ང་ཚོས་འཇིགས་སྣང་དང་རེ་སྨོན།

    ཡིག་སྒྱར་བ། གཡུ་ཆུང་ཡེ་རྡོར།


ང་ཚོས་འཇིགས་སྣང་དང་རེ་སྨོན།


         རྩོམ་པ་པོ། མོའོ་ཡན།(莫言)
                   ཡིག་སྒྱར་བ། གཡུ་ཆུང་ཡེ་རྡོར།


    བྱིས་དུས་ཀྱི་འཚོ་བའི་ཁྲོད། ང་ལ་ཆེས་གཏིང་ཟབ་པའི་བག་ཆགས་ཤིག་ཡོད་པ་ནི་བཀྲེས་སྐོམ་དང་ཁེར་རྐྱང་མ་ཡིན་པར། དེ་ནི་འཇིགས་སྣང་ཁོ་ནའོ། །

    ངའི་སྐྱེས་ཡུལ་ནི་འགྲིམ་འགྲུལ་མི་བདེ་བའི་རྗེས་ལུས་ཀྱི་ཡུལ་སྡེ་ཞིག་ཡིན་ཞིང་།  མི་ལོ་ཉེར་གཅིག་གི་རྗེས་སུ་ཡུལ་དེར་གྱེས་བརྡ་བཏང་བ་ཡིན།  ང་ཚོའི་ཡུལ་དེར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་གཞི་ནས་གློག་གི་དབུ་ཚུགས། གློག་མ་བྱུང་བའི་སྔ་རོལ་ཏུ། སྣུམ་སྒྲོན་དང་པྲ་སྒྲོན་སྤྱད་ནས་སྒྲོན་མེ་སྦར་བར་བྱས། པྲ་སྒྲོན་ནི་རྒྱས་སྤྲོས་དངོས་རྫས་ཤིག་ཡིན་ལ། ལོ་སར་ལྟ་བུའི་དུས་ཆེན་ཁྱད་པར་ཅན་དུ་སླེབས་སྐབས་ད་གཟོད་སྒྲོན་པའི་སྲོལ་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ། སྣུམ་སྒྲོན་ཁོ་ན་སྦར་བར་བྱེད་ཅིང་།  དུས་ཡུན་ངེས་ཅན་ཞིག་ལ་ས་སྣུམ་གྱི་འཛིན་ཡིག་མཁོ་འདོན་བྱེད་དགོས་པ་དང་རིན་གོང་ཡང་ཆེན་པོར་སོང་། དེས་ཕྱིར་སྣུམ་སྒྲོན་ཡང་གང་འདོད་དུ་སྦར་བར་མི་བྱེད་དོ། ། ཐེངས་ཤིག་ཟ་མ་ཟ་སྐབས་ངས་གློག་སྒྲོན་དགོས་ཞེས་རེ་ཞུ་བཏོན་པ་ཡིན། ཨ་ཕྱི་ཁོང་ཁྲོ་ལངས་ནས་བཤད་རྒྱུར། གློག་མ་བསྒྲོན་ཚེ། ཁྱོད་ཀྱིས་ཟ་མ་སྣ་ཁུང་ནང་དུ་ཟ་སྲིད་དམ། དངོས་གནས་རེད། གློག་མ་བསྒྲོན་པའི་དབང་དུ་བཏང་ནའང་ང་ཚོས་ཟ་མ་ཁ་ནང་དུ་ཟ་བ་ལས་སྣ་ཁུང་དུ་ཟ་མི་སྲིད་དོ། །

    ལོ་ཟླ་དེ་དག་གི་ཁྲོད་དུ། དགོང་མོ་སླེབས་ཐེངས་རེ་ལ། གྲོང་སྡེ་ནི་མུན་ནག་ཁོ་ནས་བཀླུབས་པའི་སྨག་ནག་ཅིག་ཡིན་ལ། སྨག་ནག་ནང་དུ་ལག་པ་བསྐྱང་ཚེ་མཛུ་གུ་ལྔ་ཡང་མཐོང་བར་དཀོན། མུན་ནག་གི་མཚན་རིང་དེ་སྐྱེལ་ཕྱིར། རྒན་རྒོན་ཚོས་བྱིས་པ་དག་ལ་འདྲེ་གདོན་སོགས་ཀྱི་གནའ་རབས་བཤད་ཅིང་། གནའ་རབས་འདི་དག་གི་ཁྲོད་ནས། ནགས་ཚལ་དང་སྲོག་ཆགས་ཡོད་ཚད་ནི་མིར་འགྱུར་བ་ཡང་ན་མིའི་བསམ་པ་ལ་ཚོད་འཛིན་ཐུབ་པའི་ནུས་པ་ཡོད་པར་འདོད་མྱོང་ལ། རྒན་རྒོན་ཚོས་ཀྱང་ཡིན་ཐག་ཆོད་ཀྱིས་བཤད་སྲིད། ང་ཚོས་ཡིད་ཆེས་ཟབ་པོ་བྱས་པ་ཡིན། གནའ་རབས་དེ་དག་གིས་ང་ཚོ་ལ་འཇིགས་སྣང་སྐྱེས་སྲིད་ལ་དགའ་སྤྲོ་ཡང་སྐྱེར་བཅུག ཉན་གྱིན་ཉན་གྱིན་ཤིན་ཏུ་དངངས་མོད། ཡིན་ཡང་དངངས་སྐབས་དེ་ལས་ཀྱང་མཉན་འདོད་དྲགས་པོ་ཡོད།

    ང་ནི་འདི་ལྟར་གདོན་འདྲེ་ལ་དངངས་མོད། འོན་ཏེ་གདོན་འདྲེ་ལ་ཐུག་མ་མྱོང་ཞིང་། གདོན་འདྲེ་ཡིས་ང་ལ་གནོད་འཚེ་སོགས་ཅི་ཡང་བྱས་མྱོང་མེད། གཞོན་དུས་ཀྱི་སྐབས་སུ། གདོན་འདྲེ་ཡི་འཇིགས་སྣང་ཁྲོད་ནས་དོན་ངོ་མར་ཤུགས་བསྟན་གྱིས་ཡུད་ཙམ་ལ་རེ་སྒུག་བྱས་མྱོང་། དཔེར་ན་སྔོན་ཆད་ཅིག་ལ་ཐེངས་གཅིག་མིན་པར་ངས་རང་ཉིད་ཝ་སྐྱེས་ནས་འགྱུར་བའི་མཛེས་མ་ཞིག་དང་འཕྲད་པར་རེ་སྨོན་དང་ཟླ་འོག་གི་གྱང་ཁ་ནས་གླུ་གཞས་ལེན་ཤེས་པའི་སྲོག་ཆགས་ཆུང་ཆུང་དག་ལའང་འཕྲད་ཨེ་ཐུབ་སྙམ་པའི་རེ་སྨོན་དང་བཅས་གདའ། མི་ལོ་ཁ་ཤས་ཟིན་རྗེས། ང་ལ་དོན་དམ་པར་གནོད་འཚེ་ཐེབས་མཁན་ནི་ད་དུང་མི་རེད་ལ། འཇིགས་སྣང་ཐེབས་བཅུག་མཁན་ཡང་མི་ལས་མ་འདས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ཡར་སྔོན་དུ། རྒྱ་ནག་ནི" གྲལ་རིམ་འཐབ་རྩོད"་ཀྱིས་ཁེངས་བའི་རྒྱལ་ཁབ་ཅིག་ཡིན་ལ། གང་ལྟར་གྲོང་ཁྱེར་དང་གྲོང་སྡེ་གང་ཞིག་ཡིན་རུང་། རྟག་པར་མི་ཁ་ཤས་ཤིག་གིས་བག་མེད་ཚུལ་འཆལ་གྱི་དོན་རྐྱེན་གང་མང་ཞིག་གིས་མི་རེ་འགའ་ལ་གཉའ་གནོན་དང་བཙན་སྡོམ་ཐེབས་སུ་འཇོག

     བྱིས་པ་རེ་འགའ་ནི། སྔོན་མེས་པོ་ཚོས་འབྱོར་ཕྱུག་གི་འཚོ་བ་རོལ་ཡོད་ཕྱིར། སློབ་གསོའི་དབང་ཆ་རྩིས་མེད་དུ་བཏང་ལ།གྲོང་ཁྱེར་དུའང་འགྲོ་མྱོང་མེད་པ་ལྟ་ཅི་སྨོས། བག་ཕེབས་དང་དབང་ཆ་ཡོད་པའི་འཚོ་བར་དེ་བས་འགྲོ་མྱོང་མེད། གཞན་གྱི་བྱིས་པ་རེ་འགའ་ནི། མེས་པོ་དག་དབུལ་པོ་ཡིན་ཕྱིར། དབང་ཆ་དེ་དག་ལ་ལོངས་སུ་སྤྱོད་མྱོང་མཁན་ཡིན། གལ་ཏེ་དེ་ཁོ་ན་ཉིད་ཡིན་ནའང་། འཇིགས་སྣང་སྐྱེས་མི་སྲིད་ཅིང་། འཇིགས་སྣང་སྐྱེས་པ་ནི་མི་རེ་འགའ་དང་དེ་ཚོའི་བྱིས་པ་དག་ཡིན། ཁོ་ཚོས་མགོ་མཇུག་སློག་པའི་མི་དང་ཁོང་ཅག་གི་བྱིས་པ་ཚོར་སོ་ལྟ་དང་བརྙས་བཅོས་གཉའ་གནོན་བྱས་པ་དེ་ཡིན།

    ངའི་མེས་པོ་སྔོན་ཆད་འབྱོར་ཕྱུག་ལྡན་པ་རེད། ༼ འབྱོར་ཕྱུག་དེ་ནི། ས་ཞིང་བཅུ་ཁ་དང་བོང་བུ། རྨོན་གླང་ཁ་ཤས་ཡོད་པ་ཙམ་རེད། ༽ དེས་ཕྱིར་སློབ་ཆུང་ལོ་རིམ་ལྔ་པར་འགྲིམས་རྗེས་ང་ཕྱིར་ཕུད་པ་རེད། ཡུན་རིང་གི་ལོ་ཟླའི་ཁྲོད་ནས། ངས་རྒྱུན་པར་གཟན་ནན་བྱས་པ་དང་ལུས་ངག་གི་སྤྱོད་པ་ལའང་དེ་བཞིན་ལས་མ་འདས། ཚིག་གཅིག་བཤད་ཀྱང་ཤིན་ཏུ་གཟབ་ནན་བྱས་པས། ཕ་མར་དཀའ་ཁག་འཕྲད་པར་དོགས་ཤིང་། ངས་ཐེངས་གང་མང་ཞིག་ལ་སྡེ་བའི་གཞུང་ལས་ཁང་ནས་བརྒྱུད་པའི་སྡེ་བའི་ལས་བྱེད་པ་དང་ཁོང་ཚོས་ཉེས་རྡུང་བྱེད་ཀྱིན་པའི་མི་ངན་བརྗོད་པ་དེ་ཚོའི་ཡིད་སྐྱོ་བའི་སྐད་སྒྲ་ཐོས་དུས། འཇིགས་སྣང་ཞེ་དྲགས་སྐྱེས་བྱུང་། འཇིགས་སྣང་འདི་ནི་འདྲེ་གདོན་ལས་བསྐྱེད་པའི་འཇིགས་སྣང་ལས་ཀྱང་ཚབས་ཆེན་ཞིག་ཏུ་གྱུར། སྐབས་དེར་ཨ་མས་ང་ལ་གདམས་པའི་ནང་དོན་དེས་མཐིལ་རྟོགས་བྱུང་། ཨ་མས་བཤད་པའི་འཛམ་གླིང་ཐོག་གི་གཅན་གཟན་དང་གདོན་འདྲེ་ནི་མི་ལ་དངངས་པ་ལྟ་བུ་ཞིག་ཏུ་ངས་གོ་བ་ལེན་མྱོང་། ངས་ད་གཟོད་རྟོགས་བྱུང་། འཇིག་རྟེན་ཐོག་གི་གཅན་གཟན་ཡང་ན་གདོན་འདྲེ་ཡོད་ཚད་ནི་ཤེས་རིག་དབེན་པ་དང་དྲན་པ་འཐོར་བའི་མི་ལས་ཀྱང་ཞན། ་འཛམ་གླིང་ཐོག་ཏུ་སྟག་དང་སྤྱང་ཀིས་མི་ལ་གནོད་འཚེ་མཆིས་པ་ཏན་ཏན་རེད་ལ། མ་ཟད་གདོན་འདྲེ་ཡིས་མི་ལ་གནོད་བཟོས་པའི་ངག་རྒྱུན་ཀྱང་ཡོད་མོད། འོན་ཀྱང་ཁྲི་ཁྲི་འབུམ་འབུམ་གྱི་རྐྱེན་ལམ་དུ་གྱུར་པ་མི་ཡིན་ལ། མནར་གཅོད་ཁྲི་ཁྲི་འབུམ་འབུམ་ཐེབས་པ་ཡང་མི་ཡིན། འདི་འདྲའི་གདུག་རྩུབ་ཀྱི་སྤྱོད་པས་སྤྱི་ཚོགས་ལ་གནང་བའི་གཟེངས་རྟགས་ནི་ནད་རྟགས་ཤིག་ལས་མ་འདས།

     “རིག་གནས་གསར་བརྗེ་ཆེན་པོ”་དང་མཚུངས་པའི་མུན་ནག་གི་དུས་རབས་དེ་བརྒལ་ནས་མི་ལོ་ཉི་ཤུ་འདས། "གྲལ་རིམ་འཐབ་རྩོད"ཀྱང་མཚམས་འཇོག་བྱས། འོན་ཀྱང་དུས་རབས་དེ་ལྟ་བུ་ལས་ཡོང་བའི་ང་ལ་མཚོན་ན། ད་དུང་སེམས་ངོར་འཇིགས་སྣང་གི་ལྷག་མ་འདུག ང་ཕ་ཡུལ་ཏུ་འབྱོར་ཐེངས་རེར་ལ། དེ་སྔོན་ཁྲིམས་མེད་ལུགས་མེད་བྱས་པའི་མི་དག་དང་འཕྲད་སྐབས་ཁོང་ཚོས་འཛུམ་ཞལ་གྱིས་བསུ་མ་བྱས་བྱུང་། ངས་ཀྱང་དེ་མཚུངས་ཀྱིས་འཛུམ་དམུལ་བྱས་ཤིང་མགོ་བོ་བསྒུར་བ་ཡིན། ཡིན་ནའང་སེམས་པ་འཇིགས་སྣང་གིས་ཁེངས་ནས་འདུག སྔོན་ཉེས་རྡུང་བྱས་པའི་མི་དེ་ཚོའི་ཁང་མིག་མཐོང་སྐབས། འཇིགས་སྣང་གིས་འདར་སིག་སིག་བྱས་བྱུང་། སྤྱིར་ཁང་མིག་དེ་དག་ཞིག་རལ་དང་ཉིལ་རྡུབ་བྱུང་ཟིན་ནའང་སེམས་ཀྱི་དངངས་པ་ཞི་བའི་ཐབས་མི་འདུག དཔེར་ན་རྡོ་ཟམ་ཆུང་བའི་ཐོག་ཏུ་གདོན་འདྲེ་མེད་པ་རྟོགས་བཞིན་དུ། དེར་བརྒྱུགས་ཏེ་ངར་སྐད་རྒྱག་པ་དང་གཅིག་མཚུངས་རེད།

     འདས་སོང་ལ་ཕྱི་མིག་ཅིག་འཕངས་ཚེ། ང་ནི་ཏན་ཏན་ལྟོགས་སྐོམ་དང་ཁེར་རྐྱང་། འཇིགས་སྣང་གི་ཁྲོད་ནས་ནར་སོན་པ་ཞིག་ཡིན་པ་ཚོར། ངས་དཀའ་སྡུག་མང་པོ་ཞིག་ལ་བཟོད་བསྲན་བརྒྱུད་ནས་ཡོང་བ་ཡིན་ལ། ད་དུང་འདོད་ཧམ་གྱིས་སྨྱོ་བ་དང་ངན་རུལ་སོགས་གང་ཡང་བཏང་མེད་པར་མ་ཟད། ཀུན་གྱིས་གུས་བཀུར་ཐོབ་སའི་རྩོམ་པ་པོ་ཞིག་ཏུ་གྱུར། དོན་དམ་པར་གང་གིས་འདེགས་སྐྱོར་ལས་ངའི་དུས་ཡུན་རིང་བའི་མུན་ནག་གི་ལོ་ཟླ་དེ་བསྐྱལ་བ་རེད་དམ་ཞེ་ན། དེ་ནི་རེ་སྨོན་ཡིན་ནོ། །

    འབྱུང་འགྱུར་གྱི་དུས་རབས་ཁྲོད་ངའི་རེ་སྨོན་ཉག་གཅིག་ནི། མི་ངན་གྱིས་གཙེས་པའི་འཇིགས་སྣང་གི་ལས་དེ་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བའི་སྨོན་ལམ་ཉིད་ཡིན། ཡིན་ནའང་གདོན་འདྲེའི་གནའ་རབས་དང་གཏམ་རྒྱུད་ལས་བཟོས་པའི་འཇིགས་སྣང་དེ་རྩ་གཏོར་མ་བྱེད་ན་འགྲིག་པར་སེམས། རྒྱུ་མཚན་གདོན་འདྲེའི་གནའ་རབས་དང་གཏམ་རྒྱུད་ཀྱིས་མཐའ་མི་ཆོད་པའི་འཇིག་རྟེན་ལ་གུས་ཤིང་སྐྲག་པ་དང་མཛེས་སྡུག་གི་འཚོ་བར་རེ་སྨོན་གྱིས་ཁེངས་དུ་འཇུག་སྲིད། ད་དུང་རྩོམ་རིག་དང་སྒྱུ་རྩལ་ལ་ས་བོན་འདེབས་སྲིད།
                
གཡུ་ཆུང་ཡེ་རྡོར་དུ་འབོད་པས་བསྒྱར།
                                  
རྩོམ་སྒྲིག་པ། མྱི་གསར་བ།