འཁོར་བའི་ཐོག་མཐའ་བར་གསུམ།

    འགུ་ཟི་བཀྲ་ཤིས་ནོར་བུས་བརྩམས།


འཁོར་བའི་ཐོག་མཐའ་བར་གསུམ། 

 
                            འགུ་ཟི་བཀྲ་ཤིས་ནོར་བུས་བརྩམས། 

༡ གསོལ་འདེབས་ཀྱི་ཚིག
ཚོགས་གཉིས་ཆུ་གཏེར་སྙིང་བོར་ཡོངས་འཕགས་མི་འཇིགས་སྟོབས་བཅུའི་བང་རིམ་མཐོ་ལྡན་སྤངས་རྟོགས་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་འགྲོ་བའི་ཉི་མ་བཅོམ་ལྡན་འདས། །
འགོག་ལམ་བདེན་པའི་དཀྱིལ་འཁོར་རབ་རྫོགས་ངེས་ལེགས་ཆུ་ཤེལ་ནོར་བུའི་མེ་ལོང་ཞི་བསིལ་བདུད་རྩིའི་ཟེར་མས་རྣམ་སྒེག་ཡང་དག་དམ་ཆོས་ཟླ་བའི་སྒྲོན། །
ཉེས་ཚོགས་ར་རིའི་དྲི་མ་རྣམ་སྤང་བསླབ་གསུམ་འོད་ཀྱི་ཟེའུ་འབྲུའི་སྤུ་ལོང་རིག་གྲོལ་ཡོན་ཏན་ཕུང་བོར་འཁྱུད་པ་འཕགས་ཚོགས་རྒྱུ་སྐར་མེ་ཏོག་ཚོམ། །
དགེ་ལེགས་སྣང་བའི་མུ་ཁྱུད་གཡོ་ལྡན་དཀོན་མཆོག་ཉི་ཟླ་སྐར་གསུམ་འཛུམ་པས་གཏན་བདེའི་ལམ་བཟང་གསལ་དང་ལྷན་ཅིག་ཤིས་པའི་མེ་ཏོག་འཐོར་གྱུར་ཅིག ། 
 
རྣམ་པར་དག་པའི་ཉི་ཟླའི་དཀྱིལ་འཁོར་མུ་མེད་མཐའ་ཡས་མཁའ་དང་མཉམ།།
བརྩེ་བ་ཆེན་པོའི་ཐུགས་ཀྱི་འོད་ཟེར་སྐྱེ་འགྲོ་ཀུན་གྱི་རྒྱུད་དུ་སྨིན།།
ལྷུན་གྱིས་གྲུབ་པའི་འཕྲིན་གྱི་མཛད་པ་གཙང་བོའི་ཆབ་དང་རྒྱུན་གྱི་མཐའ།།
དེ་ལྟར་མངའ་བའི་ཐུགས་རྗེ་ཅན་དེ་ལྷ་བཅས་འགྲོ་བའི་མགོན་ལ་འདུད།།
 
སྒྱུ་མའི་རང་ཞལ་གཟུགས་སྐུའི་བཀོད་པ་དགའ་ལྡན་ལྷ་ཡི་ལྡིང་ཁང་དུ།།
བཞེས་ཏེ་ཐབས་ཀྱིས་དགོངས་ཟབ་བདུད་རྩི་དྲི་མེད་གཙང་ཆབ་གནས་འདིར་ཕབ།།
དག་པའི་ཡུལ་དང་དེ་ལྡོག་གནས་མིན་གདུལ་བྱའི་ཁམས་དབང་ཚིམས་བྱས་པའི།།
རྒྱལ་བའི་རྒྱལ་ཚབ་བྱམས་ཆེན་ཉི་མར་བདག་ཀྱང་རབ་ཏུ་གུས་པས་འདུད།།
 
༢ དམ་བཅའ་བའི་ངག
ཤེས་པའི་བློ་ཡིས་གཟུར་བོར་དཔྱད་དེ་རྣམ་དཔྱོད་རྩལ་གྱིས་དཀྲུགས་པའི་རྣམ་བཞག་ཅིག །
གཞུང་ལུགས་རྒྱ་མཚོའི་གཏིང་དང་འགྲོགས་ཏེ་རྣམ་དག་རིགས་པའི་ཆོས་ལ་རྟོན་པའི་ཚོགས།།
དུག་ཅན་སེམས་ཀྱི་རྒྱུན་ཐག་ཕྲ་རགས་སྔོན་དུ་མེད་པར་རྣམ་དག་སེམས་ཀྱི་སྨོན་པ་འདི།།
བདག་དང་བདག་གི་སྐལ་མཉམ་གྲོགས་ལ་ཕན་ཕྱིར་རང་རྒྱུད་འཇགས་པའི་ཆེད་དུ་འབྲི།།
 
༣ ཐོག་མའི་གླེང་སློང་། 
      དེ་ཡང་རང་ཅག་ཀུན་གྱི་སེམས་རྒྱུན་དེ་ལས་དང་ཉོན་མོངས་པའི་འཆིང་ཐག་གི་ཡོངས་སུ་བསྒྲོགས་ཤིང་། ཅི་དང་གང་ཞིག་བྱས་པའི་ལས་ཐམས་ཅད་ཀྱང་གཞན་དབང་ཁོ་ན་རུ་གྱུར་ཅིང་། ཇི་ཙམ་ཞིག་གི་སྔོན་དང་འདི་ཙམ་ཞིག་གི་བར་དུ་རང་ཅག་གི་སེམས་དེ་འཁྲུལ་བའི་བྱེད་པོ་ཞིག་གིས་ཁ་ལོ་བསྐོར་ཏེ། ཡོད་ཚད་ནས་ཡོད་ཚད་རང་ལ་མི་དབང་པས། བསམ་ཞིང་བསམ་ན་ཤ་ཚ་དགོས་པའི་རང་རྒྱུད་ཀྱི་ལུས་དང་སེམས་ཨང་།   འདི་ལྟར་ང་ཚོས་ཇི་མི་སྙམ་པའི་ཚུལ་གྱིས་བཞུར་ངེས་པའི་མི་ཚེ་ལ་བསམ་གཞིག་ཅིག་ཀྱང་དཀོན་པས་ཕངས་དགོས་པ་ཞིག་ཀྱང་མ་རེད་དམ།  ཡིན་ན་ཡང་ཡིད་སྐྱོ་ཞིང་ཞེ་ཁྲེལ་ཏེ་སྐྱོ་སྣང་རིང་ལུགས་ཀྱི་གཏམ་རྒྱུད་རྐྱང་པས་རང་རང་གི་ཚེ་མཇུག་ཏུ་ཟིན་དགོས་པའང་ག་ལ་ཡིན་ཏེ་མ་ངེས་སོ། ། ཆོས་ཐམས་ཅད་ནི་གཅིག་གྲོགས་གཅིག་ཁེན་གྱིས་ཚུལ་དུ་བྱུང་ཞིང་། གཅིག་ལ་གཅིག་བརྟེན་གྱིས་ཚུལ་དུ་འགག་དགོས་ཕྱིར། རྒྱུ་ཚོགས་གྲངས་ཚང་གི་འདུས་པ་མེད་ན།   གཅིག་ལ་གཅིག་བརྟེན་གྱི་འབྲས་བུ་མེད་པར་ཆོས་ཉིད་ཀྱིས་གྲུབ་པ་རེད་དོ། །དེ་བས་རང་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་དངོས་སམ་རྒྱུད་པའི་རྒྱུ་ཚོགས་ཀྱི་འདུས་པ་གང་དང་གང་ལ་དཔྱད་དེ་རྒྱུ་ཚོགས་ཀྱི་ཕུང་པོར་གཏོར་བཤིག་གི་འགག་རྩར་བསྙེག་པ་ནི་རྩ་བའི་གནད་དོ།།

༤ དཀྱུས་ཀྱི་དོན་ཚན།
      དེ་ལྟར་བསྙེགས་ཏེ་སོ་སོས་འཁོར་བའི་ཕྱི་མཐའ་འགྲིབ་པ་ནི་གཞན་སྡེ་གྲུབ་པའི་མཐར་སྨྲ་བ་ཁ་ཅིག་ལས་གཞན་པའི་རང་སྡེ་རྒྱ་བོད་ཀྱི་མཁས་པ་དག་གི་བཞེད་པ་གཅིག་ཏུ་སོང་ཡང་།  སྐྱེ་འགྲོ་ཡོངས་ཀྱི་ངན་སོང་གི་ལས་སྣེ་ལ་ཐོག་མཐའ་བརྙེད་པ་དང་མ་རྙེད་པ་ཅི་རིགས་ཡོད་པས། སྐབས་ཀྱི་གླེང་བར་བྱ་བའི་གཞིའང་འདིའོ། །འདི་ལ་འཕགས་བོད་ཀྱི་པཎ་གྲུབ་དག་གིས་བཞེད་སྲོལ་མང་དུ་མཆིས་ན་ཡང་ཕྱོགས་གསུམ་དུ་བསྡུས་ཏེ་བསྟན་པ་ལ། འཁོར་བའི་རང་བཞིན་མཐའ་ཡས་ཤིང་ནམ་མཁའ་ལྟར་ཟད་པ་མེད་པའི་ཕྱིར་མཐའ་མེད་དོ། །གསེར་གྱི་གཡའ་ལྟར་གཉེན་པོའི་ཕྱོགས་ཀྱིས་ཟད་པར་ནུས་པའི་ཕྱིར་མཐའ་ཡོད་དོ། །ཕྱོགས་གཉིས་སུ་ཚུགས་ཐུབ་ཀྱི་འཐེན་པ་མེད་པས་གཉིས་སུ་བརྗོད་པ་མེད་དོ། །ཞེས་པའི་དོན་ཚན་གསུམ་ལས་དང་པོ།
 
༥ མེད་མཐའི་དགག་སྒྲུབ། 
     སྔོན་གྱི་མཁས་པ་འགའ་ཞིག་ན་རེ།  གལ་ཏེ་འཁོར་བ་ལ་མཐའ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་དུ་འགྱུར་བ་དང་། འཁོར་བྱང་སེམས་མེད་པའི་ལོངས་སྐུ་ཡོད་པར་ཐལ་བས་འཁོར་བར་མཐའ་མེད་དུ་འདོད་དོ་ཞེས་དང་། སེམས་ཅན་ཐམས་ཅད་སངས་རྒྱ་ན་ཡང་སངས་རྒྱས་ཟིན་པའི་དུས་མི་སྲིད་དེ། མེ་ཏོག་ཐམས་ཅད་སྐྱེ་ཡང་སྐྱེས་ཟིན་པའི་དུས་མི་སྲིད་པ་བཞིན་ནོ་ཞེས་དང་། སེམས་ཅན་ཐམས་ཅད་སངས་རྒྱ་ན་ཡང་འཁོར་བ་ལ་མཐའ་མེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་ཏེ། སེམས་ཅན་གྲངས་མེད་ཡིན་པས་སོ་ཞེས་དང་། སྤྱིར་འཁོར་བ་ལ་མཐའ་མེད་ཀྱང་བྱེ་བྲག་འཁོར་བ་ལ་མཐའ་ཡོད་ཞེས་སོགས་འཁོར་བའི་མཐའ་མ་མེད་པར་སྒྲུབ་བྱེད་དང་བཅས་པས་འཆད་ཀྱང་མ་ངེས་ཏེ། ལུགས་དང་པོ་ལ་སངས་རྒྱས་ཀྱི་འཕྲིན་ལས་དང་ལོངས་སྐུ་ཡི་གདུལ་བྱ་དེ་གཞན་སེམས་ཅན་གྱི་དོན་དུ་ཡིན་ཞིང་རང་དོན་གྱི་ཆེད་དུ་མིན་པས། ཇི་སྲིད་སེམས་ཅན་གྱིས་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་འཕྲིན་ལས་དང་ལོངས་སྐུའི་འཁོར་དུ་བྱང་སེམས་ཀྱིས་བསྐོར་བ་ཡོད་པས་སྐབས་དེར་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པའི་སྐྱོན་དུ་མི་འཇུག་ལ། རྒྱུན་ཆད་མེད་པར་འདོད་པའི་དགོངས་པ་ཡང་ཇི་སྲིད་སེམས་ཅན་ཡོད་པ་དེ་སྲིད་དུ་དགོངས་ཀྱི་གཞན་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་སྐབས་དེར་སངས་རྒྱས་ཀྱི་འཕྲིན་ལས་དང་། ལོངས་སྐུ་ལ་གདུལ་བྱ་མེད་ཀྱང་སྐྱོན་མེད་དེ། གཞན་དོན་དུ་སྤྲུལ་པའི་མཛད་པ་མི་དགོས་པའི་ཕྱིར་རོ། །ལུགས་གཉིས་པ་ལ་སེམས་ཅན་གསར་སྐྱེས་སུ་འདོད་ན་འཐད་པར་མངོན་ཡང་གསར་དུ་འབྱུང་བའི་སེམས་ཅན་མི་བཞེད་པས་མི་འཐད་དོ། །ལུགས་གསུམ་པ་ནི། ད་སྔོན་སངས་རྒྱས་ཟིན་པའི་སངས་རྒྱས་རྣམ་ཆོས་ཅན། ཁྱོད་སངས་རྒྱས་ཟིན་པའི་དུས་མེད་པར་ཐལ། ཁྱོད་གྲངས་མེད་ཡིན་པའི་ཕྱིར། གསུམ་ཆར་ཁས། ལུགས་བཞི་བ་ལྟར་ན་ཡང་མི་འཐད་དེ། སྤྱི་ལ་མ་ལྟོས་པའི་བྱེ་བྲག་དང་བྱེ་བྲག་ལ་མ་ལྟོས་པའི་སྤྱི་ཞིག་ཡོད་པར་ཁས་བླངས་པའི་ཕྱིར་རོ། །འདི་རུ་སྒྲུབ་བྱེད་རྡུལ་ཙམ་མེད་ཅིང་གནོད་བྱེད་ཆར་ལྟར་བབས་ཀྱང་ཨུ་ཚུགས་ཀྱིས་རྔ་མར་འཇུས་ཏེ། ཁ་ནས་མི་ཤོད་ཅིང་ཁོག་ཏུ་མ་བདེ་ཡང་། འདིའི་དོན་ལ་མིག་བཙུམས་ཏེ་བསམ་བློ་ཞིག་ཐོངས་དང་སེམས་སུ་འཁོར་ཡོང་བ་ཞིག་འདུག་ཅེས་པའི་སྟོང་ལབ་དེ་དག་ད་ནས་བཟུང་མཚམས་འཇོག་གནང་རོགས་མཛོད། གཞན་ཡང་། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཞེས་དང་། རྒྱུད་བླ་མར།  རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། བཞི་བརྒྱ་པ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་དང་། རིགས་གཏེར་ལས། ས་བོན་ཐོག་མ་ཡོད་མིན་ཡང་། །མེར་བསྲེགས་པ་ན་ཕྱི་མཐའ་མཐོང་། །དེ་བཞིན་འཁོར་བ་ཐོག་མེད་ཀྱང་། །བདག་མེད་མཐོང་བས་ཕྱི་མཐའ་མཐོང་། །ཞེས་སོགས་གསུང་པ་བཞིན་དུ་འགྲོ་བ་འདི་དག་མ་ལུས་པ་ལ་རིགས་ཡོད་པའི་ཕྱིར་ན་འཁོར་བར་མཐའ་མེད་དུ་འདོད་པར་འགལ་བའི་ཕྱིར་རོ། །ལུང་གི་དོན་ཡང་འཁོར་བའི་མཐའ་མ་མེད་པར་འདོད་པ་ལ་གནོད་བྱེད་བླ་མེད་སྟོན་པ་ཡིན་ཡང་འཁོར་བར་མཐའ་ཡོད་དུ་བསྒྲུབ་པའི་སྒྲུབ་བྱེད་དུ་འཁྲུལ་བར་མི་བྱ་སྟེ་ལུང་དེས་སེམས་ཅན་གང་གིས་ལམ་སྒོམ་ན་གོམས་པ་མཐར་ཕྱིན་པའི་ཚེ། དེ་ཉིད་ཀྱི་འཁོར་བ་ལ་ཕྱི་མཐའ་ཡོད་ཅེས་པའི་དོན་ཡིན་གྱི། འཁོར་བ་ལ་མཐའ་མེད་པའི་དོན་ནི་མ་ཡིན་ནོ། །འདི་ནི་གནད་ཀྱི་དམ་པ་ཡིན་ཏེ། འདི་ཉིད་ངོས་ཟིན་མིན་གྱི་སྒོ་ནས་གཞུང་ལུགས་གནད་ཀྱི་ལམ་ཆེན་དཀྱོག་ཉེན་ཆེ་བས་གཟབ་པར་འཚལ་ལོ། །
འཁོར་བར་མཐའ་མེད་བསྒྲུབ་པའི་སྒྲུབ་བྱེད་དེ།།
མཐའ་མ་རང་མཚང་སྟོན་པའི་རྒྱུ་རུ་སོང་།།
རྣམ་དཔྱོད་བློ་གྲོས་མངའ་བའི་མཁྱེན་ལྡན་ཚོགས།།
ཐུགས་ཐག་ལེགས་བཞེས་གནང་སྟེ་འཆད་པར་རེ།།
ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

༦ ཡོད་མཐའི་བསམ་བློ། 
    ཡང་ཁ་ཅིག་ན་རེ། གང་གཉེན་པོའི་ཆོས་དང་ཕྲད་པ་ན་འབྲིད་བའི་ཆོས་ཅན་དུ་སྣང་བ་དེ་ནི། གཉེན་པོའི་ཕྱོགས་ཤུན་ཏུ་འཕེལ་བ་ན་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྟོབས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ཏེ།  འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་སོགས་ལུང་རིགས་གཉིས་ཀྱིས་བསྒྲུབ་པར་སྣང་ན་ཡང་། ལུང་གི་དོན་ནི་སྔར་བཤད་ཟིན་ཡང་དེ་ཉིད་མེད་མཐའ་འདོད་པའི་ལུགས་ལ་གནོད་བྱེད་དུ་སོང་བ་ལས་ཡོད་མཐའ་བསྒྲུབ་པའི་སྒྲུབ་བྱེད་དུ་རློམ་པ་ནི། འོད་སྣང་མུན་པ་བསལ་བའི་དོན་དུ་མ་གོ་བར་རང་ཉིད་གསལ་བའི་ཆེད་དུ་སྒྲོན་པར་འདོད་པ་དང་གཉིས་སུ་མེད། མདོར་བསྡུས་ན་འཁོར་བར་མཐའ་མ་ཡོད་པའི་སྒྲུབ་བྱེད་མཐར་ཐུག་པ་ནི། སེམས་རྒྱུད་ཀྱི་དྲི་མ་རྣམས་གློ་བུར་བ་ཡིན་པའི་རྒྱུ་མཚན་དང་། སེམས་ཀྱི་རང་བཞིན་དེ་འོད་གསལ་བ་ཡིན་པའི་གནད་ཀྱིས་འཁོར་བའི་མཐའ་མར་བསྒྲུབ་པར་འདོད་ཀྱང་མ་ངེས་ཏེ།  དེ་ནི་ས་བོན་རྟགས་སུ་བཀོད་ནས་མྱུ་གུ་སྐྱེ་ངེས་སུ་བསྒྲུབ་པ་བཞིན་དུ་འབྱུང་རུང་འབྱུང་ངེས་སུ་འཁྲུལ་བའི་ཕྱིར་ཏེ། རྐྱེན་སངས་རྒྱས་ཀྱི་འཕྲིན་ལས་འབྱུང་དུ་རུང་། འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བ་ཡིན་པ་ལས་སྤང་ངེས་དང་འབྱུང་ངེས་མིན་པའི་ཕྱིར་རོ། །དོན་འདི་ལ་དགོངས་ཏེ། མདོ་སྡུད་པར། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་དང་བཟང་སྤྱོད་ལས། ནམ་མཁའི་མཐས་གཏུགས་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་ཏེ། སེམས་ཅན་ཚད་མེད་པ་དང་མཐའ་ཡས་པའི་ཕྱིར། དེ་དག་སངས་རྒྱས་ཟིན་པའི་དུས་ཡོད་པ་དང་འཁོར་བ་ལ་མཐའ་ཡོད་དུ་འདོད་པའི་རྒོལ་བ་ལ་གནོད་བྱེད་བླ་ན་མེད་པར་སོང་ཞིང་། གོང་སྨྲོས་ཚིག་གི་ཁྱད་པར་བཞིན་དུ་འཁོར་བར་མཐའ་མེད་དུ་བསྒྲུབ་པའི་སྒྲུབ་བྱེད་དུ་འཁྲུལ་བར་མི་བྱའོ།།

༧ མིན་པའི་སྙིང་སྟོབས། 
      འདི་ལྟར་མྱི་ལོ་བརྒྱ་ཕྲག་ཁ་ཤས་སུ་དཀའ་སྡུག་གི་རྔུལ་ཆུ་བཞུར་མྱོང་བའི་གང་ཟག་གོང་དེས་འཁོར་བ་ཞེས་བྱ་བའི་ཚིག་གི་སྣེ་མོ་དེ་ཟིན་ལ་ཟིན་མེད་པའི་རྣམ་བཞག་ཕྲ་རགས་ཀུན་པོ་དེར་རང་རྒྱུད་དུ་ལྡན་པའི་རྣམ་དཔྱོད་ཁབ་མིག་ཙམ་འདིས་ཅུང་ཟད་དཔྱད་དེ་ད་ནི་དེ་ཙམ་ཞིག་གིས་སྤྲོས་པའི་བློ་ཚོད་དུ་བཟུང་སྟེ།  རེ་ཞིག་འཁོར་བའི་ཐང་ཆེན་དེ་བསྒྲུབ་ཕྱོགས་སུ་བསྟན་ནས་རང་ལུགས་ཇི་ལྟར་ཡིན་པའི་ངོས་འཛིན་བྱེད་པ་ལ་རང་ཉིད་ན་རེ།  འཁོར་བར་མཐའ་མེད་ཅེས་མི་བརྗོད་ལ། མཐའ་ཡོད་ཅེས་ཀྱང་མི་བརྗོད་དོ། །གང་ཞེ་ན། རང་ཅག་རྣམས་ནི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ཐོས་སོགས་ཀྱིས་འཇུག་ཅིང་རིག་སྨྲ་བའི་ཁོངས་སུ་གཏོགས་ཕྱིར། ཡིན་མིན་གྱིས་ཁ་ཚོན་བཅད་པ་ཐམས་ཅད་ཀྱང་ལུང་རིགས་ཀྱི་ཉི་ཟླའི་དཀྱིལ་འཁོར་ལས་འདའ་མི་ཕོད་པས་སམ། ཡང་ན་ཡོད་མཐའ་ཡིན་ཞེས་པའི་དམ་བཅའི་ཚིག་ཙམ་ཞིག་གིས་བློ་ཡིད་ཚིམས་ཤིང་ཨུ་ཚུགས་ཀྱིས་བདེན་པ་སྐྱོང་བ་ལ་མ་མཁས་པས་ཡིན། དེ་ཡང་གང་ཞེ་ན། གལ་ཏེ་མཐའ་ཡོད་ཡིན་ན་ཡིན་པའི་སྒྲུབ་བྱེད་དང་།  མཐའ་ཡོད་མིན་ན་མིན་པའི་རྒྱུ་མཚན་དགོས་པས། འདི་གཉིས་གང་གི་ཕྱོགས་སུ་སོང་ཡང་སྒྲུབ་བྱེད་མེད་ཅིང་གནོད་བྱེད་འབའ་ཞིག་དང་ལྡན་ཕྱིར་གང་དུ་ཡང་བརྗོད་པར་མི་བྱའོ།། དོན་འདི་ལ་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་བ་ལ་མཐའ་ཡོད་མེད་དྲིས་ན་ལན་མི་གདབ་པའི་གནད་ཀྱང་འདི་ཉིད་དོ། །གཞན་ཡང་ལེགས་པར་དཔྱོད་པའི་བློ་གྲོས་ཀྱིས་གསུང་རབ་ཀྱི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ཞིང་། སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པའི་ཡོན་ཏན་གྱི་རྒྱན་གྱིས་མཛེས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དགོངས་པ་ཡང་རྨ་མེད་པར་ཡིན་ཏེ། སྤྱི་མཚན་ལ་མཐའ་མེད་ཀྱི་གྲུབ་མཐའ་སྐྱང་བདེ་བར་བཞེད་པ་ལྟར་ཁས་བླང་ལ། འོན་ཀྱང་མཐའ་ཡོད་ལ་ལན་མི་གདབ་པ་བཞིན་དུ་མཐའ་མེད་ལ་ཡང་གསུངས་པས་དེ་ནི་སྒྲུབ་བྱེད་དུ་ཡང་མི་ཆེའོ་ཞེས་སོགས་མང་དུ་གསུངས་ཀྱང་ཡིག་ཚོགས་མངས་སུ་དོགས་པས་འདིར་མ་བྲིས་སོ། །
སྟོན་མཆོག་ཐུབ་པའི་དགོངས་པ་ཇི་བཞིན་དང་།།
བསྟན་འཛིན་སྐྱེས་ཆེན་གོང་མས་བཞེད་པ་ལྟར།།
ལེགས་པར་ཕྱེས་ཏེ་བསྟན་པའི་ཡིག་ཚོགས་འདི།།
ལེགས་བཤད་མིན་ཡང་ཉེས་བཤད་མིན་པར་ངེས།།
ཞེས་པ་འདི་ཡང་ངལ་གསོ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
 
༨ བསྔོ་བས་མཐར་རྒྱན། 
འདི་ལྟར་བྲིས་པའི་རྣམ་དཀར་དགེ་བའི་ཚོགས།།
ལས་དང་ཉོན་མོངས་བཟི་བའི་འགྲོ་བ་ཀུན།།
མཐར་ཐུག་གཏན་གྱི་བདེ་བ་འཐོབ་ཕྱིར་དུ།།
གཏོང་སེམས་ཁྱད་པར་འདི་ཡིས་ཁྱེད་ལ་སྦྱིན།།
 
ལྷ་བཅས་འགྲོ་བ་ཀུན་གྱི་སྐྱབས་གཅིག་པའི།།
ཕུན་ཚོགས་མཛད་པ་སྟོང་གི་འཕྲིན་ལས་ཀྱིས།།
དུག་བཅས་འཁོར་བའི་ལས་ལམ་རྒྱུན་བཅད་ནས།།
བདེ་ཆེན་ཐར་བའི་དཔལ་ལ་འགོད་གྱུར་ཅིག །
ཅེས་པ་འདི་ནི་འགུ་ཟི་བཀྲ་ཤིས་ནོར་བུས་བོད་རྒྱལ་ལོ༢༡༤༧ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མཚམས་གནས་སུ་བྲིས་ཤིང་ལོ་མཇུག་ཏུ་ཕར་ཕྱིན་རྒྱུགས་རྩོམ་དུ་ཕུལ་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དར་རྒྱས་སུ་བྱེད་ནུས་པར་གྱུར་ཅིག  དགེའོ།། དགེའོ།། །།
                             རྩོམ་སྒྲིག་པ། མྱི་གསར་བ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease