གད་སྙིགས།

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


གད་སྙིགས།


             ལོ·ཧྥེ·ཝེ་ལེ་ཞི་མོ (པུ་ར་སི)
                          མར་ཁུ་རྒྱལ་མཚན་གྱིས་བསྒྱུར།


ཁོ་གཉིས་གཞུང་གི་བར་ཁྱམས་ལས་ངོ་འཕྲད་བྱུང་བ་དང་།  མི་རེ་རེའི་ལག་ལ་གད་སྙིགས་ཀྱི་ཁུག་མ་རེ་རེ་བཟུང་འདུག  འདི་ནི་ཁོ་ཚོའི་ཐེངས་དང་པོའི་གླེང་མོལ་རེད།
“སྔ་དྲོ་བདེ་ལེགས”
“སྔ་དྲོ་བདེ་ལེགས”
“ལྷ་ལྕམ་ཁྱེད་ཁང་བ610གི་ནང་ན་བསྡད་ཡོད་དམ”
“སྐུ་ཞབས་ཁྱེད་ཁང་བ612ཀྱི་ནང་ན་བསྡད་ཡོད་དམ”
“ཨོ་ལོས”
“ངས་ད་རུང་ཁྱོད་ངོ་ཤེས་བ་མི་འདུག ……”
“དེ་ལོས་ཡིན ……”
“ངས་ཁྱེད་ཀྱི་གད་སྙིགས་གློང་ཟིན་པས།  ཁྱེད་རང་ཐུགས་བརྒྱལ་མི་བཞེངས་པར་མཁྱེན”
“ངའི་ཅི་ཞིག”
“ཁྱེད་ཀྱི་གད་སྙིགས”
“ཨོ……”
“ངའི་མཐོང་བ་ལྟར་ན་ཐེངས་རེ་རེར་ཁྱེད་ལ་གད་སྙིགས་མང་རྒྱུ་མི་འདུག  ཁྱེད་ཚང་ལ་མི་གྲངས་ཉུང་བ་འདྲ”
“དྲང་མོར་བཤད་ན།  ང་གཅིག་པུ་ལས་མེད”
“ཨིན།  ངས་བལྟས་ན་སྐུ་ཞབས་ཁྱེད་ཀྱིས་ནམ་རྒྱུན་ལྕགས་ཀྲིན་བཟའ་ཆས་བཟའ་བཞིན་འདུག”
“ཨོ་ལོས།  ང་རང་ཉིད་ཀྱིས་ཟ་མ་ལས་བཞིན་ཡོད།ཡིན་ནའང་ཟ་མ་དེ་ཙམ་ལས་མི་ཤེས……”
“འདི་ངས་ཤེས་ཡོད”
“ལྷ་ལྕམ་ཁྱེད་ཀྱིས་ཀྱང་……”
“ཁྱེད་ཀྱིས་ཁྱོད་ཅེས་འབོད་རོགས”
“ངས་ཀྱང་ཁྱེད་ཀྱི་གད་སྙིགས་ལས་རྒྱུན་དུ་ཟས་ལྷག་ཁ་ཤས་མཐོང་མྱོང་།  དཔེར་ན་ཤ་མོའི་རིགས་ལྟ་བུ་མཐོང་ཡོང་།  དེ་བས་ཁྱེད་ཀྱང་ཐུགས་བརྒྱལ་མི་བཞེངས་པར་མཁྱེན”
“ང་རང་ཚལ་སྣ་ཚོགས་རྔོ་བར་ཧ་ཅང་དགའ།ཡིན་ནའང་རང་ཉིད་གཅིག་པུ་ཡིན་པས།  རྒྱུན་དུ་ཟ་མ་ལྷག་འགྲོ……”
“ལྷ་ལྕམ་ཁྱེད……མ་རེད། ཁྱོད། ཁྱོད་ལ་ཡུལ་མེད་དམ”
“ཡོད་ནི་ཡོད་ཀྱང་། འདི་ན་མེད”
“ཨེ་སི་པི་ལི་ཐོ·ཧྲིན་ཐོ་ན་ཡོད་དམ”
“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན”
“ཁྱོད་ཀྱི་གད་སྙིགས་ཀྱི་ནང་ན་ཡིག་ཤུགས་འགའ་རེ་འདུག   ཨེ་སི་པི་ལི་ཐོ·ཧྲིན་ཐོ་ནས་བསྐུར་འོང་བ་རེད”
“རེད།  ཨ་མས་གཟའ་ཉི་མ་རེ་རེར་ང་ལ་བསྐུར་འོང་བ་རེད”
“ཁོ་མོ་ནི་དགེ་རྒན་ཞིག་ཨེ་རེད”
“ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད། ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན”
“ཡིག་ཤུབས་ངོས་ཀྱི་ཡིག་གཟུགས་ལ་བལྟས་ན་དགེ་རྒན་ཞིག་གི་ཡིག་གཟུགས་ཡིན་པ་ཤེས་ཐུབ”
“ ཁྱོད་ལ་འཕྲིན་ཡིག་མང་པོ་ཞིག་འབྱོར་མེད་པ་འདྲ། ཁྱོད་ཀྱི་གད་སྙིགས་ལས་ཤེས་ཐུབ”
“འཕྱུག་མི་འདུག”
“ཉིན་ཞིག   ཁྱོད་ཀྱིས་ལྟེབ་གཉེར་དུ་སོང་ཡོད་པའི་གློག་འཕྲིན་ཞིག་འཕངས་འདུག”
“རེད”
“ཆག་སྒོ་འདྲ་བྱུང་བ་ཨེ་རེད”
“ངའི་ཕ་རྒན་ཚེ་ལས་འདས་སོང་”
“ཁྱོད་ལ་ཁག་མི་འདུག”
“ཁོ་རྒས་ཟིན།  ལྷོ་ཕྱོགས་ན་བསྡད་ཡོད། ངེད་གཉིས་ཡུན་རིང་ཞིག་ལ་ངོ་འཕྲད་མ་མྱོང་”
“དེའི་རྐྱེན་གྱིས་དུས་དེ་ནས་བཟུང་དུ་བ་འཐེན་མགོ་བརྩམ་པ་ཡིན་ནམ”
“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན”
“ཉེ་ཆར་ཁྱོད་ཀྱི་གད་སྙིགས་ཀྱི་ནང་ན་ལྟེབ་གཉེར་དུ་སོང་ཡོད་པའི་དུ་སྒམ་འདུག”
“ཅུང་ཙམ་ཡང་འཕྱུག་མི་འདུག   ཡིན་ནའང་ངས་དུ་བ་བཅད་ཟིན”
“གནམ་རྒན་མས་མཁྱེན།  ངས་དུ་བ་རྩ་བ་ནས་མི་འཐེན་པ་ཡིན ”
“འདི་ང་ལ་གསལ་ཆ་ཡོད།  ཡིན་ནའང་ངས་ཁྱོད་ཀྱི་གད་སྙིགས་ཀྱི་ཁྲོད་ན་སྨན་སྣོད་སྟོང་བ་ཡོད་པ་མཐོང་མྱོང་……”
“གཉིད་སྨན།ངས་དུས་སྐབས་ངེས་ཅན་ཞིག་ལ་གཉིད་སྨན་འཐུང་མྱོང་།  ད་ལྟ་དྲག་འདུག”
“དགའ་རོགས་དང་འཁོན་རེས་བརྒྱབ་པ་ཡིན་ནམ”
“འདི་ཡང་ཁྱོད་ཀྱིས་གད་སྙིགས་ལས་ཤེས་པ་ཡིན་ནམ”
“ཁྱོད་ཀྱིས་ཐོག་མར་མེ་ཏོག་ཕོན་པོ་ཞིག་དང་མིང་བྱང་ཞིག་འཕངས་ཡོད་ཅིང་།  རྗེས་སུ་ཤོག་ཕྱིས་འགའ་ཡང་འཕངས་འདུག”
“བདེན་པ་ཡིན།  དེ་དུས་ང་རང་ཡིད་སྐྱོ་ནས་ངུས་པ་ཡིན། འོན་ཀྱང་ད་ལྟ་ཡོད་ཚད་འདས་ཟིན”
“ཡིན་ནའང་དེ་རིང་ཡང་ཤོག་ཕྱིས་འགའ་འདུག”
“ང་ལ་ཆམ་ནད་ཕོག་པ་རེད”
“ཨོ”
“ཁྱོད་ཀྱི་གད་སྙིགས་ཀྱི་ནང་ན་རྒྱུན་དུ་ཡིག་བསྒྲིགས་རོལ་རྩེད་ཀྱི་དུས་དེབ་ཞིག་ཀྱང་འདུག”
“བདེན་པ་ཡིན། ཅུང་ཟད་ཡང་འཕྱུག་མི་འདུག  ང་རང་ཁྱིམ་ནས་འདུག་པར་དགའ་ཞིང་།  ཕྱི་ལ་འགྲོ་རྒྱུར་མི་འགའ།  ཁྱོད་ཀྱིས་རྒྱུ་མཚན་ཅི་ཡིན་པ་ཤེས་སམ”
“དགའ་རོགས་མ”
“མ་རེད”
“ཡིན་ནའང་ཉིན་འགའི་སྔོན་ལ།  ཁྱོད་ཀྱི་གད་སྙིགས་ཀྱི་ཁྲོད་ན་བུ་མོ་ཞིག་གི་འདྲ་པར་འདུག  མཛེས་མ་ཞིག་རེད”
“དེ་ནི་འཐེན་སྒམ་གྱི་ནང་ལ་གཙང་སྤྲ་བྱེད་དུས་ཕྱིར་ཕྱུང་བ་ཞིག་ཡིན།  འདས་ཟིན་པའི་དོན་དག་རེད”
“འདྲ་པར་གཤག་མེད་ཚུལ་བལྟས་ན།  ཁྱོད་ཀྱིས་ཁོ་མོ་ཕྱིར་སླེབས་པར་ད་རུང་རེ་སྒུག་བྱས་ཡོད་པ་འདྲ”
“ཁྱོད་ཀྱིས་ངའི་གད་སྙིགས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཟིན་འདུག”
“ཁྱོད་ཀྱི་གད་སྙིགས་ཀྱིས་ང་ལ་དངོས་གནས་སྤྲོ་སྣང་སྐྱེས་སུ་བཅུག་སོང་བར་ངས་ཁས་ལེན་སྲིད”
“སྐྱིད་པོ་རེད། ཐེངས་ཤིག་ངས་ཁྱོད་ཀྱི་གད་སྙིགས་མཐོང་རྗེས།  ང་རང་ཁྱོད་ལ་ངོ་ཤེས་ཤིག་བཅའ་འདོད་ཀྱི་བློ་ཞིག་སྐྱེས་བྱུང་།  ཕལ་ཆེར་ཁྱོད་ཀྱིས་བྲིས་ཡོད་པའི་སྙན་ངག་མཐོང་བའི་རྐྱེན་ཡིན་པ་འདྲ”
“ཅི་ཞིག  ཁྱོད་ཀྱིས་ངའི་སྙན་ངག་མཐོང་སོང་ངམ”
“མཐོང་བའི་མྱོང་བར་མ་ཟད་བློ་ལའང་བབས་བྱུང་”
“མི་ལེགས་པ་ཞིག་བྲིས་ཡོད་ཨང་”
“གལ་ཏེ་ཁྱོད་ཀྱི་ཡིད་ལ་མི་ལེགས་པ་བྲིས་ཡོད་བསམ་ན།  སྔ་མོ་ནས་གཤག་ཡོད་སྲིད།ཡིན་ནའང་དེ་ལས་ལྡོག་སྟེ།  ཁྱོད་ཀྱིས་གྲ་དག་ཅིག་ལྟེབ་འདུག”
“གལ་ཏེ་ཁྱོད་ཀྱིས་མཐོང་བ་ངས་སྔོན་ལ་ཤེས་ཡོད་ཚེ……”
“ངས་ཁྱོད་ཀྱི་སྙན་ངག་ཉར་ཚགས་བྱས་མེད།  རྒྱུ་མཚན་ནི་དེ་ལྟར་བྱས་ན་དེ་ནི་རྐུ་མའི་བྱ་སྤྱོད་ཡིན་པ་དང་།  ང་རང་གིས་ཀྱང་གསལ་བོ་མི་ཤེས་པ་ཡིན་ན། གཞན་གྱི་གད་སྙིགས་ནི་སྒེར་གྱི་རྒྱུ་ནོར་ཞིག་ལ་བརྩི་རུང་ངམ”
“ངས་བལྟས་ནའང་བརྩི་མི་རུང་། གད་སྙིགས་ནི་སྤྱི་གཞུང་གི་རེད”
“འཕྱུག་མི་འདུག   གད་སྙིགས་ཀྱིས་མི་རྣམས་ཀྱི་གསང་བ་བརྟོལ་སྲིད་པ་དང་།  ང་ཚོའི་མི་སྒེར་གྱི་འཚོ་བའི་ཁྲོད་ཀྱི་ལྷག་མའི་ཆ་ཤས་དང་མི་གཞན་གྱི་སྒེར་གྱི་འཚོ་བའི་ཁྲོད་ཀྱི་ལྷག་མའི་ཆ་ཤས་ཕན་ཚུན་ཟུང་དུ་སྦྲེལ་ཐུབ། དེ་ནི་མི་དང་མིའི་བར་ལ་རྒྱུས་ལོན་དང་འབྲེལ་བ་བྱེད་པའི་བར་བ་ལྟ་བུ་ཡིན།  དེ་ནི་ང་ཚོའི་འཚོ་བའི་ཁྲོད་ནས་སྤྱི་ཚོགས་རང་བཞིན་གྱི་ཆ་ཤས་ཤིག་ཡིན། ཁྱོད་ཀྱིས་བལྟས་ན ”
“ཨོ་ལོས། ཁྱོད་ཀྱིས་གད་སྙིགས་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་པོ་འདུག  ངས་བལྟས་ན……”
“ཁ་སང་།  ཁྱོད་ཀྱི་གད་སྙིགས་ཀྱི་ནང་ན……”
“ཅི་ཞིག་ཡོད་དམ”
“ངའི་མིག་གིས་མཐོང་བ་འཕྱུག་མིན་ན།  ནང་ན་ཆུ་འབུ་གློ་ཉལ་གྱི་ཤུན་ལྤགས་ཤིག་འདུག”
“ཨོ་རེད། ངས་ཆུ་འབུ་གློ་ཉལ་ཆེན་པོ་ཁ་ཤས་ཉོས་ནས་ཤུན་ལྤགས་བཤུས་པ་ཡིན”
“ང་རང་ཆུ་འབུ་གློ་ཉལ་ཟ་བར་ཧ་ཅང་དགའ”
“ངས་ཤུན་ལྤགས་བཤུས་ཟིན། ཡིན་ནའང་ད་རུང་ཟོས་མེད།འུ་གཉིས་ཀྱིས……”
“མཉམ་དུ་ཟོས་ན་ཨེ་རེད”
“འཕྱུག་མི་འདུག”
“ངས་ཁྱོད་ལ་འོ་བརྒྱལ་བཟོ་རྒྱུ་རེད”
“འོ་བརྒྱལ་ཟེར་སྲོལ་གང་ན་ཡོད”
“ཁྱོད་ཀྱི་ཇ་ཁང་ནང་མི་གཙང་བ་བཟོ་རྒྱུ་རེད”
“སྐྱོན་མེད། ཡུད་ཙམ་གྱི་ནང་ལ་གཙང་མ་བཟོ་སྲིད།  དེ་ནས་གད་སྙིགས་དག་ཕྱི་ལ་དོར་སོང་ན་དེ་རེད”
“དེ་དུས། ངའི་གད་སྙིགས་རེད་ཟེར་རམ་ཁྱོད་ཀྱི་གད་སྙིགས་རེད་ཟེར་རམ”

 
                                       རྩོམ་སྒྲིག་པ། མྱི་གསར་བ།