ཆོས་རྒྱམ་དྲུང་པ་དང་མཇལ་བ།

    རྩོམ་པ་པོ། རྣོ


ཆོས་རྒྱམ་དྲུང་པ་དང་མཇལ་བ།

                              རྣོ། མགོ་ལོག



       སྤྱི་ཟླ་༦པའི་ཚེས་༨ཉིན་གྱི་དགུང་མོ་དུས་ཚོད་༧ སྟེང་གྲོགས་ཨ་གནས་ཡེ་ཤེས་རྡོ་རྗེས་དྲུང་པ་རིན་པོ་ཆེའི་མཁའ་འགྲོ་མ་ཊ་ཡ་ནས་བརྩམས་གནང་མཛད་པའི་༼འབྲུག་སྒྲ་༽འམ་༼ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ་༽ཞེས་པའི་དཔེ་དེབ་PDF ལམ་ནས་བདག་ལ་སྐུར་སོང་།    བདག་གིས་དཔེ་ཆ་དེ་སྔོན་ནས་ལྟ་འདོད་ཆེན་པོ་ཡོད་ཀྱང་བོད་འགྱུར་དཔེ་ཆ་ཞིག་ཡོད་པར་བསྒུག་ནས་ཡུན་རིང་ལུས་པ་ཡིན།   ད་ལྟ་ཡང་ཟླ་རྒྱུགས་ལ་ཉེ་བའི་སྐབས་འདིར་འཆད་རྒྱུགས་ལ་ལྟ་གོན་དགོས་པ་དང་བཀླག་ན་འདོད་པའི་དཔེ་ཆ་འདི་ལག་ཏུ་ཐོན་པས་གང་ཞིག་གདམ་གསེས་དགོས་པ་ཤེས་དཀའ་བར་གྱུར་མོད། དགུང་མོ་དེར་དུས་ཚོད་བཅུ་གཅིག་སྟེང་མགོ་བརྗོད་ཙམ་བཏོན་པ་ན་མུ་མཐུད་དུ་བཀླག་འདོད་བྱུང་བས་ཡང་བསྐྱར་ཀློག་པ་ཡིན། བར་མཚམས་འཇོག་མ་ཐུབ་པར་ནམ་གུང་དུས་ཚོད་གཉིས་པའི་བར་ཤོག་ངོས་བརྒྱ་ཕྲག་ཅིག་བཀླགས་ཟིན།  དེ་ནས་བཟུང་ཆོས་ཁྲིད་ལས་གཞན་པའི་དུས་ཚོད་ཚང་མ་དེའི་སྟེང་བརླགས་པ་ཡིན།     ཉིན་གསུམ་གྱི་རང་ཤོག་ངོས་༧༠༠ལྷག་ཡོད་པའི་དེབ་འདི་བཀླགས་ཟིན་པར་བྱས་ཡོད།  ངས་དྲུང་པ་རིན་པོ་ཆེའི་མཚན་ཐོས་ནས་ཕལ་ཆེར་ལོ་བཅུ་གསུམ་ཡས་མས་ཤིག་འགོར་ཟིན།   དུས་དེ་ནས་བཟུང་ཁོང་ནི་ངས་ཆེས་དོ་སྣང་དུ་གྱུར་བའི་བོད་ཀྱི་བླ་ཆེན་ཞིག་ཡིན་ལ་ཁོང་གིས་གསུང་ཆོས་དང་སྙན་རྩོམ་སོགས་བཀླགས་རྒྱུའི་གོ་སྐབས་ཀྱང་རྙེད་ཡོད།   ཁོང་ནི་གཏེར་སྟོན་གྲུབ་ཐོབ་ཆོས་རྗེ་ཀུན་འཛོམས་ཤིག་ཡིན།  འབྲུག་ཡུལ་སྟག་ཚངས་སུ་སྐུ་མཚམས་བཞུགས་དུས་གཏེར་དུ་བཞེས་པའི་༼ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་དེ་༽ ཁོང་དང་ཁོང་གིས་སློབ་མ་ཚོས་ཉམས་ལེན་གྱི་གཙོ་བོ་བྱེད་ཀྱིན་ཡོད་པ་འདྲ། གཞན་ཁོང་གི་གསུངས་ཆོས་དང་པོ་དེ་༼སྒོམ་སྒྲུབ་༽ ཡིན་ལ། སྐུ་བཞུགས་དུས་རྐྱང་བ་ལའང་དེབ་བཅུ་ལྷག་པར་སྐྲུན་གནང་ཡོད།   ཞིང་ལ་ཕེབས་རྗེས་སུ་པར་དུ་བསྐྲུན་པའི་དེབ་༢༤ལྷག་ཡོད།  ༢༠༠༤ ལོར་པར་བསྐྲུན་བྱས་པའི་དཔེ་ཆ་དེབ་བརྒྱད་ཅན་དང་ད་དུང་དཔར་དུ་མ་བསྐྲུན་པའི་སྒྲ་ཐག་སོགས་སུ་ཉལ་བ་དེ་ལས་མང་པོ་བཞུགས་ཡོད་ཅེས་བཤད་པ་ལ་དཔག་ན་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་ཞིག་ཡིན་པ་ཚོམ་ག་ལ་དགོས།   དྲུང་པ་རིན་པོ་ཆེ་ལྟར་སྣང་ལ་མི་དཀྱིལ་མ་ཞིག་གི་སྤྱོད་ཚུལ་བཟུང་ཞིང་སྒྱུ་རྩལ་པ་ཞིག་དང་སྨྱོ་སྤྱོད་ཅན་གྱི་སྣང་ཚུལ་བཟུང་པ་རེད།
        ཁོང་གིས་ཉེ་བའི་གྲོགས་པོ་དང་མཛའ་གྲོགས་ལ་དོ་ཁུར་ཆེན་པོ་བྱས་ཤིང་གུ་ཡངས་པོ་སྒོ་ནས་ཆོས་སྒོམ་སྒྲུབ་ཀྱིས་སློབ་གསོ་གཏོང་གིན་ཡོད།   ནུབ་ཕྱོགས་སུ་ཆོས་སྤེལ་བའི་ཕྱིར་དུ་དཀའ་ངལ་གདོང་ལེན་མང་དུ་བྱས་ཡོད།  ཤམ་བྷ་ལའི་ཆོས་ཀྱི་བྱེད་སྒོ་དང་འཚོགས་པ་དེ་དང་འབྲེལ་བའི་སྒྲུབ་ཐབས་དང་ཉམས་ལེན་ལ་ཤུགས་སྣོན་དང་ནུས་པ་ཆེན་པོ་ཕྱིན་ཡོད།    ཁོང་ནི་དུས་རྒྱུན་སྐུ་མཚམས་ལ་བཞུགས་ཤིང་ཆོས་འཆད་པར་དོ་སྣང་ཆེན་པོ་བྱེད་ཅེས་ཡང་ཡང་བརྗོད་ཀྱིན་འདུག་ལ་ནུབ་ཕྱོགས་སུ་ཆོས་ཀྱི་སྒོ་མོ་འབྱེད་མཁན་ཐོག་མའང་ཡིན།   དེབ་འདི་རིན་པོ་ཆེའི་ནར་མའི་དངོས་ཡོད་ཀྱི་འཚོ་བ་དང་སྤྱོད་ཚུལ་ལ་འབྲེལ་ཡོད་ཅིང་སླད་མ་འདྲེས་པར་ལོ་རྒྱུས་དངོས་མའི་བྲོ་བ་ཞིག་ལྡན་ཡོད་ལ། དེའི་ནང་དུ་ཁོང་གི་མཛད་སྤྱོད་ཁ་ཤས་བོད་ཀྱི་སྲོལ་རྒྱུན་ལ་མི་མཐུན་པ་བྱུང་ཡོད་ནའང་དེ་རྒྱུན་ལྡན་ཞིག་ཡིན་པ་དང་མཛད་སྤྱོད་ཀྱི་རྣམ་པ་གཞན་ཞིག་ཡིན།  ཁོང་གི་མཁའ་འགྲོ་མ་ལོ་ཆུང་ཞིག་བཞེས་ཡོད་པ་དང་བུ་ཕྲུག་མང་པོ་ཡོད་པའང་ཁོང་གི་མཛད་པ་ཞིག་ཏུ་བརྩི་ཆོག་མོད།   གཙོ་བོ་ནུབ་ཕྱོགས་སུ་ཆིབ་ཁ་བསྒྱུར་ཞིང་འདུལ་དཀའ་བའི་ནུབ་ཕྱོགས་པའི་མགོ་སེར་ཚོའི་དོན་མཛད་ལ། འགྲོ་དོན་ཡང་རྒྱ་ཆེན་འགྲུབ་ཡོད་པའི་མངོན་གསལ་འདི་ནི་མཛད་པ་ཀུན་ལས་ཁྱད་པར་འཕགས་པའི་སེམས་དཔའ་ཆེན་པོའི་མཛད་པ་ཞིག་རེད། དགོངས་གྲངས་༤༧་ལས་མ་བཞུགས་པའི་རིན་པོ་ཆེ་ཁོང་གི་མཛད་པ་ཡ་མཚན་དགོས་པ་ཞིག་ཡིན།
       
ཁོང་གིས་བླ་མ་ཞེ་ཆེན་འཇམ་མགོན་ཀོང་སྤྲུལ་དང་མཁན་གང་ཤར་གཉིས་ལ་གཙོ་བོར་བསྟེན་ཡོད་ལ།   བླ་མར་དད་པ་དག་སྣང་གནད་དུ་སྨིན་པ་ཞིག་ཡོད།    ཉིན་ཞིག་ཁོང་ལ་སྐུ་ལྕམ་ཊ་ཡ་ནས་ང་ལ་འཛམ་གླིང་འདིར་ཁྱེད་ལས་དགའ་བ་ཞིག་མེད་ཅེས་བཤད་ཚེ། ཁོང་གིས་དེའི་ལན་དུ་ཁྱེད་ནི་འཛམ་གླིང་འདིིར་ཁོ་བོའི་དགའ་ས་གཉིས་པ་དེ་ཡིན་ལ་དང་པོ་དེ་ཁོ་བོའི་བླ་མ་ཡིན་ཞེས་གསུངས་པས་བླ་མར་དད་འདུན་དང་རྒྱུན་ལྡན་ཆོས་དང་བློ་འདྲེས་སྤགས་འདྲེས་སུ་གྱུར་བ་ཞིག་འདུག
       
དེབ་འདི་ཀློག་དུས་བདག་ཀྱང་དེ་ཚོའི་ཁྲོད་ན་ཡོད་པ་དང་སྔར་ལས་ལྷག་པའི་དད་འདུན་ཡོད་པར་གྱུར་ལ་དམིགས་གསལ་དུ་བདག་རིན་པོ་ཆེར་དངོས་སུ་འཕྲད་སོང་སྙམ་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཀྱིན་ཡོད་པར་མ་ཟད་རིན་པོ་ཆེའི་བྱ་སྤྱོད་ཀྱི་སྣང་བརྙན་དེ་བདག་གི་སེམས་སུ་ཁ་ཤས་རེ་འཆར་ཡིན་ཡོད།  ཁོང་གིས་སློབ་གསོ་བྱེད་ཐབས་དང་ཉམས་ལེན་བྱེད་སྟངས་ཀྱི་ཆ་ལ་དམིགས་གསལ་གྱི་སེམས་ལ་བག་ཆགས་གཞན་ཞིག་བཞག་སོང་སྙམ་ཡོད།  རིན་པོ་ཆེ་སྙན་ངག་ལ་དགའ་བ་དང་ཡིག་གཟུགས་འབྲི་བ་ཉི་ཧོང་གི་བཅའ་དངོས་ལ་དོར་སྣང་བྱེད་པ་སོགས་ལ་བདག་ཀྱང་དགའ་ཕྱོགས་ཡོད་པས་འདྲ་མཚུངས་ཡོད་པར་སྙམ་སོང་།  རེད་དེ་ཁོང་གི་བྱམས་བརྩེ་དང་ཕན་སེམས་ཉམས་ལེན་ནི་དཔག་དཀའ་བ་ཞིག་དང་ཡིད་སྨོན་གྱི་གནས་ཤིག་རེད།    སྐབས་སྐབས་སུ་ཁོང་གིས་སློབ་མ་ཚོར་ཡོད་ཚད་འགྱུར་འགྲོ་བ་དང་མི་རྟག་པའི་ངང་ཚུལ་བསྟན་པ་དེས་བདག་ལ་གོ་བརྡ་ཞིག་སྤྲད་ཀྱིན་ཡོད་པ་འདྲ་ལ།  ཁོང་ཡང་ལོ་མང་པོ་བཞུགས་རྒྱུ་མིན་ཞེས་ཊ་ཡ་ན་ལ་གསུངས་མྱོང་བ་དེས་ཁོང་ནི་མི་རྟག་པ་གཤིས་མ་ཞིག་བསྟན་གྱིན་ཡོད་ལ།   སྐྱེ་འཆི་ལ་དབང་བའི་རིན་པོ་ཆེ་ཁོང་ཡང་མི་རྟག་པས་གཤེགས་རྒྱུ་ཡིན་པ་གོ་བརྡ་སྤྲད་ཀྱིན་ཡོད་པ་བདག་ཅག་ལ་དྲན་གསོ་ཞིག་ཀྱང་ཡིན།   གང་ལྟར་ཡང་ཕྱིའི་སྤྱོད་པ་ཅི་ཞིག་ཡིན་ན་འདྲ་སྟེ་སེམས་ཅན་གྱི་དོན་རྒྱ་ཆེན་འགྲུབ་ཀྱིན་ཡོད་ལ་ཕན་སེམས་རྐྱང་བས་མི་ཚེ་རྫོགས་ཤིང་ཐབས་མཁས་མངའ་བའི་སྐྱེ་བུ་འདི་ལྟ་བུ་ད་ལྟའི་གནས་བབས་སུ་དགོས་ངེས་ཀྱི་བླ་མ་ཞིག་ཡིན་པར་སེམས་ལ། འདི་འདྲའི་སྐྱེ་བུ་ལ་ང་ཚོས་སློབ་སྦྱོང་དང་ཡི་རང་བྱེད་དགོས་ཀྱིན་འདུག   ཁོང་གིས་གསུངས་བའི་སྐད་ཆ་གང་ཡིན་ན་ཡང་སེམས་སུ་མ་སོང་བ་མེད་ལ་བདག་སེམས་སུ་ཧ་ཅང་འཕྲོད་པོར་གྱུར་ཡོད་པས་ནམ་ཞིག་ན་ཁོང་རིག་ལྡན་གྱི་དམག་དཔོན་དུ་གྱུར་ཚེ་བདག་ཀྱང་འཕྲད་ཐུབ་བོ་སྙམ་པའི་ཚོར་སྣང་ཤུགས་ཆེན་ཡོད་དོ། ། མདོར་ན་དེབ་འདིས་བདག་ལ་སྨྲ་བརྗོད་ལས་འདས་པའི་ཚོར་བ་ཞིག་གནང་བའམ། ཡང་ན་དེབ་འདི་བདག་གི་སྨྲ་བསམ་བརྗོད་བྲལ་གྱི་ཚོར་བ་ཞིག་ཏུ་གྱུར་སོང་།   གང་ལྟར་མཇུག་འདི་ཙམ་བྱེད་རྒྱུ་ཡིན་ལ། ཁྱེད་ཚོས་ཀྱང་མི་ཁོམ་པ་རྒྱབ་ཏུ་བཞག་སྟེ་ངེས་པར་དུ་གཟིགས་དགོས་ངེས་ཀྱི་དཔེ་ཆ་འདི་ཐེངས་གཅིག་གཟིགས་དགོས་པར་སེམས་སོ།།

                        རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease