འགུག་གླུ།

    ཡིག་སྒྱུར་བ། འཆིང་གྲོལ།

 འགུག་གླུ།  ཞར་བཀོད་གཉིས།

                  ----པོ་ཡུན་ཧི་ཞི་ཀུ།   སོག་པོ།  


མི་ཞིག་གིས།  ང་ལ་འགུག་གླུའི་གླུ་ཚིག་དེ་འདྲའི་ཐུང་དོན་འདྲི། 
ངས། དུད་ཞགས་རིང་མོ་འགའ་ཡིས་ནམ་མཁའ་ཡུག་གཅིག་འདེགས་ཐུབ་ཅེས་བཤད།

མི་ཞིག་གིས།  ང་ལ་དོན་དམ་སུ་ཡི་ཆེད་དུ་འགུག་གླུ་ལེན་མིན་འདྲི།
ངས།  གླུ་བས་མུ་མེད་ཁྲོད་ཀྱི་རང་ཉིད་འཚོལ་བ་ཡིན་ཞེས་བཤད།
 
མི་ཞིག་གིས།  ང་ལ་འགུག་གླུ་དེ་འདྲའི་སྐྱོ་གདུང་གིས་ཁེངས་དོན་འདྲི།
ངས།  སྤྲོ་སྐྱིད་ནི་ངེས་པར་དེ་འདྲའི་མི་ཟད་པ་ཞིག་ཡིན་དོན་མེད་ཅེས་བཤད། 


 
གསལ་རིག་གི་ཐག་པ།

ལག་པ་འཁྲུད་ཐེངས་རེར།
ལག་པའི་ནང་དུ།
ནམ་ཡང་འཛིན་ཐབས་མེད་པའི་ཐག་པ་ཞིག
ཡང་ཡང་འཕུར་བ་ནང་བཞིན།

དེ་ཉིད་གཙང་བོ་དང་འབྲེལ་ཞིང་།
དེ་ཉིད་གསོལ་འདེབས་ལ་རག

རང་གི་སོར་མོ་ཐིགས་པར་ཟེགས་པའམ།
ཆུ་ཡིས་མཛུབ་རིས་ཕབ་པ་གང་ཡིན།
བདག་གིས་སོ་སོར་དགར་ཐབས་བྲལ།

སུ་དང་ལག་པ།
འཇིག་རྟེན་འདིའི་ཆེས་རྒྱུན་རིང་བའི་ཐག་པ་སྟེ།
ཇི་ཙམ་སྒྲིམ་པ་དེ་ཙམ་གསལ་ཞིང་རིག་པར་འགྱུར།

ཅི་ཞིག་འཛིན་པའི་དོན་དུ་མ་ལགས་ཏེ།
དེ་ཡི་རྗེས་སུ་འབྲང་ནས་འགྲོ་བའི་ཆེད་དུའོ།།


        
སྒྲ་སྙན་རྟ་མགོ་མ།

ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཡོད།
གཅིག་ལྷོ་རུ་འཐེན་ཅིང་། གཅིག་བྱང་ལ་འཐེན།

ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཡོད།
གཅིག་སྟེང་དུ་ཕྱོགས་ཤིང་། གཅིག་ཐུར་དུ་ཕྱོགས།

ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཡོད།
གཅིག་ཤར་དུ་ཡོད་ལ། གཅིག་ནུབ་ཏུ་ཡོད།

ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཡོད། 
གཅིག་འདས་པར་ཡོད་ཅིང་། གཅིག་མ་འོངས་པར་ཡོད།
 
ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཡོད།
ཕན་ཚུན་ལ་ཕྱོགས་ཤིང་།  ཕན་ཚུན་ལ་གཏོགས།

ཁྱོད་ཀྱི་རོལ་ཆས་ལ་རྒྱུད་སྐུད་གཉིས་ཙམ་ལས་མེད།
རྟ་དཀར་བོ་ཞིག་མི་ཡུལ་དུ་རྒྱུ། 



བསྒྱུར་མཆན།  ༡-འགུག་གླུ།  བོད་ཀྱི་དམངས་གླུ་དང་འདྲ་བར།  ཤིན་ཏུ་རིང་བའི་དབྱངས་རྟའི་འདེགས་འཇོག་གཙོ་བོར་བྱས་ནས་ལེན་པའི་གླུ་རིགས་ཤིག་ལ་བྱ་ཞིང་།  འདིར་སོག་པོའི་དམངས་གླུའི་རིགས་ཤིག་ལ་གོ་སྙམ།   
                              འཆིང་གྲོལ་གྱིས་བསྒྱུར།

རྩོམ་སྒྲིག་པ།  མྱི་གསར་བ།