ཨ་མེ་རི་ཁ།

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།

              འཛམ་གླིང་སྙན་ངག་པ་ངོ་སྤྲོད་མདོར་བསྡུས་དང་ཁོང་གི་བརྩམས་ཆོས།   
           
ཨེ་ལིན·གྷིན་སི་སྦིར་གྷེ་ནི (Allen Ginsberg,1926–1997) ཨ་མེ་རི་ཁའི་རྩོམ་རིག་གི་གྲུབ་མཐའ་རྒུད་པའི་མི་རབས་གཅིག་གི་ཚབ་མཚོན་སྙན་ངག་པ་དང་དུས་རབས་ཉི་ཤུའི་འཛམ་གླིང་གི་མིང་དུ་གྲགས་པའི་སྙན་ངག་པ་གྲས་ཀྱི་གཅིག་ཡིན། 1950ལོར་ཁོང་གིས་གཙོ་རྒྱུགས་རིག་གནས་ལ་རྒོལ་བའི་སྙན་ངག་རིང་མོ<< ཨག་འབོད >>ཅེས་པ་བརྩམས་ནས་སྙན་པའི་གྲགས་པ་ས་སྟེང་ཀུན་ལ་ཁྱབ། 1974ལོར་ཁོང་ལ་ཨ་མེ་རི་ཁའི་རྒྱལ་ཡོངས་དཔེ་དེབ་གཟེངས་རྟགས་ཐོབ་པ་དང་། ཨ་མེ་རི་ཁའི་སྒྱུ་རྩལ་རྩོམ་རིག་གླིང་གི་རབ་འབྱམས་པར་བདམས། 1995ལོར་ཨ་མེ་རི་ཁའི་ཕོ་ལི་ཚིར( Pulitzer )སྙན་ངག་གི་མཇུག་མཐའི་མིང་བཏགས་ཀྱི་གཟེངས་རྟགས་ཐོབ།  1997ལོའི་ཟླ4པའི་ཚེས5ཉིན་ཁོང་ཉིད་འབྲས་སྐྲན་ཀྱི་དབང་གིས་གྲོང་ཁྱེར་ནེའུ་ཡོག་ནས་ཚེ་ལས་འདས།  དགུང་ལོ70ཡིན་འདུག
གྷིན་སི་སྦིར་གྷེ་ལགས་ཨ་མེ་རི་ཁའི་ཇིར་སེ་གསར་བའི་ཁུལ་གྱི་ཕ་ཐི་སུང་གྲོང་ཁྱེར་གྱི་ཨུ་རུ་སུ་གནས་སྤོ་ཁྱིམ་ཚང་ཞིག་ནས་སྐྱེས་པ་དང་ཇིའུ་རིགས་ཀྱི་ཁོངས་སུ་གཏོགས། ཁོང་ཉིད་ཁུ་ལོམ་སྦི་ཡ་སློབ་ཆེན་དུ་ཞུགས་ནས་དཔལ་འབྱོར་རིག་པའི་ཆེད་ལས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན་རྗེས་ཞོར་ལས་སྣ་ཚོགས་ལས་མྱོང་བ་དང་། དུས་ཚོད་ཕལ་མོ་ཆེ་ལ་ཡུལ་འཁྱར་པའི་འཚོ་བ་རོལ་བཞིན་སན་ཧྥརན་སེ་སི་ཁོ ( San Francisco?) རུ་སླེབས། མཐའ་མར་ནེའུ་ཡོག་གྲོང་ཁྱེར་དུ་གཞིས་བཅས། སྤྱི་ཚོགས་བྱེད་སྒོ་པ་དང་སྐྱོན་བརྗོད་པ། “ ཧེ་ཕིའི ”( Hippie) སྔོན་བྱོན་པ་དང་གཞོན་ནུ“ ངོ་ལོག་པ ”བཅས་ཀྱི་བསམ་བློའི་ཚབ་མཚོན་པ་ཞིག་ཡིན་པའི་ཆ་ནས། ཁོང་ཉིད་འཛམ་གླིང་གི་ཡུལ་གྲུ་མང་པོར་ཕེབས་མྱོང་ཞིང་། 1984ལོར་ཀྲུང་གོ་རུ་འཚམས་འདྲིར་ཕེབས་མྱོང་། ཁོང་གི་སྙན་ངག་ལ་སྦི་ལེར་ཁི་དང་ཕང་ངྷི། W.C.བེ་ལམ་སི་སོགས་ཀྱི་ཤན་ཞུགས་ཡོད་པ་མངོན་པར་གསལ་པ་དང་། སྒོས་སུ་བེ་ཐི་མན་གྱི་ཤན་ཞུགས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཨེ་ལེ་ཨོ་ཐི་གཙོ་བྱས་པའི་ཨ་མེ་རི་ཁའི་སྙན་སྟེགས་སློབ་གླིང་གྲུབ་མཐའ་ཟིལ་གྱིས་མནན། ཁོང་གིས“ ཡོད་ཚད་སྙན་ངག་ཏུ་བརྩམ་ཆོག ”ཅེས་པ་དང་།    “ སྙན་ངག་གི་བརྡ་བྱེད་དེ་ཁ་སྐད་ལས་ཐོན་པའི་དབང་གིས། གྱེར་ཆོག་ལ་བཀླག་ཀྱང་རུང་ངོ ”ཞེས་པའི་ལྟ་ཚུལ་བཏོན་ནས་ཨ་མེ་རི་ཁའི་དེང་རབས་སྙན་ངག་རོལ་དབྱངས་གྱེར་འདོན་གྱི་རྣམ་པར་བརྟེན་ནས་མང་ཚོགས་ཅན་དུ་བསྒྱུར་ཏེ་བག་ཆགས་གཏིང་ཟབ་བཞག  ཁོང་གི་རྩོམ་འབྲི་དང་འཚོ་བ་རོལ་སྟངས་གཉིས་ཀྱིས་ཨ་མེ་རི་ཁའི་དུས་རབས་དྲུག་ཅུར་མགོ་བརྩམས་པའི་དམག་འཁྲུག་ལ་རྒོལ་བ་དང་། མི་ནག་དམངས་དབང་ལས་འགུལ། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ།  བུད་མེད་འཆིང་གྲོལ་དང་འཁྲིག་སྦྱོར་གསར་བརྗེ་སོགས་ཨ་མེ་རི་ཁའི་ལོ་ངོ་བཞི་བཅུའི་རིང་གི་རྩོམ་རིག་དང་། རོལ་དབྱངས། ཆབ་སྲིད་དང་རྒོལ་གཏམ་ལས་འགུལ་སྣ་ཚོགས་ལ་ཁྲག་རྒྱུན་གསར་བ་ཞིག་བསྣན་པར་མ་ཟད་ད་ལྟའི་བར་དུ་ཤུགས་རྐྱེན་ཟབ་མོ་ཐེབས།
ཁོང་གི་བརྩམས་ཆོས་ལ << ཨག་འབོད >>དང<< ཨ་མེ་རི་ཁ >>ལས་གཞན། ད་དུང<< ཁ་ཏིས་ཞུ་དང་གཞན་དག >> ( 1960ལོར་བརྩམས། )  << དངོས་ཡོད་སན་ཝས་ཆི>> ( 1963ལོར་བརྩམས། ) << ཨ་མེ་རི་ཁའི་ཉམས་དམས >> ( 1973ལོར་བརྩམས། ) << ཉིན་ཐོ། ལོ་རབས་ལྔ་བཅུ་བའི་མགོ་དང་། ལོ་རབས་དྲུག་ཅུ་བའི་མགོ >> ( 1977ལོར་བརྩམས། ) << བསམ་པའི་མཁའ་དབུགས། སྙན་ངག་ཕྱོགས་བསྡུས། 1972 —— 1977 >> ( 1978ལོར་བརྩམས། ) << སྙན་ངག་ཕྱོགས་བསྡུས། 1947 —— 1980 >>  ( 1984ལོར་བརྩམས། )   << རོ་ཤུན་དཀར་པོ།  1980 —— 1985 >> ( 1986ལོར་བརྩམས། ) << སྙན་ངག་འདེམས་སྒྲིག  1947 —— 1995 >> ( 1996ལོར་བརྩམས། )སོགས་ཡོད་དོ།



          ཨ་མེ་རི་ཁ།
                ཨེ་ལིན·གྷིན་སི་སྦིར་གྷེས་བརྩམས།
                          མར་ཁུ་རྒྱལ་མཚན་གྱིས་བསྒྱུར།
 
ཨ་མེ་རི་ཁ།   ངས་ནི་རང་གི་ཡོད་ཚད་ཁྱོད་ལ་སྤྲད་ཟིན་པས།
ད་ནི་ང་ལ་ཅི་ཡང་ལྷག་མི་འདུག་གོ
ཨ་མེ་རི་ཁ། 1956 ལོའི་ཟླ7པའི་ཚེས17ཉིན་དེར་ངའི་ལག་ན་ཨ་སྒོར་གཉིས་དང་ཟུར་གཉིས། སྐར་བདུན་ལས་ལྷག་མི་འདུག་གོ
ངས་རང་ཉིད་ཀྱི་བསམ་བློ་ལ་བཟོད་བསྲན་བྱ་ཐབས་གཏན་ནས་མི་འདུག་གོ
ཨ་མེ་རི་ཁ།  ང་ཚོ་མིའི་རིགས་ཀྱི་དམག་འཁྲུག་ཆེན་མོ་དེ་དུས་ནམ་ཞིག་ལ་མཇུག་འགྲིལ་སྲིད་དམ།
ཁྱོད་ཚོའི་རྡུལ་ཕྲན་མཚོན་ཆ་དེ་ཡིས་ཁྱོད་ཚོ་རང་ཉིད་རྡུལ་དུ་རློགས་ཤིག
ངའི་སེམས་ཁམས་དེ་འདྲ་མི་དྭངས་པས་ཁྱོད་ཀྱིས་ང་ལ་སུན་པོ་མ་བཟོ་ཨང་།
ངའི་སེམས་པ་དེ་འདྲ་མི་སྐྱིད་པས་ངས་སྙན་ངག་འབྲི་འདོད་མི་འདུག
ཨ་མེ་རི་ཁ། ཁྱོད་དུས་ནམ་ཞིག་ལ་ད་གཟོད་ལྷ་ཡི་ཕོ་ཉ་ལྟ་བུ་ཞིག་ཏུ་འགྱུར་སྲིད་དམ།
ཁྱོད་ཀྱིས་དུས་ནམ་ཞིག་ལ་ད་གཟོད་ཁྱོད་ཀྱི་གོན་པ་འཕུད་སྲིད་དམ།
ཁྱོད་ཀྱིས་དུས་ནམ་ཞིག་ལ་ད་གཟོད་རོ་སྒམ་བརྒྱུད་ནས་རང་ཉིད་ལ་གསལ་བོར་བལྟ་སྲིད་དམ།
ཁྱོད་ཀྱིས་དུས་ནམ་ཞིག་ལ་ད་གཟོད་ཁྱོད་ཀྱི་བགྲང་ལས་འདས་པའི་སྤྱི་ཚོགས་རིང་ལུགས་པ་རྣམས་སྡུག་ལ་སྦྱོར་མི་སྲིད་དམ།
ཨ་མེ་རི་ཁ། ཅིའི་ཕྱིར་ཁྱོད་ཀྱི་དཔེ་མཛོད་ཁང་གི་ནང་ལ་མིག་ཆུ་གསོག་ཉར་བྱས་ཡོད་པ་ཡིན་ནམ།
ཨ་མེ་རི་ཁ།  ཁྱོད་ཀྱིས་དུས་ནམ་ཞིག་ལ་ད་གཟོད་རྒྱ་གར་དུ་སྒོ་ང་བསྐྱལ་སྲིད་དམ།
ང་རང་ཁྱོད་ཀྱི་ཚད་ལས་བརྒལ་བའི་རེ་འདུན་ལ་སུན་སྣང་སྐྱེས་འོངས་སོ།
ང་རང་དུས་ནམ་ཞིག་ལ་ད་གཟོད་ཁྲོམ་ར་ཆེན་མོའི་ནང་དུ་སོང་ནས་རང་ལ་མཁོ་བའི་དངོས་པོ་ཉོ་བཞིན་ངོ་མདངས་འགྱུར་མི་སྲིད་དམ།
ཨ་མེ་རི་ཁ།  མདོར་ན་འཇིག་རྟེན་དཀར་ངོགས་འདི་ནས་ཁྱོད་དང་འུ་གཉིས་བདེ་ཞིང་སྐྱིད་དོ།
ཁྱོད་ལ་འཕྲུལ་འཁོར་མང་དྲགས་པས་ངས་བཟོད་བསྲན་བྱེད་ཐབས་མི་འདུག་གོ
ཁྱོད་ཀྱིས་ང་རང་འཕགས་པ་རུ་བསྒྱུར་འདོད་ཡོད་ཀྱང་།
ཐབས་བཀོད་གཞན་ཞིག་འཐེན་ནས་རྩོད་གླེང་ཐེངས་འདི་ཐག་གིས་བཅད་ན་རེད།
པའོ་ལོ་སི་ཏན་ཇི་ཨར་ལ་བུད་སོང་།  ངས་བསམ་ན་ཁོ་བསྐྱར་དུ་གནས་འདིར་ལོག་མི་སྲིད་དོ།  འདི་ནི་བཀྲ་མི་ཤེས་པའི་སྔ་ལྟས་ཤིག་རེད།
དེ་ནི་ཁྱོད་ཀྱིས་མ་རུང་ཁོག་བཅངས་བྱས་པའམ་ཡང་ན་ཐལ་དྲགས་པའི་ཀུ་རེ་ཐེངས་ཤིག་རྩེ་བ་ཡིན་ནམ།
ངས་བརྗོད་བྱ་གཙོ་བོའི་ནང་དུ་བསྐོར་འདོད།
ངས་རང་ཉིད་ཀྱི་ཕུགས་བསམ་བློས་གཏོང་མི་འདོད།
ཨ་མེ་རི་ཁ།  ཁྱོད་ཀྱིས་ང་ལ་བཙན་ཤེད་མ་ཁོལ་ཅིག  ངས་ཅི་ཞིག་བྱེད་དགོས་པ་གསལ་བོར་ཤེས་ཡོད།
ཨ་མེ་རི་ཁ།  དཔྱིད་འགོའི་མེ་ཏོག་ཐང་ལ་ལྷུང་བཞིན་འདུག
ངས་ཟླ་ཁ་ཤས་ཀྱི་རིང་ལ་ཚགས་པར་བཀླག་མ་མྱོང་།
ཉིན་རེར་མི་ལ་ལ་ལྐོག་གསོད་བྱས་པའི་དབང་གིས་མི་ལ་ལར་འདྲི་གཅོད་བྱེད་བཞིན་འདུག
ངས་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་མི་རྣམས་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།
ཨ་མེ་རི་ཁ།  ང་རང་ན་སོ་ཆུང་དུས་གུང་ཁྲན་རིང་ལུགས་པ་ཞིག་ཡིན་ནའང་འགྱོད་པ་གཏན་ནས་སྐྱེས་མ་མྱོང་།
ངས་གོ་སྐབས་ཤིག་ཡོད་ཚེ་མྱུར་དུ་ཉལ་ཐ་རྔུབ་པ་ཡིན།
ང་རང་ཉིན་རྒྱུན་ཁང་བའི་ནང་ནས་ཁུ་སིམ་མེར་ཙོག་པུར་བསྡད་དེ་གྱང་ངོས་ཀྱི་སྒམ་ནང་གི་རྒྱ་སེ་ལ་ཧྲིག་ནས་བསྡད་པ་ཡིན།
ང་རང་ཐང་མིའི་ཁྲོམ་ལ་སོང་སྟེ་ཆང་གིས་བཟི་ནས་འདམ་ལྟར་གྱུར་མྱོང་ནའང་། ཐང་ལ་གཏན་ནས་འགྱེལ་མ་མྱོང་།
ངའི་འཆར་གཞི་ལ་མི་འགྱང་བར་གནད་དོན་འབྱུང་སྲིད།
ངས་མར་ཁེ་སིའི་གསུང་རྩོམ་ཀློག་བཞིན་པ་ཁྱོད་ཀྱིས་གསལ་བོར་མཐོང་འོས།
ང་ཡི་སེམས་ཁམས་སྨན་པས་ང་ནི་ནད་མེད་དུག་མེད་རེད་ཟེར།
ངས་གནམ་བདག་ཆོས་དཔེ་འདོན་མི་འདོད་དོ།
ང་ལ་ངོ་མཚར་བའི་འཕྲུལ་སྣང་དང་འཇིག་རྟེན་གཡོ་འགུལ་བྱེད་བཞིན་པའི་ཚོར་བ་འདུག
ཨ་མེ་རི་ཁ།  ངས་ད་དུང་ཁྱོད་ལ་ཨ་ཁུ་མད་ཁི་སི་ཨུ་རུ་སུ་ནས་གནས་འདིར་སླེབས་རྗེས་ཁྱོད་ཀྱིས་ཁོ་ལ་ཅི་ཞིག་བྱས་པ་བརྗོད་མྱོང་མེད།
 
ངས་ཁྱོད་ལ་སྐད་ཆ་ཤོད་བཞིན་ཡོད།
ཁྱོད་ཀྱིས《དུས་རབས》དུས་དེབ་ཀྱིས་ཁྱོད་ཀྱི་འཚོ་བའི་གསང་བ་ཡོད་ཚད་ཚོད་འཛིན་བྱེད་དུ་འཇུག་འདོད་ཡོད་དམ།
ངས་ཉིན་རྒྱུན《དུས་རབས》དུས་དེབ་དྲན་བཞིན་ཡོད།
ངས་གཟའ་འཁོར་རེ་རེར་དེ་ལ་བལྟ་བཞིན་ཡོད།
ང་རང་སྲང་ལམ་འགྲམ་གྱི་ཀ་རའི་ཚོང་ཁང་གི་མདུན་ནས་འགྲོ་ཐེངས་རེར་དེ་ཡི་མདུན་ཤོག་གིས་ང་ལ་ཅེར་ནས་འདུག
ངས་སྦུ་ཁི་ལེའི་སྤྱི་གཞུང་དཔེ་མཛོད་ཁང་གི་ས་འོག་ཁང་བའི་ནང་ནས་དུས་དེབ་འདི་བཀླགས་མྱོང་།
དེས་ང་ལ་ནམ་རྒྱུན་འགན་འཁྲི་ཞེས་སྒྲོག་འགྲེལ་བྱེད་བཞིན་འདུག 
ཚོང་བ་ཚོ་གཟབ་ནན་རེད།  གློག་བརྙན་བཟོ་སྐྲུན་མཁན་གཟབ་ནན་རེད།
ང་ཁོ་ན་མ་གཏོགས་མི་ཚང་མ་གཟབ་ནན་རེད།
ངས་གློ་བུར་དུ་ང་རང་ཨ་མེ་རི་ཁ་རེད་སྙམ་བྱུང་པ་དང་།
ངས་ཀྱང་རང་ཉིད་ལ་གླེང་མོལ་བྱེད་བཞིན་འདུག
 
ཨེ་ཤ་ཡ་ཡར་ལ་ལངས་ནས་ང་ལ་ངོ་རྒོལ་བྱེད་མགོ་བརྩམས་བྱུང་།
ངས་ད་དུང་ཀྲུང་གོ་བའི་ཕྱོགས་ནས་ཁེ་ཕན་གང་ཡང་རེག་མེད་དོ།
ངས་རབ་ཡིན་ན་རྒྱལ་ཁབ་ཀྱི་ཐོན་ཁུངས་ཕྱོགས་ལ་བསམ་བློ་རེ་གཏོང་རན།
ང་ཡི་རྒྱལ་ཁབ་ཀྱི་ཐོན་ཁུངས་ནི་ཉལ་ཐ་བམ་པོ་གཉིས་སྟེ།
ཕོ་དབང་ཁྲི་མ་འབུམ་རླངས་འབུད་འཕྲུལ་འཁོར་གྱིས་དུས་ཚོད་གཅིག་གི་རིང་ལ་དབྱིན་ལེ་ཆིག་སྟོང་བཞི་བརྒྱར་སྐྱེལ་བའི་པར་དུ་གདབ་མེད་པའི་སྒེར་གྱི་རྩོམ་རིག་བརྩམས་ཆོས་ལ་བསྒྱུར་དགོས་པ་དང་། ད་དུང་སྨྱོན་པའི་འཇུག་ཁང་ཉིས་ཁྲི་ལྔ་སྟོང་བཅས་སོ།
ངས་ད་དུང་ང་རང་བཅུག་མྱོང་བའི་བཙོན་ཁང་དང་དཀའ་སྡུག་མྱོང་བཞིན་པའི་མི་རྣམས་གླེང་མི་འདོད།
ཁོ་ཚོ་ང་ཡི་མེ་ཏོག་སྟེགས་བུའི་འོག་ན་འཚོ་ཡོད་ཅིང་། ཉི་མ་ལྔ་བརྒྱའི་ཚ་ཟེར་ཀློང་ན་འཚོ་ཡོད།
ངས་ཧྥ་རན་སིའི་སྨད་འཚོང་ཁང་གི་སྒོ་མོ་སྒོ་རྒྱག་ཏུ་བཅུག་ཡོད། ཐེངས་རྗེས་མ་ནི་ཏན་ཇི་ཨར་ཡིན་ནོ།
ང་ནི་གནམ་བདག་ཆོས་ལུགས་པ་ཞིག་ཡིན་རུང་། ང་ཡི་རེ་འདུན་ནི་ཙུང་ཐུང་ལ་འདུག་རྒྱུ་དེའོ།
ཨ་མེ་རི་ཁ། ཁྱོད་ཀྱིས་སྐྱུག་བྲོ་བའི་རྣམ་འགྱུར་འདི་འདྲ་ཞིག་ང་ལ་བསྟན་ན།
ངས་ནི་ཁྱོད་ལ་བླ་ན་མེད་པའི་སྨོན་ཚིག་ཅིག་ཇི་ལྟར་འབྲི།
ཁོ་ཚོ་ཕོ་མོའི་དབྱེ་བ་དང་ཐོབ་ཐང་གཏན་ནས་མི་འདྲ་ནའང་།
ངས་སྔར་ལྟར་ཧིན་རོས·ཧྥུ་ཁྲེ་ཇི་བཞིན་ང་ཡི་ཀེ་རེ་སིའི་སྙན་ངག་དེ་ཁོའི་རླངས་འཁོར་ལྟར་དུ་ཐུན་མོང་མ་ཡིན་པ་ཞིག་ཏུ་བསྒྱུར་རྒྱུ།
ཨ་མེ་རི་ཁ། ངས་ཁྱོད་ལ་རང་གི་སྙན་ངག་བཙོང་རྒྱུ་ཡིན།
སྙན་ངག་རེ་ལ་ཨ་སྒོར་ཉིས་སྟོང་ལྔ་བརྒྱ་ཡིན་ཞིང་།
ཁྱོད་ཀྱིས་སྔོན་ལ་ཉོས་པ་དེ་དང་བསྡུར་ན་སྒོར་ལྔ་བརྒྱ་ཡིས་རིན་གོང་སླའོ།
ཨ་མེ་རི་ཁ། ངལ་རྩོལ་བཟོ་བ་ཐྲ་མུའུ· མུའུ་ནི་གློད་གྲོལ་གཏོང་རོགས།
ཨ་མེ་རི་ཁ། སི་ཕན་ཡའི་སྤྱི་མཐུན་རིང་ལུགས་པའི་སྲོག་སྐྱོབ་རོགས།
ཨ་མེ་རི་ཁ། སྰ་ཁི་དང་ཝན་ཛི་ཁྲེ་གཉིས་འཆི་མི་རུང་།
ཨ་མེ་རི་ཁ། ང་ནི་ལོ་ཆུང་དམག་ཡིན།
ཨ་མེ་རི་ཁ། ང་རང་ལོ་ན་བདུན་ལ་སོན་དུས་ཨ་མས་རང་ཁྲིད་ནས་གུང་ཁྲན་རིང་ལུགས་ཚོ་ཆུང་ཚོགས་འདུའི་ནང་ལ་ཞུགས་སུ་བཅུག
ཁོ་ཚོས་ང་ཚོར་སྲན་མ་དང་སྤ་སེ་མང་པོ་ཉོས་བ་དང་། སྤ་སེ་གཅིག་གི་རིན་གོང་ལ་སྐར་མ་ལྔ་རེད།
ད་དུང་གཏམ་བརྗོད་དེ་དག་ལ་སྐར་མ་གང་ཡང་སྟེར་མི་དགོས་ཤིང་། མི་རེ་རེ་ལྷའི་ཕོ་ཉ་བཞིན་སྙིང་ཉེ་བ་དང་།
བཟོ་བ་དག་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་དངོས་གནས་ལྷག་བསམ་རྣམ་དག་ཅིག་རེད།
ཁྱོད་ཀྱིས་ཚོགས་འདུ་དེ་ནི་ཇི་འདྲའི་སྐྱིད་པ་ཡིད་ཀྱི་དགུ་ལའང་དྲན་མི་ཐུབ་བོ།
1835ལོར་སི་ཀི་ཐི·ནེར་ལིན་བླ་ན་མ་མཆིས་པའི་རྒད་པོ་བཟང་པོ་ཞིག་དང་།
དངོས་གནས་བློ་རིག་གསལ་བའི་མི་ཞིག་རེད། ཨ་མ་སྦུ་ལོར་གྱིས་ང་ལ་མིག་ཆུ་བསླངས་བྱུང་།
ངས་སྔོན་ཆད་གུང་ཁྲན་ཏང་གི་གཏམ་བརྗོད་པ་དབྱི་ས་ལིར·ཨ་མུའུ་ཐྲེ་ནི་འདྲིས་སླ་བའི་མི་ཞིག་ཡིན་པ་མཐོང་མྱོང་།
ཕལ་ཆེར་མི་རེ་རེ་གསང་མྱུལ་བ་ཡིན་པ་འདྲ།
ཨ་མེ་རི་ཁ།  ཁྱོད་ཀྱིས་དམག་འཁྲུག་རྒྱག་འདོད་ཡོད་པ་མ་རེད།
ཨ་མེ་རི་ཁ། ཡིན་པ་ནི་ཞེ་མེར་བའི་ཨུ་རུ་སུ་དེ་ཚོ་རེད།
ཨུ་རུ་སུ་དེ་ཚོ་ད་དུང་ཀྲུང་གོ་བ་དེ་ཚོ་ཤར་ཕྱོགས་པ་དེ་ཚོ། ཨུ་རུ་སུ་དེ་ཚོ།
ཨུ་རུ་སུ་ཚོས་ང་ཚོར་གསོན་པོར་ཁྱུར་མིད་གཏོང་རྩིས་འདུག
ཨུ་རུ་སུའི་དབང་འཛིན་པ་ཚོ་དངོས་གནས་སྨྱོས་འདུག
ཨུ་རུ་སུ་ཚོས་ང་ཚོའི་རླངས་འཁོར་འཁོར་ཁང་ལས་འཕྲོག་གྲབས་བྱེད་རྩིས་འདུག
ཁོ་མོས་ཧྲི་ཁ་རྒོ་དམ་འཛིན་བྱེད་རྩིས་འདུག  ཁོ་མོར《 ཀློག་པ་པོའི་རྩོམ་བཏུས 》དམར་རྗེན་མ་མཁོ་འདུག
ཁོ་མོ་ཚོས་ང་ཚོའི་རླངས་འཁོར་བཟོ་གྲྭ་ས་སྦེ་རི་ཡར་གནས་སྤོར་གྲབས་འདུག
ཁོས་གཞི་རྒྱ་ཆེ་བའི་དཔོན་ངན་ཆབ་སྲིད་ལམ་ལུགས་ཀྱིས་ང་ཚོའི་སྣུམ་སྣོན་ས་ཚིགས་དབང་བསྒྱུར་བྱེད་གྲབས་འདུག
འདི་ལྟས་ངན་པ་ཞིག་རེད།  ཨིན།
ཁོས་ཨིན་ཏིའི་ཨན་པའི་མི་ལ་ཡི་གེ་བསླབ་བཞིན་འདུག
ཁོ་མོར་མཁོ་བ་ཤ་དར་ཁྲག་དར་མི་ནག་རེད། ཧུད།
ཁོ་མོས་ང་ཚོར་ཉིན་གཅིག་གི་ནང་ནས་དུས་ཚོད་བཅུ་དྲུག་གི་རིང་ལ་ལས་ཀ་ལས་སུ་འཇུག་བཞིན་ཡོད།  
ཨ།    སྲོག་སྐྱོབས་ཤིག
ཨ་མེ་རི་ཁ།  འདི་ལ་གཟབ་ནན་བྱ་འོས།
ཨ་མེ་རི་ཁ།  འདི་ནི་ངས་བརྙན་འཕྲིན་ལས་མཐོང་དུས་ང་ལ་བཞག་པའི་བག་ཆགས་ཡིན།
ཨ་མེ་རི་ཁ།   ཁྱོད་ཀྱིས་ཤོད་དང་འདི་ནི་ངོ་མ་ཞིག་ཡིན་ནམ་རྫུན་མ་ཡིན།
བལྟས་ཡོང་ན་ངས་སྔར་ལྟར་རང་གི་ལས་ཀ་དེ་བསྒྲུབ་ན་འོས།
ང་ངོ་མ་དམག་གི་ནང་དུ་ཞུགས་འདོད་མེད་ཅིང་ཚད་ལྡན་བཟོ་གྲྭའི་ནང་ལའང་འགྲོ་འདོད་མི་འདུག
ངའི་མིག་ནི་ཉེ་མཐོང་མིག་ཡིན་པ་དང་དབང་རྩའང་དེ་འདྲ་བཟང་རྒྱུ་མེད།
ཨ་མེ་རི་ཁ།  ངས་མི་བཤད་དགུ་བཤད་བྱས་པར་ཁྱོད་ལ་དགོངས་དག་ཞུ།
ངས་ནི་ཁྱོད་ཀྱི་ཕྱིར་དུ་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ཟིན་ནོ།

                   1956ལོའི་ཟླ1པོའི་ཚེས17ཉིན་པའོ་ཁི་ལེ་ནས།

                                              རྩོམ་སྒྲིག་པ།  མྱི་གསར་བ།