ཉིན་བཅུའི་འཁྱམ་སྐྱོད། ཟིན་བྲིས།

    རྩོམ་པ་པོ། ལུ་གུ།


ང་དང་གྲོགས་པོ་བཙན་མིག་གཉིས་ལྷ་ས་གྲོང་ཁྱེར་ལ་ཡོང་དུས་ཀྱི་ལམ་བར་ནས་ཐེངས་འདིའི་དབུས་བསྐྱོད་དུ་ངེས་པར་དུ་ཐོན་ལུག་ར་ཁ་བ་སྟེ་གངས་ཅན་ཡི་གེའི་བྱེད་པོ་ཐོན་མི་སམ་བྷོ་ཊའི་འཁྲུངས་གཞིས་ལ་ལྕགས་རྟ་བསྐོར་ཏེ་ཐེངས་ཤིག་འགྲོ་དགོས་པར་གྲོས་མཐུན་བྱུང་། ངེད་གཉིས་ཀྱིས་ང་ཚོར་སློབ་དཔོན་ཐོན་མི་བཞིན་མི་རིགས་ཀྱི་ཆེད་དུ་རྒྱ་གར་ལ་དཀའ་བ་ཚད་མེད་མྱངས་ནས་འགྲོ་ཐུབ་པའི་སྙིང་སྟོབས་དང་སྤོབས་པ་མེད་མོད། ཁོང་གི་འཁྲུངས་གཞིས་ལ་ཐེངས་ཤིག་མཇལ་བའི་ཆོད་སེམས་ཅིས་ཀྱང་དགོས་སོ་སྙམ་ནས་ལམ་ལ་བུད་པ་ཡིན། ལྷ་ས་ནས་ཐོག་མར་ཇོ་བོར་མཇལ་ཞིང་དེ་ནས་ཉིན་གསུམ་ཙམ་ལ་རས་གུར་དང་བྲོ་ཁ་སོགས་ཚགས་སུ་ཚུད་རྗེས་སྤྱི་ལོ2022ལོའི་ཟླ7པའི་ཚེས23ཉིན་དངོས་སུ་སྙེ་མོ་རྫོང་གི་ཕྱོགས་སུ་ལམ་ལ་ཆས། 

སྙེ་མོ་ཐོན་ལ་བསྐྱོད་པའི་ཟིན་ཐོ།

                             ལུ་གུ། མགོ་ལོག

 
  སྙེ་མོ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་ཡར་ཀླུངས་གཙང་བོའི་བྱང་རྒྱུད་དུ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་ནས་ཕལ་ཆེར་སྤྱི་ལེ་བརྒྱ་དང་སུམ་ཅུའི་ནང་ཡོད། ངེད་གཉིས་ཀྱིས་ལྷ་ས་ནས་ཕྱོགས་སྟོན(导航)ཐོག་ཐད་ཀར་སྙེ་མོ་རྫོང་གི་ལམ་ཐིགས་བཙལ།  (སྙེ་མོ་རྫོང་ལ་རྒྱ་སྐད་ཀྱིས尼木县ཟེར) འདི་ནས་ཤེས་དགོས་པ་ཞིག་ལ་སློབ་དཔོན་ཐོན་མིའི་འཁྲུངས་ཤུལ་ནི་སྙེ་མོ་རྫོང་ལ་མ་ཐོན་པའི་ཕལ་ཆེར་སྤྱི་ལེ་བཅུ་དྲུག་བཅུ་བདུན་ཙམ་གྱི་མཚམས་ཐོན་མདའ་གྲོང་ཚོ(吞达村)ཟེར་བ་དེ་རུ་གདའ། འོན་ཀྱང་རྐང་པ་བརྒྱབ་ནས་འགྲོ་ན་དེ་ལས་ཉེ་བའི་ལམ་ཞིག་ཀྱང་འདུག  ལམ་དེ་ཞོལ་ནས་ཞིབ་ཀྱིས་བཤད་ཆོག

    དེ་ལྟར་ལྷ་ས་ནས་སྤྱི་ལེ་བཅུ་ཁ་ཞིག་ལ་བསྐྱོད་རྗེས་མཉེས་ཐང་ལྷ་ཆེན་པོ་ཟེར་བ་ཞིག་ལ་འཕྲད་བྱུང་། དེ་རུ་ད་དུང་ཉེ་དུས་ལས་པའི་མིས་བཟོས་མཚེའུ་རུལ་བ་ཞིག་ཀྱང་འདུག ངག་རྒྱུན་ལ་དུས་རབས་བཅུ་གཅིག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དེར་ཕེབས་དུས་ས་དེར་ཐུགས་ཤིན་ཏུ་མཉེས་པས་མཉེས་ཐང་ཞེས་ཐོགས་པར་བཤད།  མཉེས་ཐང་ལྷ་ཆེན་པོ་ཟེར་བ་དེ་ནི་ཚོས་ཀྱིས་ཡོངས་སུ་བྱུགས་པའི་སངས་རྒྱས་ཀྱི་སྐུ་འདྲ་བྲག་བསྐོས་ཤིག་དང་། དེའི་གཡོན་དུ་ཚེ་དཔག་མེད་སོགས་བྲག་ངོས་ལྡེབས་རིས་འདུག་མོད། དེ་རུ་འདྲི་ས་བལྟ་ས་མེད་པས་དེ་ནི་རང་བྱོན་ཡིན་ནམ་མིས་བཟོས་ཡིན་པ། ལོ་རྒྱུས་ག་ཚོད་ཡོད་པ་སོགས་ཤེས་མ་སོང་།
 
      དེ་ནས་ཕར་བསྐྱོད་པའི་ལམ་མང་ཤོས་གཙང་པོའི་འགྲམ་བརྒྱུད་ནས་འགྲོ་དགོས། 318རྒྱལ་ཁབ་གཞུང་ལམ་སྟེང་ནས་སྤྱི་ལེ་བརྒྱ་དང་ཉི་ཤུའི་ནང་དང་། དེའི་འཕྲོ་ཡི་སུམ་མདོའི་གཡས་ཕྱོགས་ཀྱི་ལམ་དེར་སྤྱི་ལེ་དགུ་ནས་བཅུ་ཙམ་གྱིས་སྙེ་མོ་རྫོང་ལ་བསླེབ་ཐུབ། སྙེ་མོ་བར་དུ་མྱུར་བགྲོད་སྟེང་ནས་སོང་ན་སྤྱི་ལེ134དང་། སྤྱིར་བཏང་གཞུང་ལམ་སྟེང་ནས་སྤྱི་ལེ136ཙམ་འགྲོ་དགོས།  
ངེད་གཉིས་ཉིན་དང་བོར་སྤྱི་ལེ60ལྷག་ལ་སོང་ཞིང་། དགོང་མོ་ཆུ་ཤུར་རྫོང་གི་ཡར་ཀླུངས་གཙང་བོ་དང་སྐྱིད་ཆུའི་འདྲེས་མཚམས་ནས་གཙང་འགྲམ་དུ་གུར་ཕུབས་ཏེ་ངལ་གསོས། 

   ཕྱི་ཉིན་སྔ་མོ་ནས་ལམ་ལ་ཆས་པ་ཡིན། ཉིན་གུང་ཡོལ་དུས་ཚ་བ་ཤིན་ཏུ་ཆེ་བས་ཅུང་དཀའ་སྣང་སྐྱེས་བྱུང་། ལམ་བར་ན་གྲོང་ཚོ་ཆུང་ངུ་མང་བས་ཐོན་མདའ་གྲོང་ལ་ཐོན་པའང་མཉམ་མ་བཞག་པར་བསྐྱུར། ངེད་གཉིས་སྙེ་མོ་རྫོང་ལ་ཐོན་རྗེས་ད་གཟོད་ཐོན་ལུག་ར་བ་ནས་ཡར་བརྒལ་ཟིན་པ་ཤེས། འོན་ཀྱང་དེ་དུས་ས་སྲོད་ལ་ཐོན་ཡོད་པས་ནུབ་མོ་དེར་སྙེ་མོ་ནས་ངལ་གསོ་རྒྱུ་བྱས་པ་ཡིན།  
 
      སྙེ་མོ་ནི་མི་གྲངས་ཉུང་ལ་རླངས་འཁོར་དེ་བས་ཀྱང་ཉུང་བས་རྫོང་ཆུང་ཆུང་ཞིག་རེད། འོན་ཀྱང་ཐོག་ཁང་ཆེན་པོ་མེད་ལ་ཐན་འཁོར་ཞིང་སྡེའི་བསྐོར་ཡོད་པས་ཁོར་ཡུག་ཡི་གར་འོངས་པ་ཞིག་རེད། ལྷག་པར་བཱེ་རོ་དགོན་ཀྱི་བྲག་ངོས་ནས་ཕྱིར་བལྟས་ན་རྫོང་དེ་ནི་ལོ་མ་ཆེན་པོ་ཞིག་གི་ཁུད་ཀྱི་འབྲས་ཆན་ཞིག་དང་མཚུངས་སོ།། འོ་རེད་ཡ་གོ་ཐོས་སུ་སྙེ་མོ་ནས་ད་དུང་ཕར་སྤྱི་ལེ་ཉི་ཤུ་ལྷག་སོང་ན་གངས་རི་ཡག་པོ་ཞིག་ཡོད་དོ་ཟེར། འགྲོ་འདོད་མཁན་ཚོས་སྙེ་མོ་ནས་དྲིས་ན་ཤེས་ཚོད་རེད། 
 

༡.བཱེ་རོ་དགོན་དང་པ་གོར་བཱེ་རོ་ཙ་ནའི་འཁྲུངས་ཡུལ།
 
  སྙེ་མོ་རྫོང་གི་ཤར་ཕྱོགས་ཀྱི་བྲག་ངོས་སུ་དགོན་པ་ཆུང་ཆུང་ཞིག་ཆགས་འདུག ངེད་གཉིས་ནང་དུ་མཇལ་བར་སོང་དུས་གྲྭ་ཕྲུག་ཅིག་དང་གྲྭ་བ་ཅུང་རྒན་པ་ཞིག་གིས་བསུ་མ་བྱས་བྱུང་། དགོན་པའི་ལྷ་ཁང་གི་གཙོ་སྐུ་གུ་རུ་མཚན་བརྒྱད་ཡིན་འདུག་ལ། གྲྭ་བ་རྒན་པ་དེའི་ཁ་ནས་རྒྱུས་ལོན་བྱས་པ་ལྟར་ན་དགོན་པ་དེར་བཱེ་རོ་དགོན་ཟེར་ཞིང་། བྲག་ངོས་ལ་ཆགས་ཡོད་པ་དེར་བཱེ་རོ་རྩེ་དང་བྲག་རྩ་རུ་ཆགས་ཡོད་པ་དེར་བཱེ་རོ་ཞོལ་ཟེར་འདུག བཱེ་རོ་རྩེའི་གཡས་ངོས་སུ་བྲག་ཁུང་ཞིག་ཡོད་པ་དེ་ནི་སློབ་དཔོན་གུ་རུ་པདྨ་འབྱུང་གནས་ཟླ་དྲུག་ལ་བཞུགས་མྱོང་བའི་སྒྲུབ་ཕུག་ཡིན་པ་འཁྲུལ་མེད་ཡིན་གསུངས་བྱུང་། དགོན་པ་དེ་ཆགས་སའི་བྲག་རི་དེ་ནི་བྱ་ཁྱུང་ཞིག་གི་དབྱིབས་སུ་ཡོད་པར་གསུངས་ལ་གུ་རུའི་སྒྲུབ་ཕུག་དེ་བྱ་ཁྱུང་གི་བྲང་ལ་ཆགས་ཤིང་། གཤོག་པ་གཡས་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག  གཤོག་པ་གཡོན་པར་ལྷ་ལྕམ་མན་ད་ར་བའི་སྒྲུབ་ཕུག་ཡོད་པར་གསུངས། འོན་ཀྱང་ས་རུབ་ཡོད་པས་སློབ་དཔོན་གུ་རུའི་སྒྲུབ་ཕུག་ལས་མཇལ་ཁོམ་མ་བྱུང་། གུ་རུའི་སྒྲུབ་ཕུག་ལ་འགྲོ་དུས་ཅུང་གཟར་བའི་རྡོ་རྐས་ཕྲ་མོ་ཞིག་བརྒྱུད་དགོས་ལ། ད་སྐབས་རྡོ་གྱང་ལ་འཁེན་ས་ཡོད་མོད། སྔོན་ཆད་ལྕགས་སྐུད་ཅིག་ལ་འབྱར་ནས་འགྲོ་དགོས་ཟེར། 
  
      སྒྲུབ་ཕུག་ནང་དུ་སློབ་དཔོན་གུ་རུའི་སྐུ་དང་ཤཀྱ་མུ་ནེ། སྤྱན་རས་གཟིགས་སོགས་ཡོད་ལ། སྤྱིར་སྒྲུབ་ཕུག་གི་གུ་རུའི་སྐུ་རྙིང་དེ་རིག་གསར་སྐབས་གཡུགས་ཚར་བ་རེད་གསུངས། སྒྲུབ་ཕུག་གི་བྲག་ངོས་སུ་གུ་རུའི་ཕྱག་རྗེས་དང་བྱ་ཁྱུང་གི་གཟུགས་སུ་བབས་པའི་རི་མོ་སོགས་འདུག   

      དགོན་པ་འདིར་བཱེ་རོ་དགོན་ཟེར་དོན་ནི་དགོན་པའི་ཁ་གཏད་དེ་སྙེ་མོའི་གྲོང་འདབ་ཀྱི་སྡེ་བ་དེ་ནི་སྤྱི་ལོ་དུས་རབས་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་པཎ་པ་གོར་བཱེ་རོ་ཙ་ནའི་འཁྲུངས་ཤུལ་ཡིན་པས་རེད། འོན་ཀྱང་དགོན་པ་འདིའི་ངོས་ནས་ཕལ་ཆེར་ལོ་ཙཱ་བ་ཁོང་དང་འབྲེལ་བ་ཆེན་པོ་མེད་པ་འདྲ། ངེད་གཉིས་ཀྱིས་གྲྭ་བ་རྒན་པ་དེའི་ཞལ་བརྡར་ཉན་ནས་ཡུན་རིང་ཞིག་བསྡད་པ་ཡིན། ཁོང་ནི་རིགས་ཞེན་གྱི་མེ་ལྕེ་སེམས་ལ་འབར་བའི་སྐྱེས་བུ་ཞིག་རེད། ཁོང་གིས་ས་འདིའི་རིག་གནས་ཀྱི་གནས་བབ་སོགས་གླེང་ཞོར་ངེད་གཉིས་ལ་མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་ཕྱོགས་ནས་དྲན་སྐུལ་མང་ཙམ་བྱས་སོང་། དེ་ལྟར་ཕྱིར་མགྲོན་ཁང་ལ་འགྲོ་དུས་ས་རུབ་ནས་ཡུན་རིང་འདས་ཟིན། 
    པ་གོར་བཱེ་རོ་ཙ་ན་མཆོག་ནི་གོང་ནས་བཤད་པ་ལྟར་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་ཁྱེའུ་བློ་རྣོ་བ་མང་བོ་བསྡུས་ནས་བསྐྱངས་པའི་ལོ་ཙཱ་བའི་གྲས་རེད། ཁོང་དགོང་ལོ་བརྒྱད་ཀྱི་སྟེང་ནས་བསམ་ཡས་ལ་གདན་དྲངས་ཤིང་རྗེས་སུ་རྒྱ་གར་ལ་མངགས། ཁོང་དང་ལོ་པཎ་གཙང་ལེགས་གྲུབ་སོགས་ཀྱིས་རྒྱ་གར་པས་ཆོས་ཕྱི་ལ་ཁྱབ་པ་བཀག་འགོག་བྱེད་དུས་སུ་མྱངས་པའི་སྐུ་ཚེགས་ནི་དངོས་གནས་བློའི་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ལ། རྗེས་སུ་ཁོང་ཕྱིར་བོད་དུ་ཕེབས་དུས་བཙུན་མོ་དང་བློན་ངན་སོགས་ཀྱི་གཡོ་ཇུས་ལས་ཀྱང་སྡུག་གང་མང་མྱངས། རྒྱལ་བོའི་ཐུགས་རྒྱ་ཆེ་བས་རྗེས་སུ་ལྐོག་ནས་རྒྱལ་རོང་ལ་འབྲོ་རུ་བཅུག་ཅིང་དེ་རུ་སྒྲུབ་ཕུག་ཀྱང་མང་ཟེར། ཁོང་གིས་བོད་ཀྱི་རིགས་གཞུང་ལ་བཞག་པའི་བྱས་རྗེས་ནི་དངོས་གནས་གཞལ་ཐབས་བྲལ་བ་ཞིག་ཡིན་རུང་། ཡིད་ཕངས་ལ་ཞིག་ལ་ད་ནི་ཕལ་ཆེར་ཁོང་གི་ཕ་ཡུལ་གྱི་མི་རྣམས་ཀྱིས་ཀྱང་ཁོང་གི་ཕྱག་རྗེས་བརྗེད་ཚར་ལ་ཉེ་སྟེ། ངེད་གཉིས་ཕྱི་ཉིན་སྔ་མོ་ནས་པ་གོར་སྡེ་བར་སོང་ནས་མི་མང་བོར་དྲིས་རུང་བཱེ་རོ་དགོན་པ་སྟོན་པ་ལས་བཱེ་རོ་ཙ་ན་ཟེར་བ་ནི་ཅི་ཡིན་འདི་ཡིན་ཤེས་ཀྱི་མི་འདུག་གོ། 
 

༢ ཐོན་ལུག་ར་བར་བསྐྱོད་པ།

     ཉིན་གསུམ་པའི་ཞོགས་པར་ངེད་གཉིས་ཀྱིས་པ་གོར་སྡེ་བར་སྐོར་བ་མང་ཙམ་བརྒྱབ་རྗེས། ཕྱིར་ཨ་མདོའི་ཟ་ཁང་ཞིག་ནས་ནངས་ཇ་འཐུང་ཞིང་ལྕགས་རྟ་དང་རས་གུར་སོགས་ཨ་མདོ་བླ་བྲང་གི་ཟ་ཁང་དེའི་སྦྱིན་བདག་མས་རྗེས་སུ་རླངས་འཁོར་ལ་བསྐུར་རྒྱུ་བྱས་ནས་ངེད་གཉིས་རྐང་ཐང་ལ་ཡོང་བ་ཡིན། (འདི་ནས་ངེད་གཉིས་ཀྱི་དགེ་ཡུམ་སྟེ་ཨ་མདོ་བླ་བྲང་གི་ཟ་ཁང་དེའི་སྦྱིན་བདག་མ་ལ་ཐུགས་རྗེ་ཆེ་ཞུ་དགོས་ཡོད།) སྙེ་མོ་ནས་མར་རྐང་ཐང་ལ་ཡོང་བའི་ལམ་འགྲམ་དུ་ཞིང་ཚིགས་མང་བོ་ཞིག་བརྒྱུད་དགོས། ཞིང་ས་གྲུ་བཞི་དེ་དག་ནི་གཙང་སྙེ་མོ་པ་དག་གིས་ལུང་པ་སྐྱ་བོ་དེ་ལ་གཡུའི་ཕྲ་རྒྱན་བཏབ་པ་ཡིན་ནམ། གང་ལྟར་དེའི་འཚོ་རྟེན་གཙོ་བོར་གྱུར་པའི་རོལ་ཞིང་དེ་དག་གིས་ལམ་གྱི་མཛེས་ལྗོངས་ཀྱི་ཕྱེད་ཀ་ཟིན་འདུག (སྙེ་མོ་ཟེར་བའི་ས་ཆ་འདི་གཙང་གི་ཁོང་གཏོགས་ཡིན་ཞེས་གྲྭ་བ་རྒན་པས་གསུངས།)  ལམ་བར་ཞིག་ནས་རྐང་གསུམ་ཞིག་གིས་སྤྱི་ལེ་འགར་ངེད་གཉིས་དྲུད་ཅིང་། དེ་ནས་ཡང་རྒྱ་སྦྱིན་བདག་ཅིག་གིས་ཅུང་ཙམ་བསྐྱལ་བས་དངོས་སུ་ཐོན་མདའ་གྲོང་ཚོར་ཐོན།  

     ངེད་གཉིས་ཀྱིས་ངལ་མ་གསོས་པར་ལུང་ནང་གི་ལམ་ཕྲན་དེར་ཞུགས། ལུང་བའི་མདའ་ནས་ཅུང་བསྐྱོད་ན་ཐོན་མིའི་གླིང་ཁ་ཟེར་བ་ཞིག་ལ་འཕྲད་མོད། དེ་རུ་ཐོན་མིའི་འབག་སྐུ་ཞིག་དང་ཆང་འཐུང་སའི་གླིང་ཀ་ཞིག་ལས་ཅིའང་མི་འདུག 
སྡེ་མི་ཚོས་བཤད་ན་ཐོན་ལུག་ར་བར་རྐང་པ་བརྒྱབ་ནས་སོང་ན་ས་རུབ་འགྲོ་ངེས་ཟེར། དེ་དུས་དག་དག་དུས་ཚོད་གཉིས་དང་ཕྱེད་ཀ་ཡོལ་བ་ཙམ་རེད། ངེད་གཉིས་རླངས་འཁོར་གྱི་གཞུང་ལམ་ཁུགས་སོ30ཡོད་པ་དེ་རྐང་ཐང་ལ་བརྒྱུད་ཅིང་ལ་ཁར་ཐོན་དུས་ལུག་རྫི་རྒད་པོ་གཉིས་ཀྱིས་རིམ་བཞིན་ལམ་སྟོན་མཛད། 


(མི་ཚོ་སྟུག་དེའི་རྒྱབ་ཀྱི་གནས་རི་ཁ་དབྲག་པ་ཀན་ནི་ཁ་སར་ཇོ་བོ་ཡིན་ནོ་ཟེར།)
   ངལ་མ་གསོས་པར་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་སོང་རྗེས་ད་གཟོད་ཐོན་ལུག་ར་བའམ་བསམ་འགྲུབ་སྒང་ཡོད་སའི་ལུང་བ་དེའི་ལུང་རྐེད་ཅིག་ལ་ཐོན།  ངེད་གཉིས་ཀྱིས་ཀུ་རེའི་ཚུལ་དུ་བཙན་པོ་སྲུང་བཙན་དུས་སུ་བྱིས་དུས་ཀྱི་ཐོན་མི་འཚོལ་མཁན་གྱི་ཕོ་ཉ་དེ་དག་འདིར་ཐོན་དུས་ཐང་ཆད་ནས་ཁོང་ཁྲོའང་ཁོལ་འདུག་ཟེར་བར་ཁག་ཅི་ཡོད་ཅེས་གད་མོ་བགད་པ་ཡིན། དེ་དུས་ཤུག་པ་འཐུ་བའི་མི་བཞི་ལ་འཕྲད་ཅིང་དེ་དག་གིས་ཨམ་སྐད་ཀྱང་གསལ་བོར་གོ་ཐུབ་ཀྱི་འདུག ཁོང་ཚོས་ངེད་གཉིས་ལ་ནས་ཆང་དང་ཁུ་ནག  ད་དུང་བག་སོབ་སོགས་ཀྱིས་མགྲོན་བྱས། 
 
      ཁོང་ཚོས་ད་དུང་ངེད་གཉིས་རིན་མེད་པར་ཕྱིར་ཐོན་མདའ་གྲོང་ལ་མོ་ཊས་བསྐྱལ་ཆོག་ཟེར། ཁོང་ཚོས་ཀྱང་འདི་རུ་ཐོན་མི་འཁྲུངས་ཤུལ་ཡིན་ཟེར་བའི་ངག་རྒྱུན་གྱི་གནས་ཤིག་ཡོད་མོད་དེའང་ངག་རྒྱུན་ཙམ་ཡིན་པས་མར་མ་སོང་ནའང་ཆོག་རེད་ཟེར། འོན་ཀྱང་ངེད་གཉིས་སྔར་བཞིན་མར་སྡེ་བའི་ནང་དུ་ཐེངས་ཤིག་འགྲོ་དགོས་ཞེས་བཤད།  ས་དེ་ནས་མར་སྡེ་བའི་ནང་ལའང་ལམ་ཐག་ཤིན་ཏུ་རིང་བོ་འདུག སྡེ་བ་དེ་ནི་ལུང་བའི་མདོའི་གྲོག་རོང་གི་ཁར་ཆགས་ཤིང་། ལུང་དཀྱིལ་ཡོངས་སུ་རོལ་ཞིང་ཡིན་འདུག སྡེ་བའི་བཀོད་པ་དང་ཆུ་འདྲེན་ལུགས་སོགས་མང་བོ་ཞིག་ནི་གནའ་བོའི་ཐབས་ཤེས་རྐྱང་རྐྱང་བཀོལ་འདུག  

      སྡེ་བའི་ལམ་ཁར་སྡོང་བོ་ཆེན་པོ་མང་བོ་འདུག་ལ། བྱ་བྱེའུའི་སྐད་སྙན་གྲག་ས་ཞིག་རེད། ལུང་དཀྱིལ་དུ་གནའ་དུས་ཀྱི་མིས་བཟོས་མཚེའུ་ཡིད་དུ་འོངས་པ་ཞིག་འདུག མར་སོང་ན་ཆུ་ནི་ལམ་འགྲམ་བརྒྱུད་དེ་འདྲེན་འདུག ལམ་ཀྱི་འོག་ནས་ཀྱང་འདྲེན་འདུག གང་ལྟར་ཆུ་དེ་ལམ་དང་མཉམ་དུ་སྡེ་བའི་ནང་ལ་དྲངས་འདུག་པས་ངས་རྒན་པ་ཚོས་བཤད་པའི་ཁང་སྒོ་ཆུ་བཞུར་སར་གཏད་ན་རྒྱུ་འཁོར་ཟེར་བའི་གཏམ་དེ་ཡིད་ལ་ཤར་བྱུང་།   

      སྡེ་བའི་སྔོན་ལ་ཐོན་དུས་ངེད་གཉིས་ཀྱི་དུས་ཚོད་ལྔ་དྲུག་ཙམ་གྱི་རྐང་ཐང་གི་ངལ་བ་ཡོད་ཚད་ཡོངས་སུ་ཡལ་སོང་། སྐབས་དེར་བསིལ་རླུང་གིས་སྤྲིན་པ་དེད་ནས་ཕྱི་དྲོའི་ཉི་འོད་ཀྱི་ཚ་གདུང་བཀག་བྱུང་ལ། ངེད་གཉིས་ཆུ་ཕྲན་དང་ལྷན་དུ་སྡེ་བའི་ནང་དུ་སོང་། ངས་གྲོགས་པོའི་མིག་མདངས་ལས་སྤྲོ་བའི་འོད་ཐིག་ཅིག་མཐོང་བྱུང་ལ་ངའི་མིག་མདངས་ལའང་འོད་ཀྱིས་ཁྱབ་ཡོད་པར་གདོད་མི་ཟ། ད་དངོས་གནས་ཐོན་ཟིན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཁྲུངས་གཞིས་འདིར་ཐོན་བྱུང་ཨང་།  སྡེ་བའི་ནང་ལ་ཐོན་དུས་ངེད་གཉིས་ཀྱི་སྔུན་ལ་རྒན་མོ་གཉིས་དང་བྱིས་པ་གསུམ་ལས་བུད་མ་བྱུང་ལ། རྒན་མོ་གཅིག་གིས་ངེད་གཉིས་ཁྲིད་ནས་ཐོན་མིའི་འཁྲུངས་ཤུལ་ཟེར་བ་དེ་བསྟན་བྱུང་། མོས་ཞིང་ཐེམ་རྙིང་རལ་ཞིག་སྟོན་ཞོར་ངག་རྒྱུན་ལ་ཐོན་མི་འཁྲུངས་ཤུལ་འདི་ཡིན་ཟེར། འོན་ཀྱང་མོ་ལའང་དེ་ལས་གཞན་ཐག་ཆོད་ཀྱི་གདེང་སྐད་ཅིག་བཤད་རྒྱུ་མི་འདུག ཡང་ན་ངེད་གཉིས་དེའི་སྐོར་ནས་གསལ་ཆ་ཆེན་པོ་ཡོད་མཁན་གྱི་རྒན་པོ་ཞིག་ལ་འཕྲད་མ་སོང་། རྒན་མོ་དེས་བསྟན་པའི་ཞིང་ཐེམ་དེ་དག་ནི་ལོ་རྒྱུས་ཐོག་གྲགས་པའི་དྲི་ཞིང་ཆེན་མོ་ཡིན་ངེས། ཞིང་ས་ཀན་ནི་བརྩེ་བས་ཁྱབ་པའི་ཞིང་ས་ཞིག་ཀྱང་རེད་ལ། ཞིང་ས་ཀན་ནས་ཕ་མ་ཟུང་ཞིག་གིས་རང་གི་བུ་ཕྲུག་རང་དང་མི་འབྲལ་བའི་ཆེད་དུ་ཉིན་མོར་ཞིང་ལས་བྱེད་དུས་གཅེས་པའི་བུ་དོང་དུ་སྦས་ཤིང་རྡོ་ལེབ་ཀྱིས་ཁ་བཀབ་པ་རེད། འོན་ཀྱང་ཁོང་གི་འཇོན་ཐང་དང་སྤོབས་པ་དེ་རྡོ་ལེབ་ཅིག་གིས་ནོན་པ་ཞིག་ག་ལ་ཡིན། ཁོང་གི་བློ་སྤོབས་དང་སྙིང་སྟོབས་དེ་རི་བོ་ཧི་མ་ལ་ཡས་ཀྱང་མ་ཁོག་པ་མ་ཡིན་ནམ། དེ་ལྟར་ལོ་ན་ཕྲ་བའི་བྱིས་པ་ཞིག་དོང་ནང་ནས་བུད་དེ་བཙན་པོའི་ཕོ་བྲང་ལ་འགྲོ་དགོས་བྱུང་། ཕ་ཀིའི་ཞིང་ཐེམ་ཀན་ན་ཕ་བུ་མ་བུའི་གྱེས་བྲལ་གྱི་མིག་ཆུ་ཡོད་ཤག འོན་ཀྱང་ཁོང་གི་འགན་འཁྲི་དང་འཇོན་ཐང་དེ་མིག་ཆུ་ཞིག་གིས་ཁོག་པ་ཞིག་ག་ལ་ཡིན། ཁོང་གི་ཆོད་སེམས་དང་དཔའ་ངར་དེ་ལེ་བུར་ཁྲི་ཁྲག་གི་དཀའ་ངལ་གྱིས་ཀྱང་མ་ཁོག་པ་རེད་ཡ།  
 
      བཙན་པོ་སྲོང་བཙན་གྱི་ཐུགས་བཀོད་འོག་སློབ་དཔོན་ཐོན་མི་ཁོང་རྒྱ་གར་ལ་ཕེབས་ཤིང་མཁས་པའི་རྩེར་སོན། ཡང་ཕྱིར་རང་ཡུལ་དུ་ལོག་ནས་བོད་ཡིག་སྲོལ་བཏོད་ཅིང་བསྟན་བཅོས་དོར་བརྩིགས། གལ་སྲིད་མི་རིགས་ཤིག་ལ་བླ་སྲོག་ཅིག་ཡོད་ན་དེ་ནི་སྐད་དང་ཡི་གེ་ཡིན་ངེས་ལ། བླ་སྲོག་དེ་སྩོལ་མཁན་ནི་སློབ་དཔོན་ཁོང་ཡིན་པས་བརྗེད་ག་ལ་རུང་། འོན་ཀྱང་ལུང་བ་འདི་རུ་ཐོན་མིའི་རྗེས་དྲན་ཁང་ལྟ་ཅི་ཐ་ན་རྡོ་རིང་ཞིག་ཀྱང་མེད་པ་ནི་ས་འདིའི་དཔལ་འབྱོར་ཞན་པས་ཡིན་ནམ་ས་འདིར་ལམ་མེད་པས་ཡིན། ཡང་ན་གནད་དོན་གཞན་ཞིག་ཡོད་པས་ཨེ་རེད། 

      གང་ལྟར་དགོང་ཕྱི་དྲོར་ཐོན་ཡོད་པས་ངེད་གཉིས་ཀྱིས་ཀྱང་ཕྱིར་འགྲོ་བའི་ཉེ་ལམ་ཞིག་འཚོལ་དགོས་བྱུང་བས་དེ་ལས་གཞན་གྱི་རྒན་པོ་ཤེས་རྒྱ་ཅན་ཞིག་འཚོལ་ཁོམ་ཀྱང་མ་བྱུང་། ད་ནི་རྗེས་ནས་ཡོང་ནའང་དེ་འདྲའི་རྒན་པོ་ཞིག་རྙེད་ཐུབ་པའི་ངེས་པ་མེད་དེ་སྡེ་བ་འདི་ལམ་མི་བཟང་བའི་རྐྱེན་གྱིས་ཅང་མ་འགོར་བར་མར་ཆུ་ཤུར་རྫོང་ལ་གནས་སྤོ་རྒྱུའི་སྲིད་ཇུས་ཐོན་འདུག་ཟེར། སྡེ་མི་དེ་ཚོས་བཤད་ན་སྡེ་བའི་ཚུར་ཀའི་ཉག་ཀ་དེ་ནས་མར་བབས་ན་ཐད་ཀར318རྒྱལ་ཁབ་གཞུང་ལམ་ལ་ཐུག་ཐུབ་ཟེར། ལམ་དེ་ནི་ངས་གོང་ནས་བཤད་པའི་རྐང་ཐང་གི་ཉེ་ལམ་དེ་རེད།  འོན་ཀྱང་ལམ་དེ་ནི་སྙེ་མོའི་ཡར་ཀླུང་གྲོག་རོང་གི་ངོས་ནས་ཕར་འཁྱོག་ཚུར་འཁྱོག་ཏུ་ཡོད།  ཀྱག་ཀྱོག་གྱི་གི་ལམ་དེ་བཏོད་མཁན་ནི་ཐོན་ལུག་ར་བའི་ཡབ་མེས་ཚོ་ཡིན་ངེས། ལམ་དེ་ནི་བྲག་བཤིག་ཅིང་ཕ་བོང་གཏོར་ནས་བཟོས་པ་ཞིག་རེད། དེ་ནས་མར་འབབ་པར་ཡང་ཕལ་ཆེར་དུས་ཚོད་གཅིག་གཉིས་ཙམ་དགོས་བྱུང་།  ཉག་ཁ་དེ་ནས་མར་བལྟས་ན་ཡར་ཀླུང་གཙང་བོ་ནི་གྲོག་རོང་གི་མཐིལ་ན་དྲག་ཤུགས་ཀྱིས་འབབ་ཀྱིན་འདུག ཁོ་བོས་དཀན་གཟར་གྱི་གྲོག་རོང་དང་གྲོག་རོང་གཤགས་པའི་ཡར་ཀླུང་གཙང་བོ་མཐོང་དུས་གློ་བུར་དུ་ཤོ་ལོ་ཀ་འདི་འདྲ་ཞིག་ཡིད་ལ་བབས་བྱུང་།
མེས་པོའི་བྱུང་རབས་གཙང་བོའི་རྒྱུན་ལ་འདྲེས།།
མཛད་པའི་ཕྱག་རྗེས་རྡོ་རྗེ་བྲག་ཏུ་གྲུབ།།
དུས་ཀྱི་རྦ་རླབས་རྒོད་པོའི་འགྱུར་ལྡོག་འོག །
རེས་འཕེལ་རེས་བཞིན་འགྲིབ་པ་ཆོས་ཉིད་དོ།།

(པར་འདི་ནི་ཉག་ཁ་དེ་ནས་མར་བལྟས་པའི་མཐོང་སྣང་ངོ་།།)
    ལམ་འདིའི་སྣེ་ནི་ཆུ་ཤུར་རྫོང་ནས་ཐོན་མདའ་གྲོང་གི་བར་གྱི་གཞུང་ལམ་སྟེ་ཐོན་མདའ་ལ་མ་ཐོན་པའི་སྤྱི་ལེ་བདུན་གྱི་མཚམས་ཀྱི་ཁྱིམ་ཚང་ཞིག་གི་ཁང་བའི་ལྟག་རྒྱབ་ནས་ཡར་འགོ་དགོས་འདུག གལ་སྲིད་གསར་བུ་ཚོ་བསམ་འགྲུབ་སྒང་ལ་འགྲོ་ན་ལམ་དེ་དེད་ཆོག་ཆོག་རེད། འོན་ཀྱང་གམ་ན་མཐོ་ས་ནས་འགྲོ་མི་ཐུབ་མཁན་ཡོད་ཚེ་ལམ་དེ་ལ་ཉེན་ཁ་ཆེ་བས་གཟབ་དགོས་སྙམ། འོ་རེད་ཡ། ལམ་དེ་དེད་ནས་ཡར་འགོ་ན་གཡོན་པའི་ཉག་ཁའི་གློག་སྡོང་མང་ས་དེར་གཟས་ནས་ལམ་དེད། མར་ཡོང་ན་ལམ་གང་ཞིག་ཞོལ་ན་ཡོད་ན་དེ་དེད་ཅིག  དེ་ནི་མ་ནོར་བའི་ལམ་མོ།། 

     དེ་ལྟར་ངེད་གཉིས་318གཞུང་ལམ་ལ་བབས་ཤིང་གཞུང་ལམ་དེ་དེད་ནས་སྤྱི་ལེ་བདུན་ཙམ་བསྐྱོད་རྗེས་སྣ་ལམ་དུ་སྤོས་དྲིས་ཁྱབ་སོང་བས་ས་རུབ་ཡོད་ཀྱང་ཐོན་མདའ་གྲོང་ལ་ཐོན་པ་ཤེས་ཐུབ། གོ་ཐོས་སུ་ས་ཆ་འདི་ནི་གཟིམ་སྤོས་རིག་གནས་ཀྱི་འབྱུང་ཁུངས་ཡིན་པར་བཤད་ལ། མིང་དུ་གྲགས་པའི་ཐོན་མིའི་སྤོས་མཆོག་ཀྱང་གནའ་དུས་སུ་སློབ་དཔོན་ཐོན་མིས་གསར་བཏོད་མཛད་ཅིང་ཕ་ཡུལ་གྱི་དཔལ་འབྱོར་རྒྱས་ཆེད་ལག་ཤེས་དེ་དར་སྤེལ་བྱས་པར་བཤད། ཕྱིར་ཐོན་མདའ་གྲོང་ཚོར་ཐོན་དུས་མཚན་གྱི་དུས་ཚོད་བཅུ་དང་ཕྱེད་ཀར་ཐོན་འདུག ཐོན་མདའ་གྲོང་ཚོ་རུ་མགྲོན་ཁང་གཅིག་ལས་མེད་ཅིང་ངེད་གཉིས་འཕྱི་དྲག་པས་མགྲོན་ཁང་དེའང་ཁ་གང་འདུག མགྲོན་ཁང་དེའི་གམ་ནས་ཟ་མ་སྟབས་བདེ་རེ་བཟའ་ཞོར་ཟ་ཁང་སྦྱིན་བདག་མར་ཁ་བརྡ་བྱས་པ་ཡིན། མོས་ངེད་གཉིས་ལྕགས་རྟ་བཞོན་པ་དང་རྐང་ཐང་ལ་ཡོང་བ་ཤེས་རྗེས་ངེད་གཉིས་ཀྱི་སྙིང་སྟོབས་ལ་རྨད་པ་བྱས་བྱུང་། མོ་ནི་རྒྱ་མོ་སེམས་བཟང་ལྷ་མོ་འདྲ་བ་ཞིག་རེད། མོས་སྦྱིན་བདག་ལ་ངེད་གཉིས་ཟ་ཁང་ནང་ཉལ་དུ་འཇུག་པའི་རེ་བ་བཏོན་མོད་སྦྱིན་བདག་གིས་ཟ་ཁང་དུ་ཡུལ་སྐོར་བའི་ཅ་ལག་རྩ་ཆེན་བཅོལ་ཡོད་པས་མི་རུང་ཟེར། མོས་ངེད་གཉིས་ལ་ཆུ་ཚ་དང་ངང་ལག་ཤིན་ཏུ་ཞིམ་པོ་མང་བོ་བྱིན་བྱུང་། 
      ངེད་གཉིས་ཀྱིས་རས་གུར་ཕྱིར་ལྷ་སར་བསྐུར་ཟིན་པས་ནུབ་མོ་དེར་དངུལ་ཁང་གི་རང་ལེན་དངུལ་སྟེགས་ཡོད་པའི་ཁང་བ་དེར་ཉལ་བའི་གྲ་སྒྲིག་བྱེད་དུས། དངུལ་ཁང་ཁ་གཏད་ཀྱི་ཟ་ཁང་ཆུང་བ་ཞིག་གི་སྦྱིན་བདག་མས་བོས་བྱུང་། མོས་ངེད་གཉིས་ལ་བོད་ཟས་ཁང་གང་ཞིག་གི་ལྟག་རྒྱབ་ན་ཁང་བ་གླ་རྒྱུ་འདུག་པས་དེར་སོང་ན་ལེགས་ཟེར། མོས་ལམ་བསྟན་པ་བཞིན་ཟ་ཁང་དེ་རྙེད་བྱུང་ལ་ཁང་བའང་ལོན་བྱུང་། མཚན་མོ་དེར་དེ་ལྟར་གཉིད་ཐབས་བྱས་པ་ཡིན། འོན་ཀྱང་ཕྱི་ཉིན་ཞོགས་པར་ང་རང་བ་ལང་གི་གྲག་སྒྲས་གཉིད་ལས་བསླངས། ང་ཡར་ལངས་ནས་རྭ་བའི་ཕྱིར་བུད་དུས་ད་གཟོད་ངེད་གཉིས་ཡོད་སའི་ཁང་བའི་ལྟག་རྒྱབ་ནི་བ་ལང་གི་ལྷས་ར་ཡིན་པ་ཤེས། ད་དུང་གཡས་ཀྱི་ཞིང་ཁ་རུ་རྒན་མོ་ཞིག་གིས་རྩྭ་ལུད་སྐྱེལ་སའི་སླེ་བོ་ཁུར་ནས་ཞིང་ཚིགས་བར་ན་བསྐྱོད་ཀྱིན་འདུག  ཞིང་གི་སྙེ་མ་དང་སྡོང་བོའི་ཡལ་ཀ རྭ་བའི་ནང་གི་བ་ལང་དང་རྟ་དྲེལ། ད་དུང་ཞིང་ཚིགས་དཀྱིལ་གྱི་བོད་ཆས་གྱོན་པའི་ཞིང་བ་དེ་ཚོས་ང་ལ་དལ་ལྷོད་ལྷོད་ཀྱི་ཚོར་བ་ཞིག་སྦྱིན་བྱུང་། ཚོར་བ་དེ་ནི་ཕལ་ཆེར་ཆུང་དུས་སུ་ཞོགས་པ་ཡར་ལངས་ཏེ་ལྷས་འདབས་ནས་ཨ་མར་བེའུ་སྐྱེད་པའི་སྐབས་ཀྱི་དལ་ལྷོད་ལྷོད་ཀྱི་ཚོར་བ་དེ་འདྲ་ཞིག་རེད། བེའུ་ནི་ཨ་མའི་ནུ་འོ་འཐུང་བར་ཤིན་ཏུ་བྲེལ་མོད། དེའི་སྐབས་ཀྱི་ཉི་འོད་ནི་དལ་བྲེལ་མེད་པར་རི་རྩེར་འཕྲོ་ཞིང་རི་རྟིང་ལ་ཕོག མཐའ་མར་ཁང་ཁྱིམ་དང་ལྷས་རྭ། ད་དུང་འབྲི་མོ་འཇོ་བཞིན་པའི་ཨ་མའི་གདོང་ལ་འཕྲོ་དུས། དེ་ལ་དལ་ལྷོད་ལྷོད་ཀྱི་མཛེས་པ་ཞིག་གིས་ཡོངས་སུ་ཁེངས་ཡོད། 

ཕྱིར་ལོག་པའི་ལམ་གྱི་གཏམ་རྒྱུད་རིང་མོ།


      ཞོགས་ཟས་སྟབས་བདེ་ཞིག་རོལ་རྗེས་ཕྱིར་ལྷ་སར་འགྲོ་བའི་མོ་ཊ་འགོག་མགོ་བརྩམས་པ་ཡིན། ཐོན་མདའ་གྲོང་ནསNissanརྟགས་ཅན་གྱི་མོ་ཊ་བསྐོར་བའི་བུ་མོ་གཞོན་ནུ་མ་གཉིས་དང་འཕྲད་མོད། དེ་གཉིས་ནི་མགྱོགས་ལམ་བརྒྱུད་ནས་ཐད་ཀར་ལྷ་སར་མི་འགྲོ་བར་ཆུ་ཤུར་ལ་འགྲོ་བས་ནང་དུ་མི་འཇོག་ཟེར། འོན་ཀྱང་སུས་ཀྱང་བློ་ཡུལ་ལ་ཤར་དཀའ་བ་ཞིག་ལ་བུ་མོ་འདི་གཉིས་ནི་ཐེངས་འདིའི་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་གཉིས་སུ་གྱུར་སོང་བ་དེ་རེད།  དེ་ལྟར་རླངས་འཁོར་མང་བོ་ཞིག་བཀག་མཐར་སྙེ་མོའི་གསར་བུ་ཞིག་གིས་མོ་ཊའི་ནང་ལ་བཞག  ཁོས་རླངས་འཁོར་བསྐོར་བ་ཤིན་ཏུ་མགྱོགས་པས་ངེད་གཉིས་ཀྱིས་བཀག་མྱོང་བའི་རླངས་འཁོར་མང་བོ་ཞིག་རྗེས་སུ་རྟི་ལི་བསྐྱུར་བསྐྱུར་བྱས། ལམ་མདོ་ཞིག་ནས་ཁོས་ཀྱང་ཁོ་རང་ལམ་འདི་ནས་གཞན་ལ་འགྲོ་དགོས་པས་ངེད་གཉིས་འབབ་དགོས་ཟེར། དེར་བབས་མ་ཐག་ཏུ་སྔོན་གྱི་བུ་མོ་གཞོན་ནུ་མ་གཉིས་ཀྱང་དེར་ཐོན་བྱུང་ལ། བུ་མོ་དེ་གཉིས་ཀྱིས་ཐེངས་གཉིས་ལ་འཕྲད་པས་ལས་དབང་རེད། ད་ནི་ནང་དུ་བུད་དང་ངེད་གཉིས་ཀྱང་ལྷ་སར་འགྲོ་དོན་ཞིག་ཡོད་སོང་ཟེར། 
     དངོས་གནས་ཨ་ཅག་དེས་བཤད་པ་བཞིན་ལས་དབང་ཞིག་ཡིན་སྲིད་ལ། སྟེས་དབང་ཞིག་ཡིན་ཀྱང་རུང་། གང་ལྟར་ངའི་གྲོགས་པོ་བཙན་མིག་དང་བུ་མོ་ཆེ་བ་སྟེ་བསྟན་འཛིན་དབང་མོ་ཟེར་བ་དེ་གཉིས་ཀྱི་སེམས་པ་ཁ་བརྡའི་ཀློང་ནས་ཇ་ཆུ་བཞིན་འདྲེས་བྱུང་། ཁོ་གཉིས་ན་ཚོད་ཀྱང་གཅིག་པ་ཡིན་འདུག  ཁོ་གཉིས་ཀྱིས་གཅིག་གིས་ཐོབ་ཐང་དཔང་ཡིག་བསྟན་ཅིང་གཅིག་གིས་རླངས་འཁོར་ལག་རྟགས་བསྟན་ནས་རང་གི་ལོ་ཚོད་རྫུན་མིན་པ་བདེན་དཔང་བྱས། དེ་ལྟར་ལོ་ན་ཉེར་བཞི་ཅན་གྱི་ན་གཞོན་གཉིས་འདི་ལྟར་རླངས་འཁོར་བྱ་འདྲ་བ་འདིའི་ནང་ནས་སེམས་པ་འདྲེས་སོང་། གཞུག་ན་བསྡད་ཡོད་པའི་བུ་མོ་དེས་མོ་རང་ལོ་ཉི་ཤུ་ཡིན་ཟེར། ངས་རང་ཉིད་ལོ་ཉེར་གཉིས་ཡིན་པས་འུ་གཉིས་མི་འཚམ་མོ་ཞེས་བཤད་པ་ཡིན། ཨ་ལ་ཀུ་རེ་ཡིན། གཞུག་གི་བུ་མོ་དེ་ནི་ཁ་གྲག་རྒྱུར་མི་དགའ་ལ་ང་རང་ཉིད་ཀྱང་སྐད་ཆ་ཉུང་བས་ངེད་གཉིས་བར་ལ་མཛེས་སྡུག་གི་གཏམ་རྒྱུད་གང་ཡང་མ་བྱུང་། ངས་མོ་ལ་ངང་ལག་ཅིག་བྱིན་ཞིང་མོས་ཀྱང་བཀའ་དྲིན་ཞུས་རྗེས་ངེད་གཉིས་ཀྱི་ཁ་བརྡ་ཕལ་ཆེར་མཇུག་རྫོགས། 
     དགོད་བྲོ་བ་ཞིག་ལ་ངའི་གྲོགས་པོ་བཙན་མིག་དང་ཨ་ཅག་བསྟན་འཛིན་དབང་མོ་གཉིས་ཀྱིས་ཕན་ཚུན་སྙིང་གཏམ་གློད་པ་ཟབ་དྲགས་པས་སྐད་འཕྲིན་འབྲེལ་རྒྱུའང་བརྗེད་སོང་། ཁོ་གཉིས་ཁ་བྲལ་རྗེས་ཅིས་ཀྱང་སོ་སོ་བཞིན་འགྱོད་པ་སྐྱེས་ཡོད་ངེས   “ད་ལྟ་གང་ལ་འགྲོ།”ཁོ་བོ་ན་རེ།

“ཕ་བོང་ཁར་འགྲོ།”གྲོགས་པོས།
                          2022.7.29ཉིན་བྲིས་ཚར།

                     རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease