མཚན་གཞས།

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


མཚན་གཞས།  
ཞར་བཀོད་ལྔ།

         
 ཇི་མའེ་ནེ་སི།  སི་ཕེན།
                     ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


སྐར་མ་ཨ། ཞི་འཇམ་གྱི་སྐར་མ།
སྐྱོ་གདུང་གི་སྐར་མ། རྒྱང་རིང་གི་སྐར་མ།
ཁྱོད་ཚོ་ནི་འདས་གྲོགས་དག་གི་མིག་འབྲས་ཡིན་ནམ།
ཁྱོད་ཚོས་མིག་ཟུང་ཟུམ་པ་མེད་པར་བགྲད་རོགས།
 
ཁྱོད་ཚོ་ནི་འདས་གྲོགས་དག་གི་མིག་འབྲས་ཡིན་ཏེ།
ད་ལྟའི་བར་དུ་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་ཨང་།
ཨ། སེམས་གཏིང་ན་འོད་དུ་འཚེར་བའི་སྐར་མ་རེ་རེ།
དཔྱིད་གསར་དང་ལྷན་དུ་བཞད་འདུག

 
ཁྱོད་དང་འུ་གཉིས་བར་གྱི།

 
ཁྱོད་དང་འུ་གཉིས་བར་གྱི། བརྩེ་དུང་དེ།
གྲག་འགུལ་མེད་ཅིང་། ཞི་ཞིང་ལྷོད་ལ། དྭངས་ཤིང་གསལ།
ཕྱི་གསལ་ནང་གསལ་གྱི་མཁའ་དབུགས་ཇི་བཞིན།
དྭངས་ཤིང་གཙང་བའི་བཞུར་ཆུ་ཇི་བཞིན།
ནམ་མཁའི་ཟླ་བ་དང་།
ཆུ་ནང་གི་ཟླ་བའི་བར་ན་དྲག་ཏུ་རྒྱུ
 

སུ་ཞིག་གིས་ལོ་ཟླའི་རྒྱབ་རོལ་གྱི་དངོས་པོ་རྟོགས་ནུས།
 
ཐེངས་ག་ཚོད་ལ། སྐྱ་རེངས་ཀྱིས།
རི་སྒང་མཐོན་པོ་བསྒྲིབས་མྱོང་།
ཐེངས་ག་ཚོད་ལ། མཁའ་མཐའི་བརྗིད་ཆགས་ཀྱི་མཚམས་སྤྲིན་ལ།
མྱུར་མགྱོགས་ཀྱི་གནམ་ལྕགས་སྦྲུམ་མྱོང་།
 
མེ་ཏོག་རྒྱ་སེ་དེ་དུག་ཤེད་ཆེ་ཡང་།
རལ་གྲི་རྣོན་པོ་དེ་ནི་ཚེ་སྲོག་གི་མཚོན་ཆ་རེད།
 
ངས་སྔོན་ཆད་ལམ་གྱི་སྣེ་མོ་ནས།
མེ་ཏོག་རྣམ་པར་བཞད་པའི་རྩྭ་ཐང་རྙེད་མྱོང་ཡང་།
ང་རང་འདམ་རྫབ་ཀྱི་ནང་ལ་ལྷུང་སོང་།
 
ངས་མི་ཡུལ་གྱི་འབྱོར་བ་ཡང་ཡང་བསམ་མྱོང་ཡང་།
ང་ལ་ལྷ་ཡུལ་ནས་ས་ཆ་ཆུང་ཆུང་ཞིག་དབང་སོང་ངོ་། །
 

ངས་ཤེས་མ་སོང་།
 
ངས་ཇི་ལྟར་བྱས་ན་ད་གཟོད་ང་རང་།
དེ་རིང་གི་འགྲམ་ངོགས་ནས།
མཆོངས་ཐེངས་གཅིག་གིས་སང་ཉིན་གྱི་འགྲམ་ངོགས་ལ་སླེབས་ཐུབ་པ་ཤེས་མ་སོང་།
 
དྲག་ཏུ་འབབ་པའི་ཆུ་རྒྱུན་རིང་མོས།
དེ་རིང་ཕྱི་དྲོ་ཡི་དུས་ཚོད་ཁྱེར་ནས།
མུ་མེད་ཀྱི་རྒྱ་མཚོའི་ནང་དུ་བཞུར་སོང་།
ངས་ཤར་ཕྱོགས་དང་ནུབ་ཕྱོགས་ལ་གདོང་གཏད་ནས།
ངས་ལྷོ་ཕྱོགས་དང་བྱང་ཕྱོགས་ལ་ལྐོག་ལྟ་བྱས་དུས།
གསེར་མདོག་གི་དངོས་ཡོད་ལས་མཐོང་མ་བྱུང་།
ཁ་སང་གིས་ད་དུང་ང་ཡི་ཡིད་སེམས་བཟུང་ཡོད་པ་འདི་ནི།
སྐབས་འདིའི་ནམ་མཁའ་ཧྲིལ་བོ་དང་མཚུངས།
ཁ་ཐོར་ཡ་བྲལ། སྣང་སྟོང་རབ་རིབ།
ངས་ཇི་ལྟར་བྱས་ན་ད་གཟོད།
དེ་རིང་གི་འགྲམ་ངོགས་ནས།
མཆོངས་ཐེངས་གཅིག་གིས་སང་ཉིན་གྱི་འགྲམ་ངོགས་ལ་སླེབས་ཐུབ་པ་ཤེས་མ་སོང་།
 

ཁྱོད་ཀྱིས་རང་ཉིད་ཀྱི་གསང་བ་ང་ལ་བརྗོད་རོགས།
 
ཁྱོད་ཀྱིས་རང་ཉིད་ཀྱི་གསང་བ་ང་ལ་བརྗོད་རོགས།
ཨ། དུས་ཚོད།
དེ་ཡིས་ཁྱོད་རང་ཇི་ལྟར་རྒས་ན་དེ་ལྟར་གསལ་བར་བསྒྱུར་འགྲོ།
ཉིན་ཐོག་ཉིན་བརྩེགས། ཁྱོད་ཀྱི་འདས་ཟིན་པ།
ཇེ་ཉེར་གྱུར་ཚེ། ཁྱོད་ཀྱི་མདུན་ལམ་རྒྱང་རིང་ནའང་།
ཁྱོད་ཀྱི་ད་ལྟ།
ནམ་ཡང་ཁམ་སྡོང་གི་མེ་ཏོག་བཞད་པའི་སྐད་ཅིག་མ་དང་མཚུངས།
 
རྗེས་ཤུལ་གྱི་དུས་ཚོད་མི་བསྐྱུར་བར།
ཁྱོད་ཀྱིས་རང་ཉིད་ཀྱི་གསང་བ་ང་ལ་བརྗོད་རོགས། ཉིན་རེ་རེར།
ཁྱོད་ཀྱི་འདུ་ཤེས་ཀྱིས་ཁྱོད་ཀྱི་ལུས་ཕུང་ལ་བཙན་འཛུལ་བྱེད་བཞིན་མཆིས།
 

ང་འཚོ་བཞུགས་སྐབས་ཀྱི་དུར་བྱང་ཡི་གེ།
 
ང་རང་རྨི་ལམ་གྱི་ཁྲོད་ནས་ཤི་སོང་།
ང་རང་འཚོ་བའི་ཁྲོད་ནས་འདས་ལོག་བྱུང་སོང་།

                            རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease