཞིང་གོག་པའི་ཁྱིམ་ཆས་དག་དང་། གོས་ཆེན་གྱི་ཕྱི་ཤུན་ཡོངས་སུ་རལ་པའི་འབོལ་ཁྲི་དང་རྐུབ་ཀྱག་གཉིས། གོང་དམའ་ཞིང་འདོམ་གང་ལས་མེད་པའི་སྒེའུ་ཁུང་གཉིས་བར་གྱི་རྩིག་ཤེལ(pier glass)། གསེར་ཆུ་བྱུགས་པའི་པར་སྒྲོམ་གཅིག་གཉིས་ཤིག་དང་གྲུ་ག་ཞིག་ཏུ་བཞག་པའི་ར་གན་གྱི་མལ་ཁྲི་བཅས་འདི་དག་ལས་འོད་སྣང་ཕྲན་བུ་ཙམ་འཕྲོས་ཏེ། མ་ཡིན་ཡིན་མདོག་གི་བདེ་སྣང་ཞིག་སྟེར་བར་བྱེད།
མགྲོན་པོ་དེ་དུབ་ཅིང་སྒྱིད་ལུག་པའི་ངང་རྐུབ་ཀྱག་ཅིག་གི་སྒང་ལ་བསྙེས་པའི་རིང་། ཁང་པ་འདི་ནི་མཆོད་རྟེན་ཆེན་མོ་བྷ་བྷེལ(Babel)ནང་གི་ཁང་མིག་ཅིག་དང་འདྲ་བར། ངག་ལྡབ་ལྡིབ་སྔོན་ཆད་ཀྱི་གནས་ཁང་གླ་མཁན་སྣ་ཚོགས་རེ་རེ་བཞིན་ཁོ་ལ་ཤོད་རྒྱུའི་འབད་པ་རྩོམ།
ས་གདན་ཁྲ་ཁྲ་ཞིག་ཡོད་པ་ནི་ཚ་བའི་ཡུལ་གྱི་གླིང་ཕྲན་གྲུ་བཞི་ནར་མོའི་དབྱིབས་ཅན། ཕྱོགས་བཞི་རྦ་རླབས་གཡོ་ཞིང་རྩྭ་གདན་གྱིས་སྦགས་པའི་རྒྱ་མཚོས་བསྐོར་བ། སྟེང་ལ་མེ་ཏོག་བཀྲག་ཅན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང་ཀུན་ཏུ་མཚུངས། ཤོག་བུ་མཆོར་པོ་སྦྱར་བའི་རྩིག་ངོས་སུ་ཁྱིམ་ནས་ཁྱིམ་མེད་པར་གནས་ཁང་གཡར་མཁན་དག་གི་ཕྱི་བཞིན་བསྙེགས་པའི་འདྲ་པར་དག་སྟེ—ཧུ་གྷུའེ་ནོད་དགའ་རོགས(The Huguenot Lovers)དང་། ཁ་རྩོད་ཐོག་མ(The First Quarrel)། གཉེན་སྟོན་གྱི་ཞོགས་ཟས(The Wedding Breakfast)། ཆུ་མིག་འགྲམ་གྱི་མཛེས་མ(Psyche at the Fountain)བཅས་སྦྱར་འདུག ཐབ་སྒྲོམ་གྱི་བང་ཁྲིའི་ཐབ་མགོ་ནི་སྤྲོས་པ་བྲལ་ལ་བརྗིད་དང་ལྡན་ནའང་དེ་ཉིད་ཨ་མ་ཟོན་བྷལ་ལེད(Amazonian ballet)ནང་གི་སྐ་རགས་དང་འདྲ་ཞིང་གསེག་གེར་འཐེན་པའི་རས་ཆ་ཧར་པོ་ཞིག་གི་ཕག་ཏུ་གཟི་མདངས་ཉམས་པའི་ངང་སྦས། དེའི་སྟེང་ལ་གནས་ཁང་འདི་རུ་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སྐྱེ་བོ་དག་རླུང་རྟ་དར་བའི་གྲུ་གཡོར་གྱིས་གྲུ་ཁ་གསར་པ་ཞིག་ལ་ཁྱེར་ཤུལ་དུ་དགོས་མེད་གཅིག་པུར་དོར་བའི་ལྡིང་རོ་ཁ་ཤས་ཏེ—གོང་དམའ་བའི་བུམ་པ་གཅིག་གཉིས་ཤིག གར་མཁན་མའི་འདྲ་པར་ཁ་ཤས། སྨན་གྱི་ཤེལ་དམ་ཞིག ཁ་ཕྱེ་ནས་ཐོར་ཡོད་པའི་ཏག་སེ་ཞིག་བཅས་བཞག་འདུག
གཅིག་རེ་གཅིག་རེ་བཞིན། གསང་ཡིག་གི་རྟགས་མཚན་རིམ་གྱིས་གསལ་བར་འགྱུར་བ་ནང་བཞིན། མགྲོན་པོ་སྣ་ཚོགས་ཀྱིས་གནས་ཁང་ཁྱིམ་ཆས་ཅན་འདིར་བསྐྱུར་བའི་རྗེས་ཤུལ་ཕྲ་མོ་དེ་དག་ཀྱང་རིམ་གྱིས་ཆ་ཚང་བར་གྲུབ་ནས་གོ་དོན་ལྡན་པར་གྱུར། ཁྲུས་སྟེགས་མདུན་གྱི་ས་གདན་ཟད་ནས་རྩྭ་རས་ལས་ལྷག་མེད་པར་བལྟས་ན་སྐྱེས་མ་ལྟ་ན་སྡུག་པ་ཁྱུ་ཚོགས་ཤིག་གིས་རྐང་འོག་ཏུ་བརྫིས་པ་ཤེས་ཐུབ། རྩིག་ངོས་ཀྱི་མཛུབ་རིས་ཕྲ་མོ་དག་ནི་བཙོན་མ་ཆུང་ངུ་དེ་དག་གིས་ཉི་འོད་དང་མཁའ་རླུང་ལ་སྤྱོད་པར་འདོད་པའི་འཚོལ་སྟངས་ཤིག་ལས་མ་འདས། འབོམ་འགད་བཞིན་པ་ཞིག་གི་གྲིབ་མ་བཀྱེ་བ་ནང་བཞིན་འཐོར་བའི་ནག་ནོག་གི་ཟེགས་མ་དེ་དག་ནི། ཤེལ་ཕོར་རམ་ཤེལ་དམ་ཞིག་ནང་གི་རྫས་དང་མཉམ་དུ་རྩིག་ངོས་ལ་བརྡབས་ནས་ཆག་གྲུམ་དུ་གྱུར་པའི་དཔང་པོ་རེད། རྩིག་ཤེལ་གྱི་ཤེལ་ངོས་སུ་རྡོ་རྗེ་ཕ་ལམ་གྱི་གྲི་ཆུང་གིས་མིང་ལ“མ་རི”(Marie)ཞེས་པའི་ཡིག་འབྲུ་ཨ་ཀྱོག་པ་ཀྱོག་ཅིག་བརྐོས་འདུག ཚུལ་འདི་ལ་བལྟས་ན་གནས་ཁང་ཁྱིམ་ཆས་ཅན་འདི་གླ་མཁན་དག་ལ་ཁྲོང་ཁྲོ་བཟོད་མེད་ཅིག་ལངས་པ་ཡིན་འདུག—གཅིག་བྱས་ན་གནས་ཁང་རང་ཉིད་ཀྱི་བཀྲག་ཧར་ཆེ་ལ་སྙིང་རྗེ་མེད་པའི་ངང་ཚུལ་བཟོད་མ་ཐུབ་པས—གནོད་འཚེ་ཡི་སྦྱོར་བ་དེའི་སྟེང་དུ་བརྩམས་པ་ཡིན་ཡང་སྲིད། ཁྱིམ་ཆས་ཀྱི་སྟེང་དུ་གཞོག་ཤུལ་དང་བརྡར་རྗེས་གསལ་ཞིང་། ལྡེམ་རྩིབ་ཡར་འབུར་བའི་རྐྱེན་གྱིས་འབོལ་ཁྲི་ལ་བཟོ་ཉེས་ཤོར་ནས་ཀྱོག་ཀྱོག་ཐེབས་ཡོད་པ་ནི། གཅན་གཟན་གདུག་ཅན་འཇིགས་སུ་རུང་བ་ཞིག་རྩ་འཆུས་ལྟར་མི་བཟོད་པ་ཞིག་བྱུང་བའི་སྡུག་བསྔལ་གྱི་ཚེ་ན་བསད་པར་གྱུར་པ་དང་གཉིས་སུ་མེད། དེ་བས་ཀྱང་སྟོབས་དང་ལྡན་པའི་འཁྲུག་ཟིང་ཐེངས་ཤིག་གིས་རྡོ་ཀ་མ་རུའི་ཐབ་ཁྲིའི་ཐབ་མགོ་ཡི་ལེབ་ལེབ་ཆེན་པོ་ཞིག་བཞོགས་པར་བྱས། ཁང་མཐིལ་གྱི་པང་ལེབ་སོ་སོས་འཕྲེད་ངོས་རེ་རེ་གྲུབ་ནས་རེ་རེ་བཞིན་སོ་སོར་ཕྲལ་ཅིང་དུས་གཏན་དུ་འབྲེལ་བ་མེད་པར་འོ་དོད་སྐྱེ་བ་ནང་བཞིན་ཟུག་རྔུའི་སྐད་ཅོར་འདོན། ཡིད་ལའང་འཆར་དཀའ་བ་ཞིག་ལ། གནས་ཁང་འདི་ལ་སྡང་སེམས་འཆང་ནས་གནོད་འཚེ་འདི་ཐམས་ཅད་སྤེལ་མཁན་དག་ཀྱང་དོན་དུ་སྔོན་ཞིག་ལ་ཁང་པ་འདིར་ད་དུང་རང་ཁྱིམ་ཞེས་འབོད་མྱོང་བའི་གནས་ཁང་གླ་མཁན་དག་ལས་གཞན་མ་ཡིན། གཅིག་བྱས་ན་རང་ཁྱིམ་རྫུན་མ་དེ་ལ་བཅངས་པའི་དམུས་ལོང་གི་བག་ཆགས་དང་ཁྱིམ་ལྷ་བཅོས་མ་དེ་ལ་འཛིན་པའི་སྡང་སེམས་དྲག་པོ་དེས་ཁོ་ཚོའི་ཞེ་རྒོད་ཀྱི་མེ་ལྕེ་གཏུམ་པོ་སྦར་བར་ངེས། ང་ཚོ་རང་ཉིད་ལ་དབང་ཚེ་སྤྱིལ་བུ་ཆུང་ངུ་ཡིན་ནའང་དེ་ལ་གད་བདར་བརྒྱབ་ཅིང་རྒྱན་གྱིས་སྤྲས་ཏེ་གཅེས་པས་བསྐྱང་ཆོག
རྐུབ་ཀྱག་སྟེང་གི་གླ་མཁན་གཞོན་ནུ་དེའི་སེམས་ལ་འཆར་སྒོ་འདི་དག་རབ་རིབ་མག་མོག་ངང་འཁོར་གྱིན་པའི་ཚེ་ན། གནས་ཁང་ཁྱིམ་ཆས་ཅན་གཞན་དག་ལས་སྒྲ་དང་དྲི་མ་སྣ་ཚོགས་ཁང་པའི་ནང་དུ་ལྡང་འོངས། ཁང་པ་ཞིག་ཏུ་ཁྲེལ་དགོད་ཧི་ཧི་འབྱིན་ཅིང་འདོད་ཆགས་ཀྱི་གད་མོ་ལྷུག་ལྷུག་དགོད་པ་དང་། གཞན་དག་ལས་གཤེ་གཤེ་གཏོང་བའི་ཆིག་ལབ་དང་། ཤོ་རྡེའུ་ཡི་ཁྲོག་སྒྲ། ཕྲུ་གུ་གཉིད་གཞས། གླེན་ངུ་ཤབ་ཤུབ་བཅས་རྣ་བར་སོན། ཁོའི་མགོ་ཐོག་ཏུ་མི་ཞིག་གིས་བྷན་ཇོ(banjo)ཏིང་ཏིང་དཀྲོལ། ག་ཤེད་ཅིག་ནས་སྒོ་མོ་ཤུགས་ཀྱིས་བརྒྱབ་པའི་ཁྲོག་སྒྲ་ཆོམ་སྒྲ་མཆེད། བར་སྣང་དུ་འཐེན་པའི་མེ་འཁོར་གྱིས་འཕར་ཆག་ལྡན་པའི་ང་རོ་སྒྲོག རྒྱབ་ཀྱི་ར་སྐོར་སྟེང་དུ་བྱི་ལ་ཞིག་གིས་ངུ་སྐད་ཡ་ང་བ་ཞིག་འདོན། ཁོས་བརྔུབས་པའི་གནས་ཁང་འདི་ཡི་སྲོག་དབུགས་ནི—སྣོམ་རྒྱུའི་དྲི་མ་ཞིག་མ་ཡིན་པར་བཞའ་ཚན་ཆེ་བའི་བྲོ་བ་ཞིག་རེད—རུལ་དྲི་ཁ་བའི་བྲོ་བ་གྲང་ཅང་ཅང་བྱེད་པ་དེ་ནི་ས་འོག་གི་ཁང་མིག་ཏུ་སྣུམ་གདན(linoleum)དང་ཤིང་རུལ་གཉིས་གཅིག་ཏུ་འདྲེས་ནས་འཐུལ་ཡོང་བའི་རླངས་པ་དང་གཉིས་སུ་མེད།
དེ་ནས། གློ་བུར་དུ། ཁོས་དེ་གར་ངལ་གསོ་བཞིན་པའི་སྒང་ལ། ཁང་པའི་ནང་ལ་རྩྭ་མིག་ནོ་ནེད་ཋེ(mignonette)ཡི་དྲི་མ་བཙན་ཞིང་ཞིམ་པ་ཞིག་གིས་ཁེངས་པར་གྱུར། དེ་ནི་བསེར་བུ་ཡང་མོ་ཞིག་ལ་བརྟེན་ནས་སླེབས་ཤིང་དེ་འདྲ་གསལ་ཐག་ཆོད། བསུང་ཞིམ་གྱིས་བརྟས་ལ། སྒྲིབ་མེད་གསལ་རྗེན་དུ་མངོན་ཚུལ་ནི་གང་ཟག་ཅིག་དངོས་སུ་མགྲོན་ལ་ཕེབས་པ་དང་ཤིན་ཏུ་མཚུངས། སུ་ཞིག་གིས་ཁོ་རང་བོས་པ་ནང་བཞིན་གཞོན་ནུ་དེའི་ངག་ནས་རང་དབང་མེད་པར“ག་རེ། སྙིང་ཉེ?”ཞེས་སྐད་བརྒྱབ་ཅིང་། དེ་ནས་ཡར་ལ་ཧོབ་ཀྱིས་མཆོང་ནས་ཕྱོགས་བཞི་ལ་མིག་ཧུར་རེར་བལྟས། དྲི་ཞིམ་བཙན་པོ་དེ་ཁོ་ལ་དམ་དུ་འཁྱུད་ཅིང་ཁོ་རང་ཡོངས་སུ་བཏུམས། ཁོས་ཀྱང་རང་ཉིད་ཀྱི་ལག་པ་ཕར་བསྙབས་ནས་དེ་ཉིད་པང་དུ་བླངས་པ་དང་སྐད་ཅིག་ཙམ་གྱི་རིང་ལ་ཁོའི་ཚོར་བ་མ་ལུས་པ་རྨོངས་ཤིང་འཁྲུག་པར་གྱུར། དྲི་མ་ཞིག་གིས་མི་ཞིག་ལ་ཚམ་ཚོམ་མེད་པར་སྐད་འབོད་རྒྱག་པ་འདི་ག་ལ་སྲིད? དེ་ནི་སྒྲ་ཞིག་ཡིན་པར་ཐེ་ཚོམ་མེད། ཡིན་ནའང་སྒྲ་དེ་ནི་ཁོ་ལ་རེག་ཅིང་ཁོ་ལ་བྱིལ་བྱིལ་བྱས་མྱོང་བའི་སྒྲ་དེ་ཡིན་ནམ་ཅི?
“མོ་ཁང་པ་འདི་རུ་བསྡད་མྱོང་འདུག” ཁོས་དེ་ལྟར་སྐད་ངན་བརྒྱབ་ཅིང་། མོ་ལ་དབང་བའམ་མོས་ལག་པས་རེག་མྱོང་བའི་དངོས་པོ་ཧ་ཅང་ཆུང་ངུ་དག་ཀྱང་ངོས་ཟིན་པའི་གདེང་ཚོད་ཡོད་སྟབས། རྟབ་རྟབ་པོར་རྗེས་ཤུལ་གྱི་རྟགས་ཤིག་ཨེ་རྙེད་བལྟས། ང་རང་དབུས་སུ་བཏུམས་པའི་རྩྭ་མིག་ནོ་ནེད་ཋི་ཡི་དྲི་ངད་འདི། མོ་རང་ཧ་ཅང་དགའ་ཞིང་མོ་གཅིག་པུ་ལ་དབང་བའི་བསུང་ཞིམ་དྲི་མཆོག་འདི—གང་ནས་ལྡང་འོངས་པ་ཡིན་ནམ?
ཁང་པའི་ནང་ལ་བྱི་དོར་སླ་བཅོས་འཕྲལ་སེལ་ཙམ་ལས་བྱས་མི་འདུག ཁྲུས་སྟེགས་ཀྱི་ཅོག་རས་སྲབ་མོའི་སྟེང་དུ་སྐྲ་འཛེར་ལྔ་དྲུག་ཅིག་གཏོར་འདུག—སྐྱེས་མའི་རིགས་དང་འབྲལ་མེད་གྲོགས་སུ་གྱུར་ཅིང་། ཁ་ཁུ་སིམ་ལ་མོ་གཤིས་ལྷང་ངེར་མངོན་པ། སེམས་ཀྱི་ཁམས་དང་དུས་ཀྱི་རྣམ་འགྱུར་གང་ཡང་མི་སྟོན་པ་དེ་དག་ལ། རང་བཞིན་ཁྱད་པར་ཅན་དང་ཡོངས་སུ་བྲལ་བས་ཁོས་དེ་དག་ལ་ཁ་ཡ་མ་བྱས། ཁྲུས་སྟེགས་ཀྱི་འཐེན་སྒམ་དག་ཕར་སློག་ཚུར་སློག་གིས་འཚོལ་དུས་ཁོས་དགོས་མེད་དུ་དོར་ཏེ་རྙིང་ཞིང་རལ་པའི་ལག་རས་ཆུང་ངུ་ཞིག་རྙེད། ཁོས་དེ་རང་ཉིད་ཀྱི་གདོང་ལ་གླན། རྩྭ་ཧེ་ལིའོ་ཐྲོབ(heliotrope)ཀྱི་དྲི་ངན་ཐུ་མོས་སྣ་ལ་གཙེས་པས། ཁོས་དེ་ཉིད་ཤུགས་ཀྱིས་ས་ལ་འཕངས། འཐེན་སྒམ་གཞན་ཞིག་ཏུ་ཁོས་ཐར་ཐོར་དུ་ཡོད་པའི་སྒྲོག་གུ་དང་། ཟློས་གར་ཁང་གི་འཁྲབ་ཚན་ཐོ་གཞུང་ཞིག བུན་གཏོང་ཁེ་ལས་པ་ཞིག་གི་མིང་བྱང་། ཤ་བྱི་རིལ(marshamallows)ལྷག་མ་གཉིས། རྨི་ལམ་བརྟག་ཐབས་ཀྱི་དེབ་ཅིག་བཅས་རྙེད། འཐེན་སྒམ་ཆེས་མཐའ་མ་དེ་རུ་རྙེད་པའི་བུད་མེད་ཀྱི་གོས་ཆེན་ནག་པོའི་སྐྲ་ཆིངས་དེས་ཁོ་རང་དར་ཅིག་ལ་གྲང་ཅང་ཅང་དང་དྲོ་ལམ་ལམ་སྤེལ་མར་བྱས། ཡིན་ནའང་གོས་ཆེན་ནག་པོའི་སྐྲ་ཆིངས་དེའང་མཐར་གཏུག་ན་བུད་མེད་ཀྱི་སྒམ་ཚུགས་མཚོན་པའི་རྒྱན་ཆ་དཀྱུས་མ་ངོ་བོ་མི་གསལ་བ་ཞིག་མ་འདས་པས་གཏམ་རྒྱུད་དགོས་པ་ཅན་གང་ཡང་འཆད་དུ་མི་འདུག
དེ་ནས་ཁོ་རང་ནི་དྲི་མ་སྣོམ་པའི་ཤ་ཁྱི་ཞིག་ནང་བཞིན་ཁང་པའི་ནང་དུ་ཕར་འགྲོ་ཚུར་འགྲོ་བྱས། ཕྱོགས་བཞིའི་རྩིག་ལྡེབས་ལ་མིག་བཤེར་བརྒྱབ། པུས་མོ་ས་ལ་བཙུགས་ནས་ས་གདན་ཡར་འབུར་བའི་གྲུ་ག་དག་ལ་ཞིབ་ཏུ་བལྟས། ཐབ་ཁྲི་དང་ཅོག་ཙེ། སྒེའུ་ཡོལ་དང་རྩིག་དཔྱངས། གྲུ་ག་རུ་ཡ་ཡོར་ལུས་པའི་ཆང་སྒམ་བཅས་བསྔོགས། ཁོས་མཐོང་དུ་ཡོད་པའི་རྟགས་མཚན་ཞིག་རྙེད་ན་བསམས་མོད། དོན་གྱིས་མོ་རང་ནི་ད་ལྟ་ཉིད་ལ་ཁོའི་ཉེ་གམ་དང་ཁོའི་མཐའ་འཁོར། ཁོའི་ཁ་གཏད་དང་ནང་རོལ། ཁོའི་སྟེང་རོལ་བཅས་སུ་གནས་ཤིང་། ཁོ་ལ་དམ་དུ་འཐམས། ཁོ་ལ་རྩེ་དགའ་སྟོན། ཚོར་བ་ཤིན་ཏུ་ཕྲ་མོ་ཞིག་ལ་བརྟེན་པའི་སྐྱོ་གདུང་བཟོད་མེད་ཀྱིས་ཁོ་ལ་འབོད་པ་གཏོང་བས། ཁོའི་ཚོར་བ་རྟུལ་པོ་ཡིས་ཀྱང་དེ་ཉིད་ངོས་ཟིན་པར་གྱུར། ཁོས་སླར་ཡང་སྐད་ཆེན་པོས“ང་ཡིན། སྙིང་ཉེ!”ཞེས་ལན་བརྒྱབ་པར་གྱུར་མོད། དེ་ནས་ཁ་ཕྱིར་འཁོར་ཏེ་མིག་བགྲད་ནས་སྟོང་པའི་དབྱིངས་ཤིག་ལ་ཅེར་འདུག དེའི་རྒྱུ་མཚན་ནི་ཁོས་ད་དུང་ཡང་རྩྭ་མིག་ནོ་ནེད་ཋིའི་དྲི་ངད་ཀློང་ནས་དབྱིབས་དང་། ཁ་དོག བརྩེ་དུང་། ཁོའི་ཕྱོགས་སུ་བརྐྱངས་པའི་དཔུང་པ་བཅས་ཀྱི་དབྱེ་བ་འབྱེད་མི་ནུས་པས་རེད། ཀྱི་ཧུད། དཀོན་མཆོག! དྲི་ངད་འདི་གང་ལས་འོངས་པ་རེད། དྲི་ངད་ཅིག་གིས་ནམ་ཞིག་ནས་འབོད་པ་སྒྲོག་ཐུབ་པར་གྱུར་པ་རེད? དེ་ལྟར་ཁོས་ཕྱོགས་བཞི་རུ་མུན་ནག་སྦར་ཉུལ་བརྒྱབ།
ཁོས་སྲུབས་ཀ་དང་གྲུ་ག་དག་ཏུ་ཕྱི་སློག་ནང་སློག་བྱས་ཏེ། ཁ་ཤིང(corks)དང་དུ་སྣེའི་རིགས་རྙེད། དེ་དག་ལ་མཐོང་ཆུང་གིས་དོ་སྣང་སྤུ་ཙམ་ཡང་མ་བྱས་པར་ཕར་ཕྱིན། ཡིན་ནའང་ཁོས་ས་གདན་གྱི་ལྟེབ་སུལ་ནས་ཐ་མག་སི་གྷར(cigar)འཐེན་རོ་ཕྱེད་ཀ་ཞིག་མཐོང་མ་ཐག གདོང་སྐྱ་བོར་གྱུར་ཅིང་ཁ་ནས་དམོད་མོ་འབོར་གྱིན་ཕྱི་རྟིང་གིས་དེ་ཉིད་ཚལ་བ་ཚལ་བུར་བརྫིས། ཁོས་ཁང་པའི་ཚུར་སྣེ་ནས་ཕར་སྣེ་མ་ལུས་པར་ཞིབ་ཏུ་བཙལ། འགྲོ་འདུག་རྒོད་པའི་གནས་ཁང་གླ་མཁན་མང་པོ་ཡིས་བསྐྱུར་བའི་ཡིད་མུག་ཅིང་དོན་སྙིང་ཆུང་བའི་རྗེས་ཤུལ་ཕྲ་མོ་མང་ཙམ་རྙེད། ཡིན་ནའང་ཁོ་ཡིས་ད་ལྟ་འཚོལ་བཞིན་པའི་མོ་སྟེ། སྔོན་ཞིག་ལ་ཁང་པ་འདི་རུ་བསྡད་མྱོང་ཤས་ཆེ་ལ། གང་གི་རྣམ་ཤེས་ད་ལྟ་ད་དུང་ཡང་འདི་རུ་འཁྱམས་ནས་བསྡད་ཡོད་པ་དང་འདྲ་བའི། མོ་ཡི་རྗེས་ཤུལ་ནི་ཏོག་ཙམ་ཡང་རྙེད་མ་བྱུང་།
དེ་ནས་སྐབས་དེར་ཁོའི་ཡིད་ལ་ཁང་བདག་དྲན་བྱུང་།
ཁོ་རང་གཤིན་འདྲེ་འཁོར་བའི་ཁང་པ་ལས་སྒོར་བརྒྱུགས་ཏེ་སྐས་ལས་མར་བབས་པ་དང་སྲུབས་ཀ་ལས་འོད་ཐིག་ཅིག་ཕྱིར་འཕྲོས་པའི་སྒོ་ཁར་འབྱོར། མོས་སྒོ་བརྡུངས་པ་ཐོས་ནས་སླེབས། ཁོས་ནི་སེམས་ཀྱི་ངར་ཤུགས་དྲག་པོ་དེ་མར་གནོན་གང་ཐུབ་བྱས།
“ལྕམ་མོ་ལགས། ཁྱོད་ཀྱིས་ང་ལ་གསུངས་རོགས་ཞུ།” ཁོས་དེ་ལྟར་ཞུ་བ་བྱས། “ང་མ་སླེབས་པའི་སྔོན་ལ་ཁང་པ་དེ་སུ་ཞིག་གིས་གླས་མྱོང་།”
“ལགས་སོ། །སྐུ་ཞབས་ལགས། ངས་ཡང་བསྐྱར་ཐེངས་གཅིག་བཤད་ཆོག ངས་བཤད་པ་བཞིན་སྔོན་ཆད་སིབ་རོལ་སི་དང་མུ་ནེ་གཉིས་བསྡད་མྱོང་། སྲས་མོ་བྷུ་རེད་ཋ · སིབ་རོལ་སི་ནི་ཟློས་གར་ཁང་གི་གར་མིང་རེད། ལྕམ་སྐུ་ཞབས་མུ་ནེ་ནི་དངོས་མིང་རེད། ངའི་གནས་ཁང་ཚུལ་ལྡན་ཡིན་པས་སྐད་གྲགས་ཤིན་ཏུ་ཆེ། གཉེན་སྒྲིག་དཔང་ཡིག་དག་ཡར་བཀལ་ཡོད། སྒྲོམ་གཞི་བཟོས་ནས། གཟེར་བུའི་སྟེང་དུ—”
“སྲས་མོ་སིབ་རོལ་སི་དེ་ལྕམ་ག་འདྲ་ཞིག་རེད—མོའི་ཕྱི་གཟུགས་ག་འདྲ་ཞིག་རེད་ཟེར་བ་ཡིན།”
“འོ། སྐྲ་ནག་པོ་རེད། སྐུ་ཞབས་ལགས། གཟུགས་ཐུང་ལ་རྒྱགས་པ། གདོང་དགོད་བྲོ་བ་ཞིག་རེད། ཁོ་གཉིས་གཟའ་འཁོར་གཅིག་སྔོན་གྱི་གཟའ་མིག་དམར་ཉིན་གནས་སྤར་སོང་།”
“ཁོ་གཉིས་མ་ཡོང་བའི་སྔོན་ལ་སུས་གླས་པ་རེད།”
“འོ་རེད། སྐྱེས་པ་མི་ཧྲེང་འདྲུད་འཁོར་གྱི་ཚོང་གཉེར་མཁན་ཞིག་རེད། ཁོས་གཟའ་འཁོར་གཅིག་གི་ཁང་གླ་མ་སྤྲད་པར་ཕྱིན་སོང་། ཁོའི་སྔོན་ལ་ལྕམ་མོ་ཁི་རོ་ཌེར(Missis Crowder)དང་མོའི་བྱིས་པ་གཉིས་རེད། ཁོ་ཚོ་ཟླ་བཞི་ལ་བསྡད། དེའི་སྔོན་ལ་སྐུ་ཞབས་རྒན་པ་ཌོ་ཡེལ(Mr. Doyle)ལགས་རེད། ཁང་གླ་ནི་ཁོའི་བུ་ཡིས་སྤྲད་པ་རེད། ཁོ་ཟླ་དྲུག་ལ་བསྡད། སྐུ་ཞབས་ལགས། དེ་དག་ཚང་མ་ལོ་གཅིག་སྔོན་གྱི་དོན་དག་རེད། དེའི་ཡར་སྔོན་ངས་ཀྱང་དྲན་གྱི་མི་འདུག”
མོ་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཁོ་དལ་བ་དལ་བུར་ཁང་པའི་ནང་དུ་ལོག ཁང་པ་ནི་སྲོག་དང་བྲལ་བའི་བེམ་པོ་འདྲ། དེ་ལ་སྲོག་དབུགས་ཀྱི་རྒྱུ་བ་སྩོལ་མཁན་དྲི་ངད་ཞིམ་པོ་ཡོངས་སུ་ཡལ། རྩྭ་མིག་ནོ་ནེད་ཋི་ཡི་དྲི་བསུང་ཡང་རྒྱང་དུ་ཕྱིན། དེ་ཡི་ཤུལ་དུ་ལྷག་པ་ནི་ཁྱིམ་ཆས་རྙིང་གོག་དག་གི་སུངས་དྲི་ཁ་མོ་ཞིག གཡོ་བ་མེད་པར་འཁྱིལ་འདུག་པ་དེ་རེད།
རེ་ཐག་ཡོངས་སུ་ཆད་ནས་ཡིད་ཆེས་ཀྱང་ཟད། ཁོ་རང་མར་བསྡད་དེ་སི་སྒྲ་གྲགས་པའི་སོལ་རླངས་ཀྱི་གློག་འོད་སེར་པོ་དེ་ལ་ཅེར། དེ་ཙམ་གྱི་རྗེས་སུ་ཁོ་མལ་ཁྲིའི་གམ་དུ་ཕྱིན་ནས་གདན་གཡོག་དེ་ནར་མོ་མང་པོ་རུ་གཤགས། གྲི་ཁ་སྤྱད་ནས་དེ་དག་སྒེའུ་ཁུང་དང་སྒོ་ཡི་སྲུབས་ཀ་མ་ལུས་པར་དམ་པོར་བརྫངས། ཐམས་ཅད་དམ་དམ་པོར་ཚགས་སུ་ཆུད་རྗེས་ཁོས་གློག་གཟིམ་ཞིང་། སོལ་རླངས་སླར་ཡང་ཕྱེ་ཡག་བྱས་པ་དང་བསམ་དོན་འགྲུབ་པའི་ཚུལ་གྱིས་མལ་ཁྲིའི་སྒང་དུ་ཉལ།
དོ་ནུབ་ལྕམ་མོ་མག་ཁུལ(Mrs. McCool)གྱིས་ལྕགས་ཀྲིན་ཁྱེར་ནས་སྦི་རག་ལེན་དུ་འགྲོ་དགོས་ཡོད། མོས་སྦི་རག་ཁྱེར་ཡོང་བ་དང་ལྕམ་མོ་ཕུར་ཌི(Mrs. Purdy)དང་མཉམ་དུ་ཁང་བདག་རྣམས་ཀྱི་འཛོམས་གནས་དང་སྲིན་འབུའི་ཚོགས་ཀྱི་འདུ་ར་སྟེ་ས་འོག་གི་ལྐོག་འཕྲད་བྱ་ས་རུ་མར་ལ་བསྡད།
“དོ་ནུབ་ངས་ཐོག་བརྩེགས་གསུམ་པའི་རྒྱབ་ཁང་དེ་མི་ཞིག་ལ་གླས་པ་ཡིན།” ལྕམ་མོ་ཕུར་ཌི་ཡིས་ཕོར་པའི་ནང་དུ་ཀོར་འཁྱིལ་ལེ་ཡོད་པའི་ལྦུ་བ་ལ་ལྟ་བཞིན་དེ་སྐད་བཤད། “གཞོན་ནུ་ཞིག་གིས་གླས་སོང་། ཁོ་ཆུ་ཚོད་གཉིས་ཀྱི་སྔོན་ནས་མལ་དུ་གཉིད་བྱུང་།”
“ཨ་ལེ། རེད་དམ། ལྕམ་མོ་ཕུར་ཌི་ལགས།” ལྕམ་མོ་མག་ཁུལ་གྱིས་ཡི་རངས་དྲག་པོ་དང་བཅས་དེ་ལྟར་བཤད། “ཁང་པ་དེ་འདྲའང་གླ་ཐུབ་པ་ཁྱོད་དངོས་གནས་འཇོན་པོ་རང་འདུག དེས་ན། ཁྱོད་ཀྱིས་དོན་དེ་ཁོ་ལ་བཤད་དམ?” མོས་དེ་ལྟར་ཤོད་དུས་སྐད་མགོ་དམའ་ཞིང་ཤ་བེ་ཤུབ་བེར་གསང་བའི་ངང་ཚུལ་སྟོན།
“ཁང་པ་དེ་དག་གི་ནང་ལ།” ལྕམ་མོ་ཕུར་ཌི་ཡིས་བ་སྤུ་ཆེས་ཆེར་སྐྱེས་པའི་སྐད་གདངས་ཀྱིས་ན་རེ། “ཁྱིམ་ཆས་བཞག་ཡོད་པ་ནི་གཞན་ལ་གླ་རྒྱུའི་ཆེད་ཡིན། ལྕམ་མོ་མག་ཁུལ་ལགས། ངས་ཁོ་ལ་བཤད་མེད།”
“ལྕམ་མོ་ལགས། དེ་འགྲིག་འདུག ང་ཚོས་ཁང་པ་གླས་ནས་ཁ་གསོ་དགོས་པ་རེད། ལྕམ་མོ་ལགས། ཁྱོད་ཀྱི་ཚོང་བྱེད་སྟངས་ནོར་མི་འདུག གལ་ཏེ་ཁང་པ་འདིའི་མལ་ཁྲིའི་སྒང་དུ་མི་ཞིག་གིས་རང་ཤི་བརྒྱབ་པ་གཞན་གྱིས་ཤེས་ཚེ་ཁང་པ་དེ་གླ་མཁན་གཞན་སུ་ཞིག་ཡོད་སྲིད།”
“དངོས་གནས་དེ་འདྲ་རེད། ང་ཚོས་རང་ཉིད་ཀྱི་འཚོ་བ་སྐྱོང་ཐབས་བྱ་དགོས།” ལྕམ་མོ་ཕུར་ཌི་ཡིས་དེ་ལྟར་བཤད།
“དེ་རེད། ལྕམ་མོ་ལགས། དེ་བདེན་པ་རེད། གཟའ་འཁོར་གཅིག་གི་སྔོན་དུ་ངས་ཁྱོད་ལ་ཐོག་བརྩེགས་གསུམ་པའི་རྒྱབ་ཁང་དེར་བྱི་དོར་བྱ་རོགས་བྱས་པ་རེད། སོལ་རླངས་ཀྱིས་རང་ཤི་བརྒྱབ་པའི་བུ་མོ་དེའི་ལུས་སྐམ་ཞིང་རིད་པ་ལ—བུ་མོ་དེའི་གདོང་ཆུང་ངུ་དེ་སྙིང་རྗེ་པོ་ལ། ལྕམ་མོ་ཕུར་ཌི་ལགས།”
“ཁྱོད་ཀྱིས་བཤད་པ་ལྟར་རེད། མི་ཚང་མས་མོ་རང་མཛེས་མ་ཞིག་ཡིན་ཟེར།” ལྕམ་མོ་ཕུར་ཌི་ལ་མོས་མཐུན་བྱུང་ནའང་སྐྱོན་འཚོལ་བའི་ངང་ནས་ན་རེ། “ཡིན་ནའང་མོའི་སྨིན་མ་གཡོན་པའི་འགྲམ་གྱི་སྨེ་བ་དེ་ཡག་པོ་མི་འདུག སླར་ཡང་ཕོར་པ་གང་བླུགས་ཤིག ལྕམ་མོ་མག་ཁུལ་ལགས།”
《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག: ནུབ་ཕྱོགས་སྒྲུང་ཐུང་ཉིང་བཏུས》ཞེས་པའི་དེབ་ལས་དྲངས།
The Furnished Room, O. Henry 100 Selected Stories, Wordsworth Classic, 1995, 74-80.
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease