ཁྱོད་ཀྱི་འཛུམ་ཞལ།

    ཡིག་སྒྱུར་བ། གངས།


ཕཱ་བྷི་ལོ•ཉི་རུའུ་དྷ།
(巴勃罗·聂鲁达)

 

     ཉིན་འགའི་སྔོན་ལ་དྲ་ལམ་ནས་ཉི་རུའུ་དྷ་ཡི་སྙན་ངག་ཁྱོད་རང་ཞི་བར་གནས་པས་བདག་ཡིད་འཕྲོག་》我喜欢你是寂静的ཅེས་པ་བཀླགས་པས་ཡིད་རབ་ཏུ་བཀུགས་ཏེ་ཁོང་གི་བརྩམས་ཆོས་སྐོར་ལ་མཇལ་འདོད་སྐྱེས།ཁོང་གིས་ཕོ་ལོ་༢༠སྟེང་ལ་《བརྩེ་དུང་སྙན་ངག་ཚན་པ་ཉི་ཤུ་དང་ཡིད་ཆད་ཀྱི་གླུ་དབྱངས་ཤིག་》二十首情诗和一支绝望的歌》ཅེས་བ་གསར་རྩོམ་བྱས་པས་སྐད་གྲགས་ཆེན་པོ་ཆགས།ཁོང་གིས་བརྩེ་དུང་བརྗོད་བྱ་བྱས་པའི་སྙན་ངག་མང་པོ་བརྩམས་གནང་མཛད་མྱོང་བས་ལཱ་ཏེན་མེ་གླིང་ནས་ཁོང་གི་བརྩམས་ཆོས་ནི་བརྩེ་དུང་གི་གསུང་རབ་ཅིག་ཏུ་བརྩི།དགོངས་ལོ་༦༧སྟེང་ལ་ནོར་པེལ་རྩོམ་རིག་གི་གཟེངས་རྟགས་བཞེས།དེ་རིང་ཁོང་གི་བརྩམས་ཆོས་བཀླགས་པས་སེམས་ནང་ལ་ཁོང་གི་བརྩམས་ཆོས་ཁྲོད་དུ་བརྩེ་དུང་ལས་གཞན་ཞི་བདེར་འབོད་པའི་སྐད་ཤུགས་ཡོད་ལ།རིགས་རུས་ཀྱི་ལ་རྒྱ་དཔེ་མེད་ཡོད་པའི་སྙན་ངག་པ་ཞིག་རེད་འདོད་བྱུང་།གཤམ་དུ་ཁོང་གི་སྙན་ངག་ཅིག་བཀོད་ཡོད།


 

ཁྱོད་ཀྱི་འཛུམ་ཞལ།
 

དགོས་མཁོ་ཡོད་ཚེ་ཁྱོད་ཀྱིས་བདག་གི་ཀོ་རེ་ཁྱེར་ཆོག

བདག་གི་མཁའ་དབུགས་ཀྱང་ཁྱེར་ཆོག

ཡིན་ནའང་ཁྱོད་ཀྱི་འཛུམ་ཞལ་བདག་ལ་བསྐྱུར་རོགས་ཞུ

རྒྱ་སེའི་མེ་ཏོག་མ་སྒུལ་རོགས

འདི་ནི་ཁྱོད་ལ་མཁོ་བའི་བདུད་རྩིའི་ཆབ་རྒྱུན་ཏེ

དགའ་བདེའི་དཔལ་ལས་མྱུར་སྟབས་ཀྱིས་འཕྱོ་ཞིང

བདེ་སྐྱིད་ཀྱི་སྣང་བས་སྐད་ཅིག་ཉིད་ལ་རླབས་ཀྱི་མེ་ཏོག་དཀར་པོའི་ཞལ་ཁ་ཕྱེ

 

བདག་ངལ་རྩོལ་ལ་འཇུག་པར་ཇི་འདྲའི་དཀའ་ཚེགས་ཆེ་ཡང

དུས་རྒྱུན་ངལ་དུབ་ཀྱི་མིག་གིས་འགྱུར་བ་མེད་པའི་འཇིག་རྟེན་གྱི་ངོ་བོ་གསལ་བོར་མཐོང

འོན་ཀྱང་ཁྱོད་ཀྱི་འཛུམ་ཞལ་མིག་ལ་ཤར་བའི་ཚེ

དེ་ཡིས་ང་རང་དལ་གྱིས་འཚོལ་བར་སྣང་ཞིང་

འཕྲལ་དུ་འཚོ་བའི་སྒོ་གླེགས་ཡོད་ཚད

བདག་ཁོ་ནའི་ཆེད་དུ་ཡངས་བོར་ཕྱེས

 

བརྩེ་དུང་གི་མདུན་དུ

ཡང་ན་མུན་པ་རབ་ཏུ་འཁྲིགས་པའི་དུས་ལ

ཁྱོད་ཀྱི་འཛུམ་མདངས་ཡལ་བ་མེད་ལ་སྒྲིབ་པ་དང་བྲལ

གལ་སྲིད་ཁྱོད་ཀྱིས་གློ་བུར་ཉིད་སྲང་ལམ་གྱི་རྡོ་གཅལ་ཐང་དུ་བདག་གི་ཟུངས་ཁྲག་འཁྱིལ་བ་མཐོང་ཚེ

ཁྱོད་རང་དགོད་པར་གྱིས་དང

ངས་ཁྱོད་ཀྱི་བརྩེ་བའི་འཛུམ་མདངས་སྙིམ་པར་བཏེགས་ཡོད

ངའི་ལག་ནས་དེ་ཉིད་རིན་པོ་ཆེས་གྲུབ་པའི་རལ་གྲི་ཞིག་ཏུ་འགྱུར་ངེས

 

སྟོན་དུས་ཀྱི་མཚོ་འགྲམ་ན

ཁྱོད་ཀྱི་འཛུམ་མདངས་ཀྱིས་རྦབ་ཆུའི་ཟེགས་མ་ཕྱོགས་བཞིར་གཏོར

དཔྱིད་དུས་ནི་བརྩེ་དུང་གི་དུས་བསྐལ་བཟང་བོ་ཞིག

བདག་ལ་ཁྱོད་ཀྱི་འཛུམ་མདངས་ལྷག་ཏུ་མཁོ

དེ་ཡིས་མཐིང་མདོག་དང་རྒྱ་སེའི་མདངས་ཀྱི་མེ་ཏོག་དག

བདག་གི་ངག་སྒོ་ནས་ཕྱོགས་བཞིར་གྲགས་པའི་རྒྱལ་ཁམས་དེར་བཞད་དུ་འཇུག་ཐུབ

འཛུམ་མདངས་ཀྱིས་མུན་པ་འཇོམ་ཐུབ་ལ

ཉི་ཟེར་དང་ཟླ་བའི་ཁ་གཏད་དུ་ལངས་ཐུབ

དེས་ད་དུང་གླིང་ཕྲན་བསྐོར་བའི་སྲང་ལམ་དང་གྲོང་མཁར་དག་ལ་འཁོན་སེམས་འཆང

ཁྱོད་ལ་ཞེ་འདང་ཤོར་བའི་གཞོན་ནུ་མགོ་སྟོང་རྣམས་དགྲ་རུ་འཛིན་ཐུབ

 

བདག་གི་མིག་ཟུང་ཕྱེས་དང་མ་ཕྱེས་ལ་ཁྱད་པར་མི་འདུག

མདུན་དུ་བསྐྱོད་པའམ་ཕྱིར་བསྣུར་བྱེད་པ་ལའང་ཁྱད་པར་མི་འདུག

ཁྱོད་ཀྱིས་བདག་ལ་བག་ལེབ་དང་མཁའ་དབུགས

དཔྱིད་ཀ་དང་ཉི་འོད་སྟེར་མི་དགོས

ཡིན་ཡང་

ཁྱོད་ཀྱི་འཛུམ་མདངས་ཁོ་ན་བདག་ལ་མ་ཐོབ་ན

བདག་ནི་ལམ་སང་གཉིད་དུ་ཡུར་ནས་གཏན་དུ་སད་པ་མེད་དོ

           (འཇམ་དཔལ་རྡོ་རྗེས་བསྒྱུར།)

                          རྩོམ་སྒྲིག་པ། མྱི་གསར་བ།