གྲོ་ཞིང་དང་སྙན་ངག་པ།

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


ཧེ་ཙི།
 དངོས་མིང་ལ་ཁྲ་ཧེ་ཧྲིན་ཞེས་འབོད།  སྤྱི་ལོ༡༩༦༤ལོའི་ཟླ་༥པའི་ནང་ཨན་ཧོས་ཞིང་ཆེན་ཧོས་ཉིན་རྫོང་ཀའོ་ཧི་ཁྲ་བན་སྡེ་བ་ནས་སྐྱེས། ༡༩༧༩སྟེ་ལོ༡༥སྟེང་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱུགས་འཕྲོད།༡༩༨༣ལོར་སློབ་མཐར་ཕྱིན་རྗེས་པེ་ཅིན་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཤེར་རྟོགས་རིག་པ་ཞིབ་འཇུག་ཁང་ནས་ཕྱག་ལས་གནང་།༡༩༨༢ལོ་ནས་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ཤིང་ །  ལོ་ཁ་ཤས་ཀྱི་ནང་དུ་ཡིག་འབྲུ་ཁྲི༢༠༠ལ་ཉེ་བའི་སྙན་ངག་དང་བརྩམས་སྒྲུང་། ཟློས་གར། དཔྱད་རྩོམ་སོགས་མཛད་ཡོད།  དེ་དག་ལས་བརྩམས་ཆོས་གཙོ་གྲས་དག་ནི་སྙན་ངག་རིང་མོཡིན་ནའང་ཆུ།  ཆུདངས་གཞི  སྙན་ཚིག་ཟློས་གརཉི་མ བརྩམས་ཚར་མེད    མཉམ་ལེན་ཟློས་གར་དང་པོམེ་སེ་ཡ རྩོམ་འཕྲོར་ལུས་ཡོད་པའི་མཉམ་ལེན་ཟློས་གར་གཉིས་པ། སྙན་ངག་རིང་མོ ཏ་ཀྲ་ས》(བརྩམས་ཚར་མེད)  གཏམ་བརྗོད་ཟློས་གརབཀྲོངས་པསོགས་ལས་གཞན།དུངས་བརྗོད་སྙན་ངག་ཐུང་ངུ༢༠༠ལ་ཉེ་བ་ཡོད། ༡༩༨༩ལོའི་ཟླ༣པའི་ཚེས༢༦ཉིན་ཧའོ་པའེ་ཞིང་ཆེན་ཧྲན་ཧའེ་འགག་གི་མེ་འཁོར་ལྕགས་ལམ་གྱི་སྟེང་ནས་གན་རྐྱལ་དུ་ཉལ་ཏེ་རང་སྲོག་བཅད།
 

མ་ཡུམ་ལ་ཕུལ་བ།སྙན་ཚོམ
              
  མར་ཁུ་རྒྱལ་མཚན་གྱིས་བསྒྱུར།



༡  རླུང་།
 
རླུང་ཧ་ཅང་མཛེས    སིལ་ཏོག་ཀྱང་མཛེས
རླུང་བསེར་བུ་ཧ་ཅང་མཛེས
རང་བྱུང་ཁམས་ཀྱི་མྱོས་བུམ་ཧ་ཅང་མཛེས
ཆུ་ཧ་ཅང་མཛེས    ཆུ་ཨ
མི་ཡིས་ཁྱོད་ལ
ཅི་ཡང་བརྗོད་དུ་མེད་དུས་ཧ་ཅང་མཛེས
 
ཁྱེད་ཚང་གི་རྙིང་ཧྲུལ་གྱི་སྒོ་མོས
སྦས་ཡོད་པའི་དབུལ་ཕོངས་ཧ་ཅང་མཛེས
 
རླུང     རྩྭ་ཐང་ཧྲིལ་བོ་ན་ལྡང
རྟའི་རུས་པ      ལྗང་མདོག་ཏུ་གྱུར།  
 

༢  ཆུ་མིག
 
ཆུ་མིག      ཆུ་མིག
སྐྱེས་དངོས་ཀྱི་མཆུ་སྒྲོས
མཐིང་མདོག་གི་མ་ཡུམ
ལུས་ཕུང་སྤྱད་ནས
རི་སྐྱེས་མེ་ཏོག་གི་པི་ཝང་སྤྱད་ནས
བྲག་རྡོ་གཡོགས་ཤིང
རུས་པ་དང་ཆང་ཕོར་གཡོགས།
                                   

༣  སྤྲིན།
 
མ་ཡུམ
རྒས་ཟིན    སྐྲ་དཀར་ལ་བྱིལ་བྱིལ་བྱེད་བཞིན
མ་ཡུམ་ཁྱོད་ངལ་གསོ་རུ་སོང
རི་ལྡེབས་ན་ཁུ་སིམ་མེར་བསྐུངས་པའི་བུ་ཆུང
རི་སྐེད་ཀྱི་ལྷིང་འཇགས་ཀྱི་ཆུ་བོ་ཇི་བཞིན
མཁའ་དབྱིངས་ལ་བཞུར་བཞིན་འདུག
 
ངས་སྤྲིན་ཕུང་ལ་གླུ་གཞས་བཏང
ཆར་ཆུའི་ལྕམ་སྲིང
མཛེས་སྡུག་གི་གཉེན་སློང
ངས་རང་ཉིད་ཀྱིས་སྙིང་སྡུག་མར་ཕུལ་བའི་སྙན་ངག་ལ
སྙིང་བོ་མེད་པ་ཤེས་ཡོད
 
ངས་སྤྲིན་ཕུང་ལ་གླུ་གཞས་བཏང
ངས་མཐའ་མར་རང་ཉིད་བདེ་སྐྱིད་དང
དྲི་མེད་དྭངས་གཙང་གི་མི་ཡོད་ཚད་དང་མཉམ་དུ
ལྷ་ཡུལ་ནས་འཛོམས་སྲིད་པ་ཤེས་ཡོད།
 

༤  ཁ་བ།
 
ཨ་མས་ཡང་བསྐྱར་ཕ་ཡུལ་གྱི་རྐུབ་སྟེགས་སྟེང་ན་ང་རང་དྲན་བཞིན་ཡོད
རྐུབ་སྟེགས་དེ་ནི་ངའི་ཁ་བས་གཡོགས་པའི་ཁང་སྟེང་དང་མཚུངས
 
ཨ་མའི་ཁང་སྟེང་ལ
སང་ཉིན་སྔ་དྲོ
མཚམས་སྤྲིན་གྱི་འོད་སྟོང་རབ་ཏུ་འཕྲོ་སྲིད་པ
ངས་ཁྱོད་ལ་མཐོང་དུ་འཇུག་འདོད
ཨ་མ      ཨ་མ
ཁྱོད་ཀྱིས་འབྲུ་མཛོད་ལ་གདོང་གཏད་ནས
རྡོག་པས་ས་སྲོད་བརྫིས་བཞིན
ཉིན་རེར་རྒ་བའི་ལམ་དུ་ཞུགས་བཞིན་པ་ངས་ཤེས་ཡོད།
 

༥  སྐད་བརྡ་དང་ཁྲོན་པ།
 
སྐད་བརྡའི་དེ་ཉིད
མ་ཡུམ་དང་འདྲ
སྐད་ཆ་བརྗོད་བསམ་དུས   ཆུ་འགྲམ་དུ
ཉམས་མྱོང་གི་ཆུ་བོའི་འགྲམ་ངོགས་གཉིས་སུ
སྣང་ཚུལ་གྱི་ཆུ་བོའི་འགྲམ་ངོགས་གཉིས་སུ
མེ་ཏོག་ནི་འཇམ་མཛེས་ཀྱི་ཆུང་མ་དང་འདྲ
བླགས་སྟེ་ཉན་བཞིན་པའི་རྣ་བ་དང་སྙན་ངག
ག་ས་གར་སྐྱེས་ཤིང
སྡུག་བསྔལ་གྱིས་མནར་བའི་ཆུ་བོ་ལ་གསལ་བོར་ཉན་ན
ཆུ་བོ་རྒྱང་རིང་ལ་བཞུར་བཞིན་མཆིས།
  ༡༩༨༤—————༡༩༨༦
 

བོད་ལྗོངས།
 
བོད་ལྗོངས       ཁེར་རྐྱང་གི་ཕ་བོང་ཞིག་གིས་ནམ་མཁའ་ཧྲིལ་བོ་བསྒྲིབས་འདུག
མཚན་མོ་གང་ཞིག་གིས་ཀྱང་ང་རང་གཉིད་དུ་འཇུག་མ་ནུས
སྐྱ་རེངས་གང་ཞིག་གིས་ཀྱང་ང་རང་གཉིད་ལས་སློང་མ་ནུས
 
ཁེར་རྐྱང་གི་ཕ་བོང་ཞིག་གིས་ནམ་མཁའ་ཧྲིལ་བོ་བསྒྲིབས་འདུག
ཁོ་ན་རེ    ལོ་ངོ་སྟོང་འདིའི་རིང་ལ་ང་རང་ང་ཁོ་ནར་དུངས་ཟེར
 
ཁེར་རྐྱང་གི་ཕ་བོང་ཞིག་གིས་ནམ་མཁའ་ཧྲིལ་བོ་བསྒྲིབས་འདུག
མིག་ཆུ་གང་ཞིག་གིས་ཀྱང་ང་རང་མེ་ཏོག་ཏུ་བསྒྱུར་མ་ནུས
མངའ་བདག་གང་ཞིག་གིས་ཀྱང་ང་རང་གསེར་ཁྲི་རུ་བསྒྱུར་མ་ནུས།
                    ༡༩༨༨   ༨
 

གྲོ་ཞིང་དང་སྙན་ངག་པ།
 
དྲི་བ།
 
སྔོ་ལྗང་གི་གྲོ་ཞིང་སྟེང་ན
ཁ་བ་དང་ཉི་འོད་རྒྱུག་བཞིན་འདུག
 
སྙན་ངག་པ    ཁྱོད་ཀྱིས་གྲོ་ཞིང་དང་འོད་སྣང་གི་བརྩེ་དུང་ལ
སྐྱིན་ཚབ་སྤྲོད་ཐབས་བྲལ
 
རེ་འདུན་རིགས་ཤིག
ལྷག་བསམ་རིགས་ཤིག
ཁྱོད་ཀྱིས་སྐྱིན་ཚབ་སྤྲོད་ཐབས་བྲལ
 
ཁྱོད་ཀྱིས་སྐྱིན་ཚབ་སྤྲོད་ཐབས་བྲལ
འོད་སྟོང་འཕྲོ་བཞིན་པའི་སྐར་མ་ཞིག
ཁྱོད་ཀྱི་སྤྱི་གཙུག་ན་ཁུ་སིམ་མེར་འབར་བཞིན་འདུག
 
དྲིས་ལན།
 
གྲོ་ཞིང
གཞན་གྱིས་ཁྱོད་མཐོང་དུས
ཁྱོད་ནི་དྲོད་ཀྱིས་ཁེངས་ཤིང་    མཛེས་སྡུག་ལྡན་པ་ཞིག་རེད་སྙམ་འདུག་ནའང
ང་རང་ཁྱོད་ཀྱི་སྐྱོ་གདུང་དང་འདྲི་གཅོད་ཀྱི་དཀྱིལ་སྙིང་ནས་འགྲེང་དུས
ཁྱོད་ཀྱིས་ང་རང་བསྲེགས་རྨས་བཏང་སོང
 
གྲོ་ཞིང
ལྐོག་གྱུར་གྱི་འདྲི་གཅོད་མཁན་ཨང
 
ང་རང་སྐྱོ་གདུང་གིས་ཁྱོད་ཀྱི་མདུན་ནས་འགྲེང་དུས
ཁྱོད་ཀྱིས་ང་ལ་ཅི་ཡང་མི་འདུག་ཅེས་མི་བརྗོད་པར་ཞུ
ཁྱོད་ཀྱིས་ངའི་ལག་ཟུང་སྟོང་བ་རེད་ཅེས་མི་བརྗོད་པར་ཞུ
 
གྲོ་ཞིང་ཨ   མིའི་རིགས་ཀྱི་སྐྱོ་གདུང་ནི
ཁོའི་འོད་སྟོང་འཕྲོ་བཞིན་པའི་སྙན་ངག་དང་འོད་སྣང་ཡིན།                                                                                            ༡༩༨༧

ལྕམ་སྲིང་བཞི།
 
ལུང་སྟོང་གི་དེའུ་འབུར་གྱི་སྟེང་ན་ལྕམ་སྲིང་བཞི་འགྲེང་འདུག
རླུང་ཡོད་ཚད་ཁོ་མོ་ཚོའི་ཕྱོགས་སུ་ལྡང་ཞིང
འཚོ་བ་ཡོད་ཚད་ཁོ་མོ་ཚོའི་སླད་དུ་ཆག་གྲུམ་ཤོར
 
མཁའ་དབུགས་ཁྲོད་ཀྱི་གྲོ་རྡོག་གཅིག
ངའི་སྤྱི་གཙུག་ཏུ་མཐོ་རུ་བཏེགས་ཡོད
ངའི་ལུས་པོ་ལུང་སྟོང་འདིའི་དེའུ་འབུར་གྱི་སྟེང་ན་ཡོད་རུང
ངས་ངའི་ས་རྡུལ་གྱིས་གཡོགས་ཟིན་པའི་ཁང་སྟོང་དེ་དྲན་བཞིན་ཡོད
 
ང་རང་དུངས་མྱོང་བའི་གླེན་རྨོངས་ཀྱི་ལྕམ་སྲིང་བཞི་བོ་ཨ
འོད་ཟེར་ཕྱོགས་བཞིར་འཕྲོ་བའི་ལྕམ་སྲིང་བཞི་བོ
མཚན་མོར        ངས་དེབ་ཐེར་དང་ཀྲུང་གོ་སྔས་སུ་བྱས་ནས
མཐིང་མདོག་གི་རྒྱང་རིང་གི་ལྕམ་སྲིང་བཞི་བོ་དྲན་བཞིན་ཡོད
ང་རང་དུངས་མྱོང་བའི་གླེན་རྨོངས་ཀྱི་ལྕམ་སྲིང་བཞི་བོ་ཨ
ངས་དངོས་སུ་བརྩམས་པའི་སྙན་ངག་ཚན་པ་བཞི་ཇི་བཞིན
ངའི་འགྲོགས་རོགས་ཡིན་པའི་མཛེས་སྡུག་གི་ལྕམ་སྲིང་བཞི་བོ
ལས་དབང་ལྷ་མོ་ལས་ཀྱང་ཁྱད་དུ་འཕགས་ཤིང
མཛེས་སྡུག་ཐལ་མདོག་གི་བཞོན་མ་དེད་ནས    གཞུ་དབྱིབས་ཀྱི་རི་རྩེར་བསྐྱོད་བཞིན་འདུག
 
ཟླ་གཉིས་པ་སླེབས་ཚེ    ཁྱོད་རང་གང་ནས་ཐོན་པ་ཡིན
གནམ་ནས་འགྲིལ་ཡོང་བའི་དཔྱིད་ཀའི་གནམ་ལྕགས     ཁྱོད་རང་གང་ནས་ཐོན་པ་ཡིན
མི་རྒྱུས་མེད་དང་ལྷན་དུ་མི་འོང་བར
ཟོག་འདྲེན་ཤིང་རྟ་དང་ལྷན་དུ་མི་འོང་བར
བྱ་ཁྱུ་དང་ལྷན་དུ་མི་འོང་བར
 
ལྕམ་སྲིང་བཞི་བོས་གྲོ་རྡོག་གཅིག
མཁའ་དབུགས་ཁྲོད་ཀྱི་གྲོ་རྡོག་གཅིག་པུ་འདི་པང་ནས
ཁ་སང་གི་ཁ་བ་དང་དེ་རིང་གི་ཆར་ཆུ་པང་ནས
སང་ཉིན་གྱི་འབྲུ་རིགས་དང་ཚིག་རོ
འདི་ནི་རེ་ཆད་ཀྱི་གྲོ་ཡིན
 
ཁྱེད་ཀྱིས་ལྕམ་སྲིང་བཞི་བོར་འདི་ལྟར་བརྗོད་རོགས   འདི་ནི་རེ་ཆད་ཀྱི་གྲོ་ཡིན
ནམ་ཡང་འདི་ལྟར་ཡིན་ཏེ
རླུང་གི་རྗེས་ནི་རླུང་དང
མཁའ་དབྱིངས་ཀྱི་ཡང་སྟེང་ནི་མཁའ་དབྱིངས་ཡིན
བགྲོད་ལམ་གྱི་མདུན་ཕྱོགས་ནི་ད་རུང་བགྲོད་ལམ་ཡིན།
 

སྡེ་གྲོང་།
 
སྡེ་གྲོང་ན་མ་ཡུམ་དང་བུ་ཕྲུག་བསྡད་ཡོད
བུ་ཆུང་ཁུ་སིམ་མེར་ནར་སོན་ཞིང
མ་ཡུམ་གྱིས་ཁུ་སིམ་མེར་ཅེར་ནས་འདུག
 
འདམ་རྩྭའི་མེ་ཏོག་གི་གསེབ་ནས
སྡེ་གྲོང་ནི་དཀར་མདོག་གི་གྲུ་གཟིངས་ཤིག་དང་མཚུངས
ངའི་སྲིང་མོའི་མིང་ལ་འདམ་རྩྭའི་མེ་ཏོག་ཟེར
ངའི་སྲིང་མོ་ཧ་ཅང་མཛེས།
 

སྐྱུ་རུ་རའི་ཤིང་སྡོང་།
 
དོ་དགོང་ང་རང་ཁྱོད་དང་འཕྲད་མི་སྲིད
དོ་དགོང་ང་རང་འཇིག་རྟེན་སྟེང་གི་ཡོད་ཚད་དང་འཕྲད་སྲིད་ཀྱང
ཁྱོད་དང་འཕྲད་མི་སྲིད
 
དབྱར་ཁའི་མཐའ་མཇུག་གི
མེ་ལྟར་དམར་བའི་སྐྱུ་རུ་རའི་ཤིང་སྡོང་རྐང་གཅིག
བརྗིད་ཉམས་ལྡན་པའི་ལྷ་མོའི་ལྕགས་རྟ་དང་འདྲ་ཞིང
བུ་མོ་ཞིག    རི་ཚོགས་ལ་འཇིགས་པ་བཞིན
ཧྲིག་གེར་སྒོ་འགྲམ་དུ་འགྲེང་སྟེ
ཁོ་མོ་ངའི་ཕྱོགས་སུ
བརྒྱུག་ནས་འོང་མི་སྲིད
 
ང་རང་ས་སྲོད་བརྒལ་ནས
རླུང་བུ་རྒྱང་རིང་གི་ཀླུང་ཆེན་ལ་ལྡང་བ་བཞིན
ངས་ས་སྲོད་ཀྱི་ཀློང་ནས་ཁེར་རྐྱང་གི་སྡོང་རྐང་གཅིག་འཐམ་སྲིད
སྐྱུ་རུ་རའི་ཤིང་སྡོང    མིག་གི་རྡེབ་དབང་ཙམ་ལ    ཨ   སྐྱུ་རུ་ར
 
ང་རང་ཁྱོད་ཀྱི་མེ་ལྟར་དམར་བའི་མྱོས་བུམ་གྱི་གཤམ་ནས་ནམ་ལངས་རག་བར་དུ་ཙོག་ངེས
ཆུང་ཡང་ཆུང་ལ་མཛེས་སྡུག་ལྡན་པའི་སྐྱུ་རུ་རའི་མྱོས་བུམ
བརྗིད་ཉམས་ལྡན་པའི་ལྷ་མོའི་ལྕགས་རྟའི་ཐོག་ནས
ཞིང་བྲན་གྱི་ལག་པའི་ཐོག་ནས
མཚན་མོའི་དུས་སུ་ཞི་བར་འགྱུར་ངེས།


                         རྩོམ་སྒྲིག་པ། མྱི་གསར་བ།