༡ གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།

    ཡིག་སྒྱུར་བ། སྒྲོལ་དཀར་ཚེ་རིང་།

གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།
                ཅིས་ཞན་ལིན་གྱིས་བརྩམས།  
                       
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།  

    འདས་པའི་ལོ་རྒྱུས་སུ་ནང་པའི་བསྟན་པ་རྒྱ་གར་དང་ཡ་གླིང་གི་རྒྱལ་ཁབ་འགའ་ཤས་སུ་དར་མྱོང་ལ། དེང་གི་དུས་སུའང་རྒྱལ་ཁབ་དེ་དག་ཏུ་ཚད་མི་འདྲ་བའི་སྒོ་ནས་འཕེལ་བཞིན་ཡོད།  གནའ་ནས་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་དུ་ནང་ཆོས་ལ་ཉམས་ཞིབ་གནང་པའི་བསྟན་བཅོས་དང་རྩོམ་ཡིག་ནི་རི་བོའི་གཏོས་དང་མཉམ་ཡང་།  དོན་གྱི་གནད་འབྱིན་པར་ནུས་པ་ནི་རི་བོང་གི་རྭ་བཞིན་དཀོན་པས།  དེས་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་འདི་ལ་ཤེས་རྟོགས་འབྱུང་བར་གེགས་ཆེན་པོ་བྱས་ཡོད།  དེ་ཡང་ཨིན་ཀེ་སིས།  ཡེ་ཤུའི་ཆོས་ལུགས་ཀྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན་ནི་“ང་ཚོ་སྤྱི་ཚོགས་རིང་ལུགས་པས་ཀྱང་ཧ་ཅང་རྩིས་མཐོང་བྱེད་པའི་གནད་དོན་ཞིག་ཡིན་”ཞེས་གསུངས་པ་ལྟར། ང་ཚོར་མཚོན་ནས་བཤད་ན། གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན་ཡང་དེ་བཞིན་ཡིན་པར་སེམས།  གཤམ་དུ་འདིའི་ཐད་ལ་རང་གི་ལྟ་ཚུལ་མདོ་ཙམ་བརྗོད་པར་བྱའོ། །  

གཅིག  ནང་ཆོས་བྱུང་དུས་ཀྱི་རྒྱ་གར་གྱི་སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད་གནས་སྟངས།   

       ནང་ཆོས་ནི་ཕྱི་ལོའི་སྔོན་གྱི་དུས་རབས་5པ་དང་6པར་གསར་དུ་དར་ཅིང་།  སྐབས་དེ་དུས་རྒྱ་གར་གྱི་གནས་སྟངས་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།  འཕགས་པའི་མི་རིགས་ཀྱིས་ཧ་ལམ་ཕྱི་ལོའི་སྔོན་གྱི་ལོ་2000ཡས་མས་སུ་དེང་གི་ཨབ་གན་སྠཱན་དང་པ་ཀི་སི་ཏན་གྱི་ཡུལ་ནས་རྒྱ་གར་ལ་བཙན་འཛུལ་བྱས།   ཁོ་ཚོས་ཐོག་མར་ནུབ་བྱང་ས་ཁུལ་གྱི་པཎྗབ་ཏུ་རྐང་ཚུགས་ཤིང་།  དེ་ནས་རིམ་གྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་དེ།  ཕྱི་ལོའི་སྔོན་གྱི་དུས་རབས་5དང་6པར་བྷང་ག་ལའམ་དེ་ལས་ཀྱང་ཤར་གྱི་ཡུལ་དུ་བརྟོལ་ནས་དཔུང་ཤུགས་ནི་རྒྱ་གར་བྱང་ཕྱོགས་ཧྲིལ་པོར་ཁྱབ་ཅིང་། གངྒཱ་དང་ཡ་མུ་ན་ཆུ་བོ་འདྲེ་ཡུལ་ནི་བྲམ་ཟེའི་ཆོས་ལུགས་ཀྱི་རིག་གནས་ཀྱི་ལྟེ་བར་གྱུར།  རྒྱ་གར་དུ་གཉུག་མར་གནས་པའི་སྡོད་དམངས་ལས་ལ་ལ་ལྷོ་རུ་སྤོར་བའམ།  ཡང་ན་བྱང་དང་ཤར་གྱི་ཕྱོགས་སུ་སྣུར་བ་དང་།  ལ་ལ་སྔར་མུས་སུ་བསྡད་ནས་སྤྱི་ཚོགས་ཀྱི་རིམ་གྲས་ཁྱད་པར་བ་ཞིག་ཏུ་གྱུར་ཏེ།  ཕྱི་ཕྱོགས་བཙན་འཛུལ་བས་བྲན་བཀོལ་དང་གཉའ་གནོན་མྱོང་བཞིན་ཡོད།  སྐབས་དེའི་རྒྱ་གར་ནི་བྲན་གཡོག་སྤྱི་ཚོགས་སུ་གནས་ཤིང་།  མི་དེ་དག་ནི་བྲན་གཡོག་གམ་བྲན་གཡོག་དང་ཆ་འདྲ་བའི་མི་ཡིན།  སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་ཚད་ཀྱི་ངོས་ནས་བལྟས་ན།  འཕགས་པའི་མི་རིགས་ནི་གཉུག་མར་གནས་པའི་སྡོད་དམངས་ལས་དམན་པ་མངོན་པར་གསལ།  ཉེ་བའི་ལོ་བཅུ་ཕྲག་འགའི་སྔོག་འདོན་བྱས་པ་ལས་གཉུག་མར་གནས་པའི་སྡོད་དམངས་ཀྱིས་གསར་དུ་བསྐྲུན་པའི་“ཧིན་རྡུ་ཆུ་བོའི་འབབ་ཡུལ་གྱི་རིག་གནས་”ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ཁུངས་སྐྱེལ་བྱས། འཕགས་པའི་མི་རིགས་ཀྱིས་རིག་གནས་དེ་རྒྱུད་འཛིན་བྱས་ཤིང་། གཉུག་མར་གནས་པའི་སྡོད་དམངས་དང་མཉམ་དུ་འབད་པ་ཆེན་པོས་འཕེལ་རྒྱས་སུ་བཏང་།  ནང་ཆོས་གསར་དུ་དར་པའི་དུས་སུ་སླེབས་ཙ་ན།  རྒྱ་གར་བྱང་ཕྱོགས་སྔ་མོ་ནས་ཟངས་ཆས་དུས་རབས་ནས་ལྕགས་ཆས་དུས་རབས་སུ་ཞུགས།  ཐོན་སྐྱེད་ཡོ་བྱད་ལེགས་བཅོས་བྱུང་བ་དེས་ཞིང་ལས་དང་ལག་ཤེས་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  གཉུག་མར་གནས་པའི་སྡོད་དམངས་མང་ཆེ་བ་ཞིང་ལས་སུ་འཇུག་ཅིང་།  འཕགས་པའི་མི་རིགས་དང ་པོར་འབྲོག་ལས་གཉེར་པའི་མི་རིགས་ཡིན་མོད།  སྐབས་དེར་སླེབས་པ་ན་ཞིང་ལས་ཀྱང་རིམ་བཞིན་གལ་ཆེན་དུ་འགྱུར་བཞིན་ཡོད།  ཞིང་སྡེའི་རྩ་བར་གྱུར་པའི་རྩ་འཛུགས་ཀྱི་རྣམ་པ་ནི་ཞིང་སྡེ་ཀུང་ཧྲེ་ཡིན་ལ།  ས་ཞིང་སྤྱི་ལ་དབང་ཞིང་།  ཞིང་ལས་དང་ལག་ཤེས་བཟོ་ལས་ཐད་ཀར་ཟུང་འབྲེལ་བྱས་ཡོད།  ལག་ཤེས་བཟོ་ལས་ཀྱི་ལས་བགོས་ཅུང་ཞིབ་ལ་ལག་ཤེས་བཟོ་བ་སྣ་ཚོགས་ཡོད་པ་མ་ཟད།  ཞིང་སྡེ་ཀུང་ཧྲེ་ལའང་ལག་ཤེས་བཟོ་ལས་ཀྱི་ཐད ་དུ་ལས་བགོས་བྱས་པ་དུ་མ་ཡོད་ལ།  ཆེད་དུ་ལས་རིགས་ཤིག་ལ་འཇུག་པའི་གྲོང་སྡེའང་ཡོད་ཅིང་།  དེས་ཚོང་ཟོག་དཔལ་འབྱོར་དར་རྒྱས་ཆེན་པོ་བྱུང་བ་ར་སྤྲོད་བྱས་ཡོད།  

       ཐོན་སྐྱེད་ནུས་ཤུགས་ཡར་རྒྱས་གོང་འཕེལ་སོང་བ་དང་བསྟུན་ནས་ཐོན་སྐྱེད་སྡེ་ཁག་དག་གི་ལས་བགོས་ཉིན་བཞིན་རྒྱ་ཇེ་ཆེར་ཕྱིན་ཅིང་།  སྡོད་དམངས་ནི་རང་གི་ལས་རིགས་ལྟར་ཚོགས་པར་གྲུབ་ཅིང་།  མི་རིགས་མི་འདྲ་བ་འདྲེས་སྡོད་བྱས་ལ།  གྲལ་རིམ་འགལ་བ་དང་གྲལ་རིམ་གྱེས་ཚུལ་ཉིན་བཞིན་ཇེ་དྲག་ཏུ་ཕྱིན།  སྔར་གྱི་རུས་རྒྱུད་ཚོ་བ་རིམ་གྱིས་མི་དམངས་ལ་གཉའ་གནོན་བྱེད་པའི་རྒྱལ་ཁབ་ཏུ་གྱུར། ནང་པའི་གསུང་རབ་ཏུ་བཀོད ་པ་ལྟར་ན།  སྐབས་དེར་རྒྱ་གར་བྱང་དུ་རྒྱལ་ཁབ་བཅུ་དྲུག་ཡོད་ཅིང་།  དེ་ལས་གལ་ཆེ་ཤོས་ནི་མ་ག་དྷ་(ཧ་ལམ་དེང་གི་པེ་ཧར་མངའ་སྡེ། 比哈尔邦)དང་།  ཀོ་ས་ལཱ།(ཧ་ལམ་དེང་གི乌德)  སྲུང་བྱེད།(ཧ་ལམ་དེང་གི摩腊婆)  འཕགས་རྒྱལ།(དེང་གི阿拉哈巴德一带)བཅས་ཡིན།  རྒྱལ་ཁབ་དེ་དག་གི་རྒྱལ་ས་ལ་རིན་ཆེན་དང་ཚོང་རྫས་ཕུན་སུམ་ཚོགས་ཤིང་།  ཐོན་ཁུངས་དང་མི་གྲངས་འདུ་ལོང་ཆེ།  སྐབས་དེ་དུས་ཀྱི་རྒྱ་གར་གྱི་དར་ལ་(细布)དང་ངར་ལྕགས་སོགས་ཐོན་རྫས་མང་པོ་ཕྱིའི་རྒྱལ་ཁབ་ཏུ་གྲགས་ཆེ་ཞིང་།  གནའ་བོའི་གྷི་རི་སིའི་ལོ་རྒྱུས་རིག་པའི་མཁས་པ་མང་པོས་དེ་ལུགས་སུ་བཀོད་ཡོད་ལ།  རྒྱལ་ཁབ་གཞན་དང་ཉོ་ཚོང་བྱེད་པ་སྔ་མོ་ནས་མགོ་ཚུགས་ཡོད།  

      དོ་སྣང་བྱ་འོས་པ་ཞིག་ལ།  འཕགས་པའི་མི་རིགས་ཀྱིས་ཅུང་ཟད་གཅིག་བསྡུས་སུ་དབང་བྱས་པའི་ཡུལ་དུ་གསར་དར་རྒྱལ་ཁབ་ཚང་མ་རྒྱལ་པོའི་ལམ་ལུགས་ཡིན་ལ།  བྲམ་ཟེའི་རིག་གནས་རྭ་བའི་ཕྱི་རོལ་ཏེ་འཕགས་པའི་མི་རིགས་ཀྱིས་དབང་ཆེན་པོ་མ་ཟིན་པའམ་དབང་འོག་ཏུ་མ་ཚུད་པའི་ཡུལ་དུ་ཆབ་སྲིད་ལམ་ལུགས་རྦད་དེ ་ཐ་དད་ཡིན།  ཡུལ་དེར་ཕ་ཤུལ་བུས་འཛིན་པའི་རྒྱལ་པོ་མེད་ལ།  སྲིད་སྐྱོང་བའི་མིང་ལ་ར་ཛ་(罗阇)ཟེར་ཞིང་དུས་ལྟར་འདེམ་བསྐོ་བྱེད་པ་ལ་གནའ་བོའི་རོ་མའི་སྲིད་སྐྱོང་ཚུལ་དང་ཅུང་ཟད་འདྲ།  ནང་པའི་གསུང་རབ་རྒྱ་འགྱུར་མར་དེ་ལ་“王”(རྒྱལ་པོ)ཞེས་འབོད་ཀྱང་།  དོན་ལ་རྒྱལ་པོ་དང་མི་འདྲ།  ནུབ་ཕྱོགས་མཁས་པས་སྤྱིར་བཏང་དེ་ལ་“སྤྱི་མཐུན་རྒྱལ་ཁབ་”ཟེར་མོད།  དེའང་རྒྱུད་འཛིན་རྒྱལ་པོའི་ལམ་ལུགས་དང་མི་འདྲ་བར་སྟོན་པ་ལས་མ་འདས།  དེ་ནི་རུས་རྒྱུད་ཀུང་ཧྲེའི་ལྷག་རོ་ཡིན་སྲིད་མོད་ད་དུང་ཞིབ་ཏུ་དཔྱད་དགོས།  ནང་ཆོས་ཀྱི་སྲོལ་འབྱེད་པ་སངས་རྒྱས་ཤཱཀྱ་མུ་ནེ་འཁྲུངས་སའི་ཤཱཀྱའི་རིགས་ནི་དེ་ལ་གཏོགས།  

       རྒྱལ་ཁབ་དེ་དག་ཏུ་གྲལ་རིམ་གྱི་འབྲེལ་བ་ནི་ཚུལ་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།  གྲལ་རིམ་གྱི་འབྲེལ་བའི་མཚོན་ཚུལ་ཞིག་ནི་རིགས་རྒྱུད་ལམ་ལུགས་སུ་བཤད་པ་དེ་ཡིན།  དེ་ཡང་རིགས་བཞི་ཡོད་དེ།  བྲམ་ཟེ (མཆོད་དཔོན་དང་རིག་གནས་སྒེར་སྡེམ་བྱེད་མཁན)དང་།  རྒྱལ་རིགས།(དཔལ་རྟུལ)  རྗེའུའི་རིགས།(ཞིང་བ་དང་འབྲོག་པ།  ཚོང་བ)  དམངས་རིགས་(མགར་བ་སོགས)བཅས་སོ། །  ལམ་ལུགས་དེ་ཆེས་གནའ་བོའི་དུས་སུ་བྱུང་ཡོད་མོད།  ཐོག་མའི་དུས་སུ་ཧ་ཅང་ནན་མོ་མིན།  ཕྱི་ལོའི་སྔོན་གྱི་དུས་རབས་5པ་དང་6པར་སླེབས་ཙ་ན།  དབང་སྒྱུར་བའི་དགོས་དབང་གིས་རིམ་གྱིས་དམ་པོར་གྱུར།  འདིའི་ཐད་ལ་བྲམ་ཟེས་ནུས་པ་ཆེན་པོ་བཏོན་ཅིང་།  ཁོ་ཚོས་ལམ་ལུགས་དེ་ཤུགས་ཆེན་པོས་བསྒྲགས་ནས་དེ་ཉིད་བླ་ན་མེད་པར་བྱས་ལ་སྲ་བརྟན་དུ་བཏང་།  ཁོ་ཚོས་སྤྱི་ཚོགས་སྟེང་གི་གྲལ་རིམ་མི་འདྲ་བ་དང་རིམ་གྲས་ཐ་དད་པའི་མི་དམངས་ཀྱི་དབང་ཆ་དང་།  འོས་འགན།  ཐ་ན་འཚོ་བའི་ཆ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་འགྱུར་བ་མེད་པར་གཏན་ལ་ཕབ་ནས་འདའ་མི་རུང་བའི་ཆོས་ཅན་དུ་བྱས།  རིགས་བཞི་ཕན་ཚུན་ལ་གཉེན་སྒྲིག་མི་རུང་ཞིང་།  ཐ་ན་མཉམ་དུ་ཟས་ཟའང་མི་ཆོག་པར།  སྤྱི་ཚོགས་གཅིག་གྱུར་དུ་ཡོད་པ་ཁ་ཐོར་དགུ་ཐོར་དུ་བཏང་།  བྲམ་ཟེ་དང་རྒྱལ་རིགས་གཉིས་རིགས་སོ་སོར་གཏོགས་ཀྱང་གྲལ་རིམ་གཅིག་པ་གཉིས་ཀ་བྲན་གཡོག་བདག་པོ་ཡིན།  དེ་གཉིས་ལའང་འགལ་བ་ཡོད་མོད།  སྤྱིར་བཏང་ཕན་ཚུན་ལ་རྒྱབ་སྐྱོར་དང་བེད་སྤྱོད་བྱེད།  རྗེའུའི་རིགས་ནི་མིང་ཐོག་ནས་བྲམ་ཟེ་དང་རྒྱལ་རིགས་ཇི་བཞིན་གཉིས་སྐྱེས་ཀྱི་རིགས་སུ་གཏོགས་ཤིང་འཕགས་པའི་མི་རིགས་ཡིན་ཡང་།  ཁོ་ཚོའི་ནང་ཁུལ་དུ་གྲལ་རིམ་གྱེས་པའི་སྣང་ཚུལ་རྒྱུན་མི་ཆད་པར་འབྱུང་།  མི་ཉུང་ཤས་ཀྱི་དཔལ་འབྱོར་གོ་གནས་ཇེ་མཐོར་ཕྱིན་ཏེ་བྲན་བདག་འབྲིང་དང་ཆུང་བའམ་ཚོང་བ་ཆེན་པོ་དང་།  ཐ་ན་དཔོན་རིགས་སུ་གྱུར་ལ། མང་ཆེ་བའི་དཔལ་འབྱོར་གོ་གནས་ཇེ་དམར་ཕྱིན་ཏེ་དམངས་རིགས་དང་ཆ་འདྲ་བར་གྱུར་ནས་བྲན་གཡོག་གི་མཚམས་སུ་གནས།  གལ་ཏེ་ས་ཁུལ་གྱི་ཆ་ནས་བལྟས་ན།  ནུབ་ཕྱོགས་བྲམ་ཟེས་དབང་བཟུང་ལ།  ཤར་ཕྱོགས་རྒྱལ་རིགས་ཀྱིས་དབང་བཟུང་ཡོད་ཅིང་།  རྗེའུའི་རིགས་ཀྱི་གོ་གནས་ཤར་ནུབ་གཉིས་སུ་ཁྱད་པར་ཆེན་པོ་མེད།  

       དམངས་རིགས་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།  དེ་ལ་མི་རྣམས་ཀྱི་ལྟ་ཚུལ་གཅིག་མཐུན་མིན།  ཁ་ཅིག་གིས་ཁོ་ཚོ་རིམ་གྲས་ལམ་ལུགས་ཀྱི་ཆེས་དམའ་རིམ་དུ་གནས་ཀྱང་དམངས་རང་དབང་བ་ཡིན་པས་བྲན་གཡོག་དང་མི་འདྲ་བར་བཤད།  ཤོད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་ཏེ།  ཆོས་ཀྱི་མདོར་བྱེད་ཐབས་སྣ་ཚོགས་སྤྱད་ནས་རིགས་སྔ་མ་གསུམ་དང་དམངས་རིགས་མི་འདྲ་བ་ནན་གྱིས་བསྟན་ཡོད་པས།  དམངས་རིགས་ནི་ཨརྱའི་རིགས་སུ་མི་གཏོགས་པ་མཐོང་ཐུབ།  འཕགས་པའི་མི་རིགས་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས།  གཉུག་མར་གནས་པའི་སྡོད་དམངས་ལས་ཁག་ཅིག་བྲན་གཡོག་ཏུ་གྱུར་ཏེ་ཁྱིམ་ལས་ཀྱི་ངལ་རྩོལ་དུ་ཞུགས་ལ།  ཁག་ཅིག་ད་དུང་སྔར་གྱི་ལས་སུ་འཇུག་ཅིང་།  མང་ཆེ་བ་ལག་ཤེས་བཟོ་ལས་པ་ཡིན་ལ།  ཕྱིས་སུ་ལག་ཤེས་བཟོ་ལས་འཕེལ་བ་དང་བསྟུན་ནས་བཟོ་དཔོན་སྣ་ཚོགས་སུ་གྱུར།  དམངས་རིགས་ནི་མི་དེ་དག་ཡིན་ལ།  ཁོ་ཚོ་ནི་དོན་ལ་རིགས་རྒྱུད་ཀྱི་བྲན་གཡོག་ཡིན།  

       མདོར་བསྡུས་ཏེ་བཤད་ན།  རིགས་རྒྱུད་ལམ་ལུགས་ནི་གྲལ་རིམ་གྱི་འགལ་བ་དང་མི་རིགས་ཀྱི་འགལ་བ་གཉིས་ཀྱི་འབྲས་བུ་ཡིན་ཞེས་བཤད་ཆོག  གྲལ་རིམ་ཡོད་ན་གྲལ་རིམ་འཐབ་རྩོད་ཡོད་པར་ངེས།  ཡིན་ཡང་ཡིག་ཚང་སྣ་ཚོགས་སུ་བཀོད་པ་ལྟར་ན།  ང་ཚོས་སྐབས་དེར་གྲལ་རིམ་འཐབ་རྩོད་ཛ་དྲག་ཆེ་ཚུལ་མཐོང་མི་ཐུབ།  ཐོན་སྐྱེད་བྱེད་སྟངས་ཐད་དུ་རྩ་བའི་འགྱུར་བ་བྱུང་བར་བཤད་པ་ལའང་གཞི་འཛིན་ཅི་ཡང་མེད།  བྲམ་ཟེའི་གཞུང་དང་ནང་པའི་གཞུང་དུ་བཀོད་པ་ལྟར་ན།  སྐབས་དེ་དུས་ཀྱི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་འཐབ་རྩོད་དང་འགལ་བ་མེད་པ་ནི་མ་ཡིན་མོད།  སྤྱིའི་ཆ་ནས་བཤད་ན་ཅུང་ཞི་འཇགས་དང་བདེ་བར་གནས།  རྒྱལ་ཁབ་མང་པོར་ཆབ་སྲིད་སྒྲིག་ལུགས་ཅུང་བརྟན་འཇགས་ཡིན་ཞིང་།  གྲོང་ཁྱེར་དུ་ཚོང་ལས་དང་ལག་ཤེས་བཟོ་ལས་ཅུང་དར་རྒྱས་ཆེ་ལ།  ཞིང་གྲོང་དུ་ཞིང་ལས་དང་འབྲོག་ལས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།  ས་ཁུལ་མང་པོར་ཟིང་ཆ་སློང་ཞིང་།  རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་སྐབས་འགར་དམག་འཁྲུག་ཡོད་ཅེ་ན།  དེས་ན་རྒྱ་གར་གྱི་ལོ་རྒྱུས་ཧྲིལ་པོའི་ཁྲོད་དུ་གནས་ཚུལ ་དེ་འདྲ་ག་དུས་མེད་དམ།  

       མདོར་ན་ང་རང་གི་ལྟ་ཚུལ་ལྟར་ན།  ནང་ཆོས་ཐོག་མར་དར་དུས་ཀྱི་རྒྱ་གར་ནི་ཡེ་ཤུའི་ཆོས་ལུགས་ཐོག་མར་བྱུང་དུས་ཀྱི་རོ་མ་དང་མི་འདྲ་བར།  སྐབས་དེར་རོ་མ་ནི་“དཔལ་འབྱོར་དང་།  ཆབ་སྲིད།  སྙིང་སྟོབས།  ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་ཉམས་དམས་སུ་འགྲོ་བའི་དུས་རབས་”(ཨིན་ཀེ་སིའི་གསུངས)ཤིག་ཡིན་མོད།  རྒྱ་གར་ནི་དེ་ལྟ་བུ་ཞིག་མ་ཡིན་ནོ། །  ཡིན་ཡང་འདིར་ང་ཚོ་ལ་ངེས་ཅན་དུ་གྲལ་རིམ་གྱི་ལྟ་ཚུལ་དང་མི་རིགས་ཀྱི་ལྟ་ཚུལ་ཡོད་དགོས།  མི་རིགས་མི་འདྲ་བའི་སྡོད་གནས་དང་།  གྲལ་རིམ་ཐ་དད་པའི་ཁྲོད་དུ་འཚོ་བའི་གནས་ཚུལ་ཡང་རྩ་བ་ནས་གཅིག་འདྲ་མིན།  ལྟ་ཚུལ་དེ་སྐབས་གཞན་དུའང་ཡོད་དགོས་ལ།  ཕྱི་ལོའི་སྔོན་གྱི་དུས་རབས་5པ་དང་6པའི་རྒྱ་གར་གྱི་གནས་ཚུལ་གླེང་དུས་ལྷག་ཏུ་ཁ་འབྲལ་མི་རུང་ངོ་། །  
                        མུ་འགོད།

                                 རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease