ང་ཕ་སྐད་མ་ཡིག་གསོད་པའི་ལག་དམར་དུ་འགྱུར་མི་ཕོད།

    རྩོམ་པ་པོ། སྨན།


ང་ཕ་སྐད་མ་ཡིག་གསོད་པའི་ལག་དམར་དུ་འགྱུར་མི་ཕོད།
 

                                རྩོམ་པ་པོ།  སྨན། 



    ནམ་རྒྱུན་བདག་ལ་བར་ཐག་ཉེ་བའི་མི་མང་པོ་ཞིག་གིས་ཁྱོད་རྒྱ་ཡིག་གི་ཆུ་ཚད་དེ་ཙམ་ཡག་པོ་ཡོད་བཞིན་དུ་ཁྱོས་རྒྱ་ཡིག་བེད་སྤྱོད་མི་བཟོ་ག་རེ་ཡིན་ནམ་”“ཁྱོའི་གྲོགས་སྐོར་དང་སྒེར་མོལ་སོགས་སུ་བོད་ཡིག་ལས་ཡིག་རིགས་གཞན་པ་ཅུང་ཟད་ཀྱང་མཐོང་རྒྱུ་མི་འདུག་པས་ཅི་ཡིན་ནམ་ལྟ་བུ་མི་རིགས་ཀྱི་འཆི་གསོན་དང་འབྲེལ་བའི་འདྲི་ཚིག་རེ་དྲིས་དང་འདྲི་འོང་གི་འདུག་ལ།  འདྲི་མཁན་མི་གཅིག་ཀྱང་དྲི་རྒྱུ་གཅིག་པའི་དྲི་བ་དེ་ཚོར་ངས་ནི་བརྒྱ་ཁ་གཅིག་ཆོད་ཀྱིས་ང་ཕ་སྐད་མ་ཡིག་གསོད་པའི་ལག་དམར་ལ་འགྱུར་མི་ཕོད་པས་ཡིན་ཟེར་བའི་ལན་རེ་བཏབ་དང་འདེབས་ཀྱིན་ཡོད།

      དངོས་གནས་འདི་ལྟར་རང་སྟེ།  གཟུགས་ཅན་(物质文化)དང་གཟུགས་མེད་རིག་གནས་(非物质文化)སྣེ་མང་གི་འགྲན་རྩོད་ཚ་རླབས་མཆེད་པའི་དེང་གི་ཆར།  རྒྱལ་ཁབ་(ཁམས་)དང་མི་རིགས་སོ་སོའི་སྐྱ་སེར་ཕོ་མོ་རྒན་གཞོན་དར་མའི་ཁྲོད་ནས་“ཕ་སྐད་ཉམས་ན་མི་རིགས་འཆི་”ལྟ་བུ་དང་།  “ཕ་སྐད་ནི་མི་རིགས་ཀྱི་བླ་སྲོག་ཡིན་”ལྟ་བུས་མཚོན་ཡིད་གཏིང་ནས་རངས་ཤིང་།  སེམས་གདིང་ནས་མགུ་བའི་ཁ་གཡང་གང་མང་འཐེན་བཞིན་ཡོད་ལ།  ཁ་གཡང་དེ་ཚོ་བར་ཆད་ལམ་སེལ་ཡོང་བ་དང་བསམ་པ་ལྷུན་གྲུབ་འོང་བ་ལ།  འགལ་རྐྱེན་བར་ཆད་རྩོམ་མཁན་གྱི་ལག་དམར་ནི་ནམ་ཡང་ཁ་ཕྱི་འཁོར་གྱི་ཕས་ཀྱི་འདྲེ་ཚོགས་ནང་ན་ཡོད་པ་ལས།  ཤར་གྱི་ཀླ་ཀློའི་ནང་དུ་ཡོད་པ་ལས།  གནག་པོ་དགྲ་སྡེའི་ནང་དུ་ཡོད་པ་ལས།  ཁ་ནང་འཁོར་གྱི་འཛུམ་གྱི་ལེར་ཅན་གྱི་ཕུ་ནུའི་ནང་ལ་ཡོད་མི་སྲིད་ལ།  དགོད་ཤར་རེར་ཅན་གྱི་གཉེན་ཉེའི་ནང་ལ་ཡོད་མི་སྲིད་ལ།  སྤྲོ་སངས་སེར་ཅན་གྱི་གྲོགས་མཛའི་ནང་དུ་ཡོད་མི་སྲིད་ལ།  ཐ་ན་“འཇིག་རྟེན་ན་སུས་ཀྱང་ཚབ་མཚོན་མི་ཐུབ་པའི་གཅིག་ལས་གཞན་མེད་ཀྱི་རིན་པོ་ཆེ་”རང་ཉིད་ཀྱང་ལག་དམར་གྱི་ཁྲོད་དང་གྲས་སུ་དུས་གསུམ་ཀུན་ཏུ་ཡོད་མི་སྲིད་བསམས་ཤིང་སྨྲས་ལ་བསྒྲུབས་ཀྱི་ཡོད། 

     སྤྱིར་ན་མི་རིགས་འཆི་གསོན་གྱི་རྩ་བ།  ཆོས་རིག་སྐྱེ་འཆི་ཡི་གཞི་མ་སྟེ་རྒྱལ་ཁབ་དང་མི་རིགས་སོ་སོའི་བདེ་དགེ་ལེགས་པའི་དཔལ་ཡོན་ཕ་སྐད་མ་ཡིག་རྩ་བ་གཅོད།  རྩེ་མོ་གཏུབ།  ཡན་ལག་འབྲེག  ཉིང་ལག་འཐག་པར་བྱེད་མཁན་ཀུན་གསལ་ཡོངས་གྲགས་ཀྱི་ལག་དམར་དེ་ཚོ་དགྲ་གནག་པོ་དང་བགེགས་དམར་པོའི་ཁྲོད་ན་ཡོད་པ་བདེན་དུ་མཆི་ནའང་།  གནའ་མིའི་ལེགས་བཤད་ཅིག་ཏུ་གཞན་ངོར་གཡག་འགྲོ་བ་མཐོང་ཡང་།  རང་ངོར་ཤིག་འགྲོ་བ་མི་རིག་ཅེས་པ་ལྟར།  “གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་མེད་སོང་བའི་རྐྱེན་གྱིས་རེད་མ་གཏོགས།  མི་རིག་མི་གོ་ས་ནས།  མི་གསལ་མི་གྲགས་ས་ནས།  མི་མཐོང་མི་ཐོས་ས་ནས་རང་གི་ཁོ་ར་ཁོར་ཡུག  རང་གི་ཁ་ཉེ་ཐག་ཉེ་ན་ལག་དམར་ཧ་ལས་མང་དུ་ཡོད་པ་ཡིན།  ཐ་ན་སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་ཡིན་པར་རློམ་པའི་རང་ཉིད་ཀྱང་ལག་དམར་དེ་དག་གི་ཁྲོད་དུ་ཐེ་ནས་ཡོད་ལ།  གྲས་སུ་གཏོགས་ནས་ཡོད།

     ཇི་ལྟར་ཞེ་ན།  གནག་པོ་དགྲ་སྡེའི་ལག་དམར་དེ་ཚོས་ནི་ཕ་སྐད་མ་ཡིག་བཙན་པོའི་ཁྲིམས་ཀྱིས་རློག  འཇིགས་པོའི་ལས་ཀྱིས་གཏོར།  གཏུམ་པོའི་ཐབས་ཀྱིས་འཇོམས་ཀྱི་ཡོད་ལ།  གློ་དཀར་གཉེན་སྡེའི་ལག་དམར་དེ་ཚོས་ནི་ཕ་སྐད་མ་ཡིག་རྨོངས་པས་གསོད།  གཡམ་རྒྱུག་གིས་སྤོང་།  ལར་ཞེན་མེད་པས་གཏུབ་ཀྱི་ཡོད་པས་མངོན་དང་ལྐོག་གི་ཁྱད་པར།  གསལ་དང་སྦས་པའི་དབྱེ་བ་ཙམ་ལས་དོན་དུ་མི་རིགས་ཀྱི་བླ་ཚེ་སྲོག་གསུམ་ཡིན་པའི་ཕ་སྐད་མ་ཡིག་འཇོམས་རློག་གསོད་པའི་ལག་དམར་ཡིན་པ་གཅིག་མཚུངས་རང་རེད།

     དེའང་འདི་ལྟ་སྟེ།  རང་རང་སོ་སོས་རང་ས་རང་ཡུལ་ལས།  རང་རེའི་རིགས་རུས་གཅིག་པའི་མིང་སྲིང་རྣམས་ལའང་ཉིན་རེའི་འཚོ་བའི་ཁྲོད་ནས་ཕ་སྐད་མ་ཡིག་བེད་སྤྱོད་མི་གཏོང་བར་གཞན་སྐད་ཡིག་རྐྱང་རྐྱང་བཀོལ་སྤྱོད་བྱེད་པ་འདི།  ཀླད་པའི་རྒྱ་ཁྱོན་ཆུང་ངུས་རྨོངས་ཀྱིན་བལྟས་ཚོད་ལ།  གཞན་རིགས་ཀྱི་རྗེས་སུ་ཆོད།  རང་རིགས་ཀྱི་སྔུན་དུ་ཐོན་ཡོད་མདོག་གིས་རྨོངས་ཤིང་ཁེངས་ལ་དྲེགས་ཤིང་འཐོམ་མོད།  ཡིན་ནའང་།  ལར་ཞེན་དང་ཆགས་སྡང་གིས་མིན་པར་བདེན་པ་བདེན་ཐུབ་དང་དྲང་པོ་དྲང་བཞག་གིས་ལབ་ན།  དེ་ཚོས་ནི་བསམས་གཟས་ནས་ཕ་སྐད་མ་ཡིག་བསད་བཞག་པ་རེད།  ཚད་བཙུགས་ནས་ཕ་སྐད་མ་ཡིག་བརླག་བཞག་པ་རེད། 

      འདི་ལྟར་བསམ་པར་བྱ་སྟེ།  རང་རང་སོ་སོས་ཕ་ས་ཕ་ཡུལ་ནས་ཤ་ཉེ་རུས་འབྲེལ་གྱི་ཕུ་ནུ་ཕན་ཚུན་བར་དུ་ཞོགས་ཉིན་དགོང་གསུམ་ལ་ཅིས་ཀྱང་འབྲེལ་འདྲིས་རེ་བཟོ་ངེས་ཅན་ཡིན་པ་ལ།  འབྲེལ་འདྲིས་དེའང་སྐད་དང་ཡི་གེས་བཟོ་ཏན་ཏན་ཡིན་པས་ན།  གལ་ཏེ་རང་རང་གིས་མིང་སྲིང་ཕན་ཚུན་བར་དུ་གཞན་སྐད་ཡིག་གིས་འབྲེལ་འདྲིས་བཟོས་པ་ཡིན་ན།  དེས་བཀོལ་སྤྱོད་བཟོ་ཤག་ཤག་གི་ཕ་སྐད་མ་ཡིག་དེ་བེད་སྤྱོད་མ་བྱས་ཤིང་བེད་སྤྱོད་བཟོ་བའི་གོ་སྐབས་བཅོམ་བརླག་གཏོར་གསུམ་བྱས་བཞག་པ་རེད།  ཕ་སྐད་མ་ཡིག་བེད་སྤྱོད་བཟོ་ངེས་ཅན་ཡིན་པ་དེ་བསམས་བཞིན་དུ་མ་བཟོས་ནས་གཞན་སྐད་ཡིག་བཀོལ་སྤྱོད་བྱས་བཞག་པ་དེས་ཕ་སྐད་མ་ཡིག་བསད་བཞག་པ་མིན་ན་ཅི་ཡིན།  ཕ་སྐད་མ་ཡིག་བརླག་བཞག་པ་མིན་ན་གང་ཡིན།  མ་གཞི་མས་ཕ་སྐད་མ་ཡིག་བསད།  གཏོར།  བརླག  བཅོམ།  བཤིག  སྤངས་ཟེར་བ་རྣམས་ཀྱང་དངོས་སུ་སེམས་ཅན་གྱི་སྙིང་དམར་ཙ་རེར་བཏོན་བཞག་པ་ལྟ་བུ།  འགྲོ་བ་ཡི་ཚེ་ནག་ཐོམ་མེར་བཅད་བཞག་པ་ལྟ་བུ་ཞིག་མ་ཡིན་པར་འདི་འདྲའི་ཕ་སྐད་མ་ཡིག་བཀོལ་སྤྱོད་བཟོ་ཤག་ཤག་ཡིན་པ།  བཟོ་ཁྲིགས་ཁྲིགས་ཡིན་པ།  བཟོ་ཏན་ཏན་ཡིན་པ་རྣམས་མི་བཟོ་བར་བསམས་གཟས་ནས་གཞན་སྐད་ཡིག་བེད་སྤྱོད་བཟོ་བ་དང་བསམས་བཞིན་དུ་གཞན་སྐད་ཡིག་བཀོལ་སྤྱོད་བཟོ་བ་དེ་ཁོ་ན་རེད།  

     དེ་བས་ན། “རང་སྐད་ཡིག་སྲོག་དང་། “གཞན་སྐད་ཡིག་རྒྱན་ཡིན་པར་ངེས་པའི་གཞི་རྩའི་ལར་ཞེན་གྱིས།  གཞན་རིགས་ལ་གཞན་སྐད་ཡིག་བཀོལ་སྤྱོད་བཟོ་འོས་པའི་རྩ་བའི་དམིགས་འདུན་གྱིས།  རིགས་རུས་དང་ལས་དབང་གཅིག་པའི་མིང་སྲིང་ནང་ཕན་ཚུན་བར་དུ་ཕ་སྐད་མ་ཡིག་ཅིས་ཀྱང་བཀོལ་སྤྱོད་བཟོ་དགོས་པའི་རྩ་དོན་གྱི་དམ་བཅའ་ཡིས་ཁོ་བོ་ནི་དུས་གསུམ་ཀུན་ཏུ་བོད་ཕ་སྐད་མ་ཡིག་འབྲུ་མ་རེ་རེའང་ཇེ་མང་ཇེ་རྒྱས་གཏོང་ཐབས་ལ་འབད་འབད་འབུངས་འབུངས་བྱས་དང་བྱེད་ཀྱིན་པ་ལས་ནམ་ཡང་ཕ་སྐད་མ་ཡིག་གསོད་པའི་ལག་དམར་དུ་འགྱུར་མི་ཕོད་དོ། །ཁོ་བོ་ནི་སྒོ་གསུམ་ཀུན་གྱིས་བོད་ཕ་སྐད་མ་ཡིག་རྡོག་མ་རེ་རེའང་ཇེ་མོད་ཇེ་དར་སྤེལ་ཐབས་ལ་ཧུར་ཐག་རྦད་ཐག་བཟོས་དང་བཟོ་བཞིན་པ་ལས་གཏན་དུའང་་ཕ་སྐད་མ་ཡིག་གསོད་པའི་ལག་དམར་དུ་འགྱུར་མི་ཕོད་དོ། 
                                              རྩོམ་སྒྲིག་པ། གུ་དཔལ་ཤིས།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།