དེང་རབས་རྩོམ་རིག་གི་བསམ་བློའི་ནང་དོན།

    རྩོམ་པ་པོ། མི་གསལ།


དེང་རབས་སྨྲ་བའི་རྩོམ་རིག་གི་བསམ་བློའི་ནང་དོན་ཐད་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ།

 
                                 རྩོམ་པ་པོ། མི་གསལ།


གཅིག བླང་དོར་མེད་པར་སྨྲ་བའི་རིང་ལུགས(非理性主义)སྒྲོག་སྤེལ་བྱེད་པ།


དེ་ནི་དེང་རབས་སྨྲ་བའི་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་གཉིས་མི་འདྲ་སའི་ཁྱད་ཆོས་ཆེན་པོ་དེ་རེད། ཡོ་རོབ་ཏུ་རིག་རྩལ་བསྐྱར་དར་སྐབས་ཀྱི་མི་ཆོས་རིང་ལུགས་ཀྱི་རྩོམ་རིག་ནས་དུས་རབས་བཅུ་དགུ་དང་། དུས་རབས་ཉི་ཤུ་པའི་བར་གྱི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་བཅས་ཚང་མས་བླང་དོར་སྨྲ་བ(理性)དར་སྤེལ་དང་། བླང་དོར་སྨྲ་བའི་རིང་ལུགས་ཀྱི་དར་ཆ་མཐོར་བསྒྲེངས་བྱས་ཡོད། དེང་རབས་སྨྲ་བས་དེ་ལས་ལྡོག་སྟེ་བླང་དོར་གྱི་འཇུག་ལྡོག་ཁས་མི་ལེན་པ་དང་། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ད་ཆོས་ཉིད་ཁས་ལེན་གྱི་མེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་གྱི་དེང་རབས་སྨྲ་བའི་རྩོམ་པ་པོར་གཙོ་བོ་མཚན་ཉིད་རིག་པ་ཧྲུ་པུན་ཧྭ(叔本华)དང་། པོ་ཀོ་སེན(柏格森) ཉི་ཚའེ(尼采)སོགས་ཀྱི་སེམས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཕོག་པ་དང་དུས་མཚུངས། སེམས་ཁམས་རིག་པ་བ་ཧྥུ་ལུའོ་དབྱི་ཏེའི་ཡིད་རྣམ་འབྱེད་རིག་པའི་ཤུགས་རྐྱེན་ཡང་ཕོག་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་དེང་རབས་སྨྲ་བའི་རྩོམ་པ་པོར་གཙོ་བོ་གཞི་གྲུབ་སྨྲ་བའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཤུགས་རྐྱེན་ཕོག་པ་དང་དུས་མཚུངས། དེ་མིན་གྱི་སེམས་གཙོ་རིང་ལུགས་པའི་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ་འགའ་ཞིག་གི་ཤུགས་རྐྱེན་ཡང་ཕོག་ཡོད་པ་རེད།
ཧྲུ་པུན་ཧྭ(叔本华)ཡིས་འཚོ་འདོད་ཀྱི་འདུན་པ(ཡང་ན་འཚོ་བའི་འདུན་པའམ་ཚེ་སྲོག་གི་འདུན་པ་ཞེས་འབོད)ནན་བཤད་བྱེད་ཅིང་འདུན་པ་དེ་ནི་འཇིག་རྟེན་དངོས་པོ་ཀུན་གྱི་འབྱུང་རྩ་དང་། བླང་དོར་གྱི་ཚོད་འཛིན་མི་ཕོག་པ་ཞིག་ཏུ་འདོད་ལ། འཚོ་བའི་འདུན་པ་ནི་འཇིག་རྟེན་གྱི་འདུན་པ་ཡིན་ལ་མིའི་འདུན་པའང་ཡིན་པར་ངོས་འཛིན། མིའི་འདུན་པ་ཞེས་པ་ནི“བདག་ཉིད་ཀྱི་འདུན་པ”ཞེས་པ་དེ་རེད། ཁོ་པས“འཛམ་གླིང་ནི་ངའི་འདུན་པ་རེད”ཅེས་བརྗོད་ཀྱི་ཡོད་པ་ནིི་བདག་ཉིད་ཁོ་ན་སྨྲ་བ་འུད་སྒྲོག་བྱེད་པ་གསལ་པོ་རེད། ད་དུང་ཁོ་པས་མི་ཚེ་ནི་འདུན་པ་ཡིན་པས་འདོད་སྲེད་ཀྱི་གཞན་དབང་དུ་གྱུར། འདོད་སྲེད་ནི་མཚམས་ཚད་མེད་ལ་ནམ་ཡང་ཚིམས་ཐབས་མེད་པ་ཞིག་ཡིན་པ་འདིས་སྡུག་བསྔལ་སྐྱེ་བར་བྱེད་པས་ན། མི་ཚེ་ནི་ཐོག་མཐའ་བར་གསུམ་དུ་སྡུག་བསྔལ་གྱིས་ཁེངས་ཤིང་། སྐྱོ་གར་ལས་མ་འདས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་དེང་རབས་སྨྲ་བའི་རྩོམ་རིག་ལ་ཉི་ཚའེ(尼采)ཡི་སྐྱོ་སྣང་རིང་ལུགས་ཀྱི་ཤུགས་རྐྱེན་ཕོག་ཡོད།
པོ་ཀོ་སེན(柏格森)གྱིས་ཚེ་སྲོག་གི་ངར་ཤུགས་ནི་འཇིག་རྟེན་གྱི་དངོས་པོ་ཀུན་ཁ་ལོ་སྒྱུར་མཁན་ཡིིན་པའི་ངོས་འཛིན་བྱེད་ཅིང་། ཁོ་པས་ལྐོག་ཏུ་གྱུར་པའི་ཚེ་སྲོག་གི་ངར་ཤུགས་ཀྱིས་དངོས་པོ་ཀུན་སྐྱེད་པར་བྱེད་པ་ཞེས་པའི་ཐོག་ནས་དངོས་རིགས་ཀྱི་གྲུབ་ཚུལ་དང་འཕེལ་འགྱུར་གྱི་སྐོར་འགྲེལ་བཤད་བྱེད་པ་དང་། མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་བླང་དོར་སྨྲ་བའི་རིང་ལུགས་ལ་སུན་འབྱིན་གྱིས་མིའི་རིགས་ཀྱི་བློ་རིག་གིས་འཇིག་རྟེན་ངོས་འཛིན་བྱེད་མི་ཐུབ་པ་པ་དང་། བློ་རིག་ནི་བརྟན་གནས་དང་། བལྟོས་བཅས། ཕྱི་དོན་གྱི་དངོས་པོ་བཅས་ཡིན་པས་འགུལ་སྐྱོད་དང་འགྱུར་ལྡོག་འགྲོ་བའི་ཚེ་སྲོག་གི་ངར་ཤུགས་ཤེས་རྟོགས་བྱེད་མི་ཐུབ་པའི་འདོད་ཚུལ་འཛིན་གྱི་ཡོད། ཁོ་པས་ཚན་རིག་ཁས་མི་ལེན་པ་དང་། གལ་ཏེ་ཚན་རིག་གི་གོ་དོན་དེ་བློ་རིག་གི་གོ་དོན་ཡིན་ན་དེ་འདྲའི་གོ་དོན་ནི་མིས་བཟོས་པའ་བརྡ་རྟགས་ཙམ་དུ་ཟད་པས་དེ་ཉིད་ཀྱིས་འཇིག་རྟེན་གྱི་ངོ་བོ་མཚོན་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། དུས་མཚུངས་ཁོ་པས་ལྐོག་གྱུར་གྱི་ཐད་རྟོགས་རིང་ལུགས་སྒྲོག་སྤེལ་བྱེད་ཅིང་། ཐད་རྟོགས་དེ“བློ་རིག་གི་འཕྲོ་འདུར”བརྩི་བ་སྟེ། དེ་ནི་མིའི་སེམས་གཏིང་གི་ཉམས་ལེན་ཞིག་དང་། ནང་གཟུགས་དང་ཕྱི་གཟུགས་ཡོངས་སུ་འཕྲོད་སྦྱོར་མཉམ་བསྲེས་སུ་གྱུར་པའི་དབྱེར་མེད་ཡུལ་ཁམས་ཤིག་ཡིན་པར་འདོད། ཐད་རྟོགས་རིང་ལུགས་ཀྱིས་མིའི་མངོན་སུམ་ཤེས་པ་དང་། བླང་དོར་གྱི(འཇུག་ལྡོག)ཤེས་པ། དེ་བཞིན་ལག་ལེན་བཅས་ཁས་མི་ལེན་པས་དེ་ནི་རང་སྣང་སེམས་གཙོ་རིང་ལུགས་འཁྲུལ་མེད་ཅིག་ཡིན་པ་སྨོས་ཅི་དགོས། དེར་བརྟེན་དེང་རབས་སྨྲ་བའི་རྩོམ་རིག་ལ་པོ་ཀོ་སེན(柏格森)གྱི་ལྐོག་གྱུར་ཐད་རྟོགས་རིང་ལུགས་ཀྱི་ཤུགས་རྐྱེན་ཅུང་ཆེ་ཙམ་ཐེབས་ཡོད་དོ།།
ཉི་ཚའེ(尼采)ཡིས་སྨྱོ་ཧམ་ཆེན་པོས“དབང་ཤུགས་ཀྱི་འདུན་པ་སྨྲ་བ”དང་། འཕགས་མིའི་མཚན་ཉིད་རིག་པ་དྲིལ་བསྒྲགས་དང་། སྟོབས་ཆེ་བས་སྟོབས་ཆུང་བ་ལ་དབང་བསྒྱུར་བྱེད་དགོས་པ་འུད་སྒྲོག་བྱེད་པ་མ་ཟད། སྒྱུ་རྩལ་ཐད“སྒྱུ་རྩལ་ནི་སྒྱུ་རྩལ་རང་ཡིན་པ”དང་། “སྒྱུ་རྩལ་ནི་ཐམས་ཅད་ལས་མཐོ་བ”ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོ་པའི་བདག་ཉིད་ཁོ་ནའི་རིང་ལུགས་དང་སྒྱུ་རྩལ་ཁོ་ན་སྨྲ་བའི་ལྟ་བས་ཀྱང་དེང་རབས་སྨྲ་བའི་རྩོམ་རིག་ལ་ཤུགས་རྐྱེན་སྤྲད་ཡོད།
 སེམས་ཁམས་རིག་པ་བ་ཧྥུ་ལུའོ་དབྱུ་ཏེས(弗洛伊德)ཀྱང་བླང་དོར་སྨྲ་བར་སུན་འབྱིན། རྟོག་པ་འོག་འགྱུའི་ནུས་པ་ནན་བཤད་བྱེད་པ་སྟེ། སྒྱུ་རྩལ་གྱི་བརྩམས་ཆོས་ནི་རྟོག་པ་འོགའགྱུ་ལས་བྱུང་ཞིང་། དེ་ནི་རྩོམ་པ་པོའི་སེམས་ནང་གི་རྟོག་པ་འོག་འགྱུ་དེ་མངོན་གསལ་ཅན་དང་གཟུགས་འགྱུར་བྱས་པ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེར་བརྟེན་དེང་རབས་སྨྲ་བའི་རྩོམ་རིག་ལ་ཁོ་པའི་རིག་གཞུང་དེའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།   གཞི་གྲུབ་སྨྲ་བའི་རིང་ལུགས་ཀྱི་མཚན་ཉིད་རིག་པས་སྔོན་ལ་རང་སྣང་འདུ་ཤེས་བྱུང་བ་དང་དེའི་རྗེས་ཕྱི་དོན་གཞི་གྲུབ་བྱུང་བའི་འདོད་ཚུལ་སྒྲོག་སྤེལ་ཤུགས་ཆེན་བྱེད་པ་ཟད། འཇིག་རྟེན་ནི་ཁུངས་ལུང་མེད་པ་དང་། མི་ཚེ་ནི་སྡུག་བསྔལ་དུ་འདོད་པའི་རང་སྣང་སེམས་གཙོ་རིང་ལུགས་དང་ཉམས་དམས་རིང་ལུགས་ཀྱི་བསམ་བློ་དེ་དེང་རབས་སྨྲ་བའི་རྩོམ་རིག་གི་རྩོམ་ཡིག་མང་པོའི་ཁྲོད་དུ་སིམ་བསྲེས་བྱུང་ཡོད།

གཉིས། བདག་ཉིད་མངོན་པར་མཚོན་དགོས་པ་ནན་བཤད་བྱེད་པ།
དེང་རབས་སྨྲ་བའི་རྩོམ་རིག་གིས་ཁོར་ཡུག་འབྲི་འགོད་བྱ་རྒྱུར་མཐོང་ཆེན་མི་བྱེད་པར་མི་སྣའི་རང་སྣང་འཇིག་རྟེན་མངོན་མཚོན་བྱ་རྒྱུ་གཙོ་བོར་འཛིན་གྱི་ཡོད། དེང་རབས་སྨྲ་བའི་རྩོམ་པ་པོས་མིའི་སེམས་ནང་གི་འཚོ་བ་དེ་བརྩམ་བྱའི་གཙོ་གནད་དུ་བརྩིས་ནས་མིའི་སེམས་ཁམས་ཀྱི་འགུལ་སྐྱོད་ཞིབ་འགོད་ལེགས་འབྲི་དང་། མི་སྣིའ་སེམས་ཤུགས། འབྲེལ་དྲན། འཆར་སྒོ། འཁྲུལ་སྣང་དེ་བཞིན་བརྩེ་དུང་གི་འགྱུར་བ་ཕྲ་མོ་སོགས་མཚོན་ཐབས་བྱེད་ཀྱི་ཡོད་པ་རེད། དེང་རབས་སྨྲ་བའི་རྩོམ་པ་པོས་རྟག་ཏུ་མི་སྒེར་གྱི་ནང་སེམས་འཚོ་བ་བརྗོད་བྱ་གཙོ་བོར་འབྲི་བ་དང་། ཁོ་པ་ཚོས་ཡིན་མིན་གོ་ལྡོག་དང་ཉ་ཡུང་མཉམ་བསྲེས་བྱེད་པའི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཁྲོད་དུ་མི་ནི་མི་མ་ཡིན་པར་གྱུར་ཟིན་ལ། མི་རང་ཉིད་ཀྱི་ངོ་བོ་ཡང་གྱུར་ཟིན་པའི་ངོས་འཛིན་བྱེད་པར་བརྟེན། ཁོ་པ་ཚོའི་གསར་རྩོམ་དེའང“བདག་ཉིད་འཚོལ་བའི”རྩོམ་རིག་ཏུ་གྱུར་ཅིང་། དེར་བརྟེན་ཁོ་པ་ཚས་སོར་མོའི་འདུ་བྱེད་ལས་ཐོན་པའི་མི་སྣ་རྣམས་ཀྱང་མ་རབས་ཐ་ཤལ་དང་། ཡ་མ་གཟུགས། ཐ་ན་སྤྱི་ཚོགས་ཀྱི་ཕྱི་རོལ་དུ་གགནས་འཆའ་བའི་ལྗོངས་རྒྱུ་བ་བཅས་རེད། 
                                               
                                     
རྩོམ་སྒྲིག་པ། འཕགས་མི།