ཡཱིས་ཏཱིའུ་ཐྲི•སཱོ་དྷི་གཱི་ལཱིང་གི་སྙན་ངག་ཚན་པ་བདུན།

    ཡིག་སྒྱུར་བ། ས་དམར་གྲགས་པ།


ཡཱིས་ཏཱིའུ་ཐྲི•སཱོ་དྷི་གཱི་ལཱིང
་ལགས་ནི(伊迪特·索德格朗Edith Södergran,1892-1923)རྒྱལ་ཁོངས་ཧྥིན་ལན་ཡིན་ལ།  ཁོ་མོ་མ་གཞི་ནས་སུའེ་ཏེན་གྱི་སྐད་བཤད་མཁན་གྱི་ཧྥིན་ལན་གྱི་གྲངས་ཉུང་མི་རིགས་ཤིག་ཡིན་ན་ཡང་།  མི་མང་པོ་ཞིག་གིས་ཁོ་མོ་སུའེ་ཏེན་ནས་རེད་ཟེར་དོན་ཁོ་མོས་སུའེ་ཏེན་གྱི་སྐག་བཤད་ཀྱི་ཡོད་པས་རེད།  ཁོ་མོ་ལོ་ན་ཧ་ཅང་ཆུང་དུས་ཤིག་ནས་འདས་ཟིན་པ་རེད།  འདས་དོན་ཡང་གློ་ནད་བྱུང་བ་དང་འཚོ་བཅུད་འཛོམས་པོ་མེད་པས་རེད།  མོ་རང་དགུང་ལོ་སོ་གཅིག་སྟེང་འདས་ཟིན་ན་ཡང་སྙན་དེབ་ཆུང་ཆུང་བཞི་པར་སྐྲུན་བྱས་ཤིང་༼ཟླ་དགུ་བའི་གཞུ་སྦྲེང་༽ཞེས་པ་དེ་ཀློག་པ་བོ་དག་གིས་ཁོང་མོའི་ཚབ་མཚོན་བརྩམས་ཆོས་སུ་འདོད་ཡོད་འདུག  དཔྱད་བརྗོད་པ་དང་དགག་སྒྲུབ་མཁན་རེ་འགས་ཁོ་མོར་གཏམ་མི་སྙན་པ་མང་པོ་བརྗོད་ལུགས་སོགས་ལོ་རྒྱུས་སུ་གསལ།  དེ་བཞིན་ཁོ་མོ་འདས་རྗེས་སུ་ཁོ་མོའི་སྙན་ངག་གི་བཅུད་ཀྱིས་ཡུལ་དེ་དང་འཛམ་གླིང་གི་ཀློག་པ་བོ་མང་པོ་ཞིག་གི་ལུས་ཀྱི་བ་སྤུ་བསྒུལ་ཡོད་དོ།།  བདག་གིས་སྙན་ངག་འདི་སྙན་ངག་པ་པེ་ཏོའུ(北岛)ལགས་ཀྱིས་བསྒྱུར་བའི《北欧现代诗选》ཞེས་པ་ལས་བསྒྱུར་བ་ཡིན།  རྒྱ་རྩོམ་གྱི་མ་ཡིག་ཀློག་འདོད་མཁན་ཚོས་དེབ་དེ་ལས་གཟིགས་པར་མཁྱེན།
      དེ་མིན་ཀློག་པ་བོ་རྣམས་ལ་ཞུ་རྒྱུར། ང་ལ་ཁོ་མོའི་སྙན་ངག་འདི་དག་གིས་འཁོར་འདས་ཀྱི་རྨི་ལམ་ལྟ་བུའི་མིའི་རིགས་ཀྱི་སེམས་ཁམས(འཁོར་བའི་མཐོང་སྣང་)ཞིབ་ཏུ་བྲིས་པ་དང་། སྐད་ཆར་ལྷོད་ཆ་ཡོད་པ། དྲན་པ་གསལ་པ། སྒྲ་ཡི་ཚིག་བཙུན་པ། ནང་སེམས་འབྱིད་ཐུབ་པ། སེམས་ངལ་གསོ་ཐུབ་པ་སོགས་གཙོ་བྱས་ཏེ་སྙན་ངག་གི་ཁམས་ལ་ཁོ་མོས་སྲོག་གི་མར་མེ་གསར་པ་ཞིག་སྒྲོན་ཡོད་པའི་སྣང་བ་ཞིག་སྦྱིན་སོང་བ་དེ་ཡིན། འོན་ཀྱང་འཇིག་རྟེན་ནི་མ་གཞི་ནས་དགོད་ཁ་ཤོར་ས་ཞིག་ཡིན་པས། སུ་ལ་ཁ་ངོ་ཙམ་ཞིག་ཡོད་ན་དེ་ལ་ལམ་ཁ་བདེ་ཙམ་ཡོད་པ་དང་འགྲོ་ས་མང་ཙམ་ཡོད་ན་ཡང་། ཁོ་མོའི་ཚེ་ཡིས་མ་ལྕོགས་པ་ནི་མིའི་རིགས་དང་དགོས་སུ་སྙན་ངག་པ་དང་སྙན་ངག་པའི་སྡུག་བསྔལ་ཞིག་གོ།། 
     དེ་བཞིན་བདག་གིས”སྙན་ངག་མཁན་ནི་དབུལ་ཕོངས་ལས་ཐར་བ་ཐོབ་པར་འདོད་པའི་མི་དེའོ”ཞེས་པའི་དོན་ཡང་འདི་དང་འདི་འདྲ་བའི་སྙན་ངག་མཁན་གང་མང་ཞིག་གི་སེམས་པ་མཚོན་ཨི་ནུས་བསམས་པ་ཙམ་མོ།།
 
ཡཱིས་ཏཱིའུ་ཐྲི•སཱོ་དྷི་གཱི་ལཱིང་གི་སྙན་ངག་ཚན་པ་བདུན།
         ཡཱིས་ཏཱིའུ་ཐྲི•སཱོ་དྷི་གཱི་ལཱིང་གིས་བརྩམས།
                           ས་དམར་གྲགས་པས་བསྒྱུར།
                    
རེ་བ་རིགས་ཤིག
 
ང་ཚོ་རྫོགས་མཐའ་བྲལ་བའི་ཉི་འོད་ཀྱི་ནང་དུ་ཡོད།
ང་ལ་ལྡུམ་རའི་ནང་གི་རྐུབ་ཀྱག་དེ་ལས་མི་དགོས།
རྐུབ་ཀྱག་སྟེང་གི་ཉི་འོད་ལྟ་བུའི་ཞིམ་བུ།
ང་རང་འདི་ནས་བསྡད་དེ།
ངའི་པང་ཁུག་ཏུ་འཕྲིན་ཞིག་བཞག་ཡོད།
ང་ལས་མེད་པའི་འཕྲིན་འདི།
ང་ཡི་རེ་བ་ཡིན།
 
དཀར་པོའམ་ནག་པོ།
 
ཆུ་བོ་ཟམ་པའི་འོག་ཏུ་བཞུར་བཞིན་གདའ།
མེ་ཏོག་ལམ་འགྲམ་དུ་མཛེས་པར་བཀྲ་བས།
ནགས་ཚལ་གྱིས་སྐེད་པ་སྒུར་ཏེ་ས་གཞི་ལ་སྙིང་གཏམ་རྗོད།
ང་ལ་མཚོན་ན། ས་འདི་མི་མཐོ་ལ་མི་དམའ།
ནག་པོའང་མིན་ལ་དཀར་པོ་ཡང་མ་ཡིན།
གོས་ལྭ་དཀར་པོ་གྱོན་པའི་བུ་མོ་དེ་མཐོང་བ་ནས།
ང་དགའ་མའི་རུམ་ཁ་རུ་ཡོད།
 
སྟོན་ཀ
 
གཅེར་བུར་བུད་པའི་སྡོང་པོ་རྣམས་ངའི་ཁང་མཐའ་རུ་ཡོད།
མཐའ་མེད་པའི་ནམ་མཁའ་དང་ཁ་དབུགས་ནང་དུ་བཏང་ཡོང་།
གཅེར་བུར་བུད་པའི་སྡོང་པོ་རྣམས་ཆུ་འགྲམ་དུ་བཅར།
ཆུ་བོའི་གཞུང་དུ་དཔར་བའི་ཁོ་ཚོ།
བྱིས་པ་ཞིག་གིས་བསུབས་པའི་སྟོན་ཀའི་སྨུག་པའི་ནང་དུ་འདུག 
བུ་མོ་ལོ་ཆུང་ཞིག་གིས་ལག་ལ་མེ་ཏོག་བཟུང་ནས་འགྲོ།
གནམ་གྱི་མཐའ་ན།
དངུལ་ལས་དཀར་པའི་བྱ་ཁྱུ་འཕུར།
 
སྐར་ཚོགས།
 
མུན་པས་ལག་པ་བསྲིངས་པའི་སྐབས་སུ།
ང་རང་རྡོ་ཐེམ་སྟེང་དུ་ལངས་ཏེ་རྣ་བའི་སྒོ་མོ་ཕྱེས་ནས་ཡོད།
སྐར་ཚོགས་བུང་བ་བཞིན་ལྡུམ་རའི་ནང་དུ་འཛུལ།
འོན་ཀྱང་། ང་རང་མཚན་སྨག་གི་ནང་དུ་བདས།
ཉོན་ཅིག  སྐར་མ་ཞིག་ས་ལ་ལྷུང་ཐལ།
ཁྱོད་རང་རྐང་རྗེན་དུ་སྐྱེད་མོས་ཚལ་ལ་མ་འགྲོ།
ལྡུམ་རའི་ཕྱོགས་སོ་སོར་སྐར་ཚོགས་ཀྱི་ཆག་རོས་གང་ཡོད།
 
སྒེའུ་ཁུང་ཕྱི་རོལ་ཏུ་ཞག་སྒྲོན་རྐང་གཅིག་འགྲེང་འདུག
 
སྒེའུ་ཁུང་ཕྱི་རོལ་ཏུ་ཞག་སྒྲོན་རྐང་གཅིག་འགྲེང་འདུག
ག་ལེ་ག་ལེར་བཞུ་བཞིན་གདའ།
བཤད་པ་ལྟར་ན། འདི་ནས་ཕྱི་མར་ཆས་པའི་མི་ཞིག
སྒྲ་མེད་པའི་སྤྲིན་པ་རེ་འགའི་བར་ནས་ལངས་ཏེ།
གློ་རྡེག་ཏུ་སྨུག་པས་གཡོགས་པའི་དུར་ཁྲོད་ཅིག་གི
མཐའ་བཞི་ན་འཁོར་བཞིན་འདུག
བྱེའུ་ཞིག་ན་རེ།
འདི་ན་སུ་ཞིག་འདུག་ཟེར།

ནགས་ཚལ་ཞིག་ཏུ།
 
ནགས་ཚལ་ཞིག་ཏུ་ང་རང་མགོ་འཁོར་སོང་།
ངས་རང་གི་བྱིས་དུས་ཉན་པའི་གཏམ་རྒྱུད་དེ་དག་འཚོལ་བ་ཡིན།
 
རི་བོ་མཐོན་པོ་ཞིག་ཏུ་ང་རང་མགོ་འཁོར་སོང་།
ངས་རང་ལ་སྟོང་སྣང་བསྐྲུན་མཁན་གྱི་བུ་མོ་དེ་འཚོལ་བ་ཡིན།
 
དགའ་མའི་ལྡུམ་རའི་ནང་ནས་ང་རང་མགོ་འཁོར་སོང་།
ངས་རང་གི་དད་མོས་ལྟ་བུའི་གསུང་སྙན་དེ་ས་དེར་ཡོད་པར་རེ།
 
བུ་མོ་སྤུན་གསུམ།
 
ཨ་ཅག་དེ་མངར་ཁ་ཆེ་བའི་འབྲི་ཏ་ས་འཛུལ་ལ་དགའ།
འབྲིང་བ་དེ་དམར་ཚ་ཆེ་བའི་རྒྱ་སེ་མེ་ཏོག་ལ་དགའ།
ཐ་ཆུང་དེ་འདས་པོ་ཚོའི་མེ་ཏོག་གི་ཞྭ་མོ་ལ་དགའ།
 
ཨ་ཅག་དེའི་ཆང་ས་བརྒྱབ་པས།
ཁོ་མོར་འཇིག་རྟེན་གྱི་ཕུན་ཚོགས་འཛོམས་པོ་འདུག་ཟེར།
 
འབྲིང་བ་དེའི་ཡིད་དབང་བརྩེ་གདུང་ལ་ཤོར་བས་འདས།
ཁོ་མོས་བདེ་སྐྱིད་མ་རྙེད་པས་རེད་ཟེར།
 
ཐ་ཆུང་དེ་འཕགས་མི་རུ་གྱུར།
ཁོ་མོས་ཇི་སྲིད་བར་དུ་མི་ནུབ་བའི་མཛེས་པ་ཞིག་རྙེད་པ་རེད་ཟེར།
                    ༢༠༡༥།༩།༡༥ཉིན་དབུས་སུ་བསྒྱུར།
 
                                       རྩོམ་སྒྲིག་པ། མྱི་གསར་བ།