བདག་གི་སྙན་ངག་གི་ལྟ་ཚུལ།

    རྩོམ་པ་པོ། ཚུལ་ཁྲིམས་ནོར་བུ།


བདག་གི་སྙན་ངག་གི་ལྟ་ཚུལ།
 

         
          ཤར་རྫ་བ་ཚུལ་ཁྲིམས་ནོར་བུ། 

                  སེམས་ཀྱི་ཐོག་མ་སྣང་བའི་སྟེང་ནས་འཚོས། །
                  སྣང་བའི་མཐའ་མ་སེམས་ཀྱི་ཀློང་དུ་བསྟིམས། །
                  སྣང་སེམས་གཅིག་ཏུ་འདྲེས་པའི་སྙན་ངག་པས། །
                  བརྗོད་བྲལ་ཚོར་བ་གཉུག་མའི་གཤིས་ནས་མཇལ། །
  
༡ ཡུལ་གྱི་སྣང་བ་དང་སྙན་ངག་པའི་སེམས་གཤིས།

   དབུ་དཀར་གྱི་ཉག་མ་རེ་རེ་འཁོར་བའི་གྲོང་ན་ཟེགས་ཤིང་། སྤྱན་མིག་གི་མཆི་ཐིགས་ཕྲ་མོས་རེ་བའི་ལྗང་མྱུག་བསྐྱེད་པའི།  སྐྱིད་ཀྱི་མཁའ་མཐའ་འདེགས་ཤིང་སྡུག་གི་རི་བོ་བཏེགས་པའི་རླབས་ཆེན་གྱི་སྐྱེས་བུ་དག་གིས་ཚོར་བའི་ཕབ་དང་བསྲེས་ཏེ་སྙིང་ཁར་དྲོད་ཀྱིས་རུམ་པའི་སྲོག་གི་གད་རྒྱངས་དེ་དག་སྙན་ངག་ཡིན་ཞིང་།  འགྲོ་ཀུན་ཐུགས་སུ་འཛིན་པའི་བླ་མེད་ཀྱི་བརྩེ་བ་འཕགས་ཤིང་།  ཞི་བའི་འགྲོས་ཀྱིས་རྒྱུ་བའི་གསེར་གྱི་མཆོད་སྡོང་སེར་པོ་སྟེ།  ཚུལ་མཐུན་ལམ་གྱི་བདེན་པ་སྤྱི་བོར་བཀུར་བའི་དམ་པ་དག་གི་རྩོལ་མེད་དབྱངས་ཀྱི་མདུད་པ་ལྷོད་ལྷོད་ཀྱིས་གྲོལ་བའི་འདུ་བྱེད་དེ་དག་སྙན་ངག་ཡིན།  དེའང་ཡིན་ཏེ་གཉུག་མའི་གཤིས་དང་མ་བྲལ་བའི་སེམས་ཁམས་ནི་ཆེས་དྭངས་གཙང་སླད་བྲལ་གྱི་རྣམ་ཤེས་ཉག་གཅིག་ཡིན་པས།  སེམས་ཁམས་དེ་ཡུལ་གྱི་སྣང་བ་ནི་གཡོ་འཕྲུལ་དང་བསྲེ་བསླད་ཞུགས་པའི་ཆོས་དང་མི་སེམས་ཀྱི་ནག་ནོག་མིན་ཞིང་། གཅིག་ལས་གཉིས་འཕྲོས་ཀྱི་སྣང་བ་ཟམ་མ་ཆད་པའི་སྒྱུ་མའི་ཕུང་པོ་གང་ཞིག་རྟག་བརྟན་ཐེར་ཟུག་ཏུ་ཆིག་རྐྱང་གིས་གྲུབ་པའི་ཆོས་ཤིག་ལར་ནས་མིན་པར། མཚར་སྣང་དང་སྒྱུ་འཕྲུལ་འབའ་ཞིག་ལས་ཅི་དགར་སྣང་བའི་འཇའ་ཚོན་གྱི་ཐག་པ་དང་ཉི་འོད་ཀྱི་ཡོལ་བ་ཁོ་ནའོ། །སྤྲིན་དཀར་གྱི་ལག་པ་ཞིག་དལ་བུ་བསྲིངས་འོང་སྟེ་ཟླ་འོད་ཀྱི་ཡོལ་བ་བཀྱགས་པའི་སྟ་གོན་ལ་ཞུགས་པའི་དུས་དེར། འཛུམ་མདངས་ལྷུག་པར་གྲོལ་བའི་མེ་ཏོག་གི་ཚོམས་ཤིག་ངོ་འཛུམ་གནག་སྟེ་མགོ་བོ་དུད་པའི་ངང་ཚུལ་དང་།  སུ་ཞིག་གི་ལག་པས་ཁྱོད་ཀྱི་སྒེའུ་ཁུང་གི་ཡོལ་བ་བསལ་ཏེ་ཁྱོད་ལ་མི་འདོད་པའི་ཚོར་བ་བྱིན་པ་ནི་གཞི་རྩའི་ཐོག་ནས་བདེན་དང་བདེན་མིན་དང་སྣང་བ་དང་སྣང་མིན་གྱི་ཁྱད་པར་འབྱེད་དུ་མེད་ལ།  དྭངས་གཙང་ཟོལ་བྲལ་གྱི་སེམས་ཁམས་དེས་གཉུག་མའི་གཤིས་ནས་མཇལ་དུས།  གོང་གི་དཔེ་མཚོན་གཉིས་ཀྱང་ཆོས་ཉིད་ཀྱི་སྣང་སྟོང་ཁོ་ན་ལས་འདའ་མི་སྲིད།  ཁྱོད་ཀྱིས་ཟླ་འོད་ནག་པོ་ཞིག་གིས་འཇིག་རྟེན་གྱི་མུན་པ་ཡོངས་སུ་སེལ་ཞིང་ནམ་མཁའི་ལྭ་བ་གསོལ་བས་དགུན་གསུམ་གྱི་ལྷགས་རླུང་རྨང་ནས་བཅོམ་པའི་ངེས་ཤེས་རྙེད་དགོས་ན། སྣང་བ་ནི་ནམ་ཡང་སྣང་བ་དང་མུན་པ་ནི་ནམ་ཡང་མུན་པ་ཡིན་ཞིང་། ལྷགས་རླུང་གི་གྲང་ངར་དང་ནམ་མཁའ་རྟག་པ་ཞེས་པའི་ཐ་སྙད་དེ་དག་དུམ་བུར་བཏང་ཕོད་དགོས། དེ་ལྟར་བྱས་ན་སྙན་ངག་གི་ཡིད་བརྙན་ནམ་སྒྱུ་འཕྲུལ་གྱི་སྣང་བ་གསར་བའི་འཇིག་རྟེན་དུ་ཅི་དགར་རྒྱུ་ཆོག་ཅིང་། དེ་དུས་ཁྱོད་ནི་སྙན་ངག་པ་ཞེས་པའི་ཐ་སྙད་ཅིག་སེམས་ཀྱིས་རྙེད་ཡོང་ཞིང་།  དོན་གྱིས་ཉེ་འོང་།  ཕར་ཕར་བཅར་ན་རྒྱང་རིང་གིས་ཆད་ཅིང་ཚུར་ཚུར་བྱོལ་ན་དེ་ལྟར་ཉེ་ཡོང་བའི་སྒྱུ་མའི་འཇའ་ཚོན་ནམ་སྣང་ཞིང་སྟོང་པའི་འཁོར་བ་འདིའི་ཚིག་གི་བཙན་རྫོང་གཏོར་ནས། ཡུལ་གྱི་སྒྲོག་ལས་གྲོལ་ན་ཁྱོད་ལ་དྭངས་གཙང་ལྷུན་གྲུབ་ཀྱི་སེམས་ཁམས་ལྷད་མེད་ཅིག་ལས་ཅི་ཡང་མེད་དེ།  དོན་གྱི་གནས་ལུགས་རྣལ་མ་ལ་བློ་འབྱོར་བས་རྣལ་འབྱོར་པ་གྲགས་པའི་སྐྱེས་བུ་དེ་དག་ནི་འཇིག་རྟེན་སྣང་བ་ཇི་སྙེད་ཅི་ཡང་འཆར་དུ་རུང་ལ་གང་ཡང་བྱས་ཀྱང་ཆོག གང་ལ་སྣང་དུ་རུང་བའི་ཆོས་དེ་དག་ཕན་ཚུན་གཅིག་ཏུ་འདྲེས་ཤིང་དབྱེར་དུ་མེད་ལ། ནམ་མཁའ་ཐོགས་བཅས་དང་བྲག་རི་ཐོགས་མེད་དུ་བྱས་ཤིང་རྡུལ་གཅིག་སྟེང་དུ་རྡུལ་སྙེད་སངས་རྒྱས་བཞུགས་ཤིང་གསུང་གཅིག་ཉིད་ལ་དུ་མ་གོ་བའི་འཐད་པའང་དོན་གྱིས་ཚུར་སྣང་བྱ་ཆོག  །བྱིས་པས་རྩེད་རྡོ་སྒྲིག་པ་ལྟ་བུའི་དཔེ་དང་དཔེ་ཅན་གྱི་སྦྱོར་བ་དག་དང་རྒན་པོས་ཕྲེང་གོག་བགྲང་བ་ལྟ་བུའི་ཚིག་དང་མིང་གི་སྒྲིག་སྟངས་དེ་དག་ནི་ཕྱི་ཚུལ་དང་རྣམ་པ་ཙམ་ཡིན་པ་ཤེས་ཡོང་། དྭངས་གཙང་དྲི་བྲལ་གྱི་སེམས་ཁམས་དེ་སྐབས་རེར་ཉ་གང་ཟླ་བའི་གཟུགས་ཀྱིས་དབྱིངས་སུ་འཕགས་ནས་འཛུམ་གྱིས་བཞད་འོང་ལ།  དེ་དུས་གདོད་ནས་དག་པའི་རྩོམ་པ་པོ་གང་གི་སེམས་ངོ་དེ་ཟླ་བའང་ཡིན་ལ་རྣམ་ཤེས་ཀྱི་གསལ་རིག་ཀྱང་ཅི་ལ་མིན། དེ་དུས་ཁྱོད་ཀྱང་ངེས་དོན་གྱི་ཆོས་པ་ཞིག་དང་འདྲ་བར་སྟོང་ཉིད་མེ་རུ་སྒོམ་ན་ཤེས་བྱའི་བུད་ཤིང་བསྲེགས་ཤིང་། སྣང་བ་ལྷ་རུ་གསལ་ན་ཐ་མལ་པའི་རྟོག་པ་འགག་པའི་རྟེན་འབྲེལ་ཞིག་ཀྱང་དོན་གྱིས་གྲུབ་ཡོང་ལ། མཚམས་རེར་ཤང་ཤང་ཆུ་བོའི་རླབས་ཕྲེང་རེ་རེ་ཚོགས་དྲུག་གི་རྟོག་པར་གྱུར་ཏེ་ཁྱོད་ཀྱི་རྣམ་ཤེས་གསལ་བའི་གཞི་དབྱིངས་སུ་འདྲེས་དུས།  དྭངས་བའི་ལུས་སུ་གྲུབ་པའི་རྟོག་པའི་འཆར་སྒོ་རྣམས་ནི་རླབས་ཀྱི་ཟེགས་མ་ཡིན་ཞིང་རང་བྱུང་རླུང་གིས་བསྒུལ་བའི་ཆུ་ཡི་ཉར་མ་དེ་དག་རྩོམ་པ་པོ་གང་གི་འདུ་ཤེས་ཀྱི་ཉམས་སྟབས་ཡིན་འགྲོ། འདི་ནི་སྣང་བ་སེམས་ཀྱིས་གྲུབ་པའི་འཇིག་རྟེན་ལ་འཇུག་པའི་བློ་སྦྱོང་གཞན་ཞིག་སྟེ་ཁྲལ་འཁྲུལ་ནག་ནོག་གིས་གྲིབ་མས་ཡོངས་སུ་སྦགས་པའི་འཁོར་བ་འདི་ལ་སུན་སྣང་དང་ཡི་ཆད་ཀྱིས་ལྟ་ཚུལ་ཞིག་ཀྱང་ཡིན་སྲིད། ཀུ་རེ་དང་ཉམས་མཚར་འདྲེས་མའི་འཇིག་རྟེན་གྱི་གསང་བ་དག་ཐོལ་གྱིས་ཕྲད་དུས་དགའ་བའི་འཛུམ་མདངས་གྲོལ་ཞིང་སྡུག་པའི་མཆི་མ་འབྱིན་པའང་། དོན་དུ་དྭངས་གཙང་གི་སེམས་པ་འདི་ལ་རྟོག་པའི་རླབས་སྒྲ་མ་འཇགས་པའི་ཚོར་བའི་འོག་འགྱུ་ཡིན་ལ།  ལུང་པ་ཕུ་གསུམ་གྱི་རྫིང་བུ་ལྟར་ལྷིང་འཇགས་པའི་སེམས་ཁམས་གང་དེར་རྣམ་རྟོག་གི་རླུང་གིས་གཡོ་ཞིང་། སྒྱུ་འཕྲུལ་འབའ་ཞིག་གོ །བདེན་པ་ཞེས་པའི་ཐ་སྙད་འདི་ཤིན་ཏུ་ཐལ་དྲགས་པའི་དཔྱད་ཚུལ་ཞིག་ལས་རིང་དུ་འདས་ནས་དཀོལ་ན་བདེན་པ་མ་ཡིན་པའི་དབང་གིས་བདེན་པར་སྣང་བའི་ཆོས་འདི་དག་ནི་ཇི་ལྟར་བལྟས་ཀྱང་བདེན་པར་སྣང་ཐབས་བྲལ་ཞིང་། ཅི་ཙམ་མྱངས་ན་དེ་ལས་ཚོར་བ་སྡུག་བསྔལ་གྱི་རང་ཆོས་འདི་ལ་ཞེ་མེར་ཞིང་ཡིད་ཀྱིས་དོར་བས་ཡིན་ལ། མཆུ་སྐྱོད་དང་མིག་བཙུམ་གྱིས་བརྡ་སྤྲོད་ཅིང་། མི་མངོན་པའི་དབྱིངས་ནས་ཕྲག་དོག་དང་། ཟུར་ཟ། ཧམ་སེམས། ཚུལ་འཆོས་དང་གཡོ་ཟོལ་འབའ་ཞིག་ལས་གྲུབ་ཅིང་གཡོ་དང་སྒྱུ་མའི་ན་བུན་ཀུན་ནས་དཀྲིགས་པའི་འཁོར་བའི་འཁོར་བ་འདི་ལ་རྒྱབ་ཀྱིས་ཕྱོགས་ཤིང་། ཕྱིར་མིག་དང་བརྐམ་ཆགས་མེད་པར་སེམས་ཀྱི་དག་ཞིང་ཞིག་ལ་སྙེགས་པའི་རེ་བ་ཡིན། དྭངས་གཙང་གི་སེམས་ངོ་དག་མའི་གཞི་དབྱིངས་སུ་མེ་དང་ཚ་བ་ལྟ་བུའི་རང་ཆོས་སུ་གྲུབ་པའི་ཤེས་རབ་ཀྱི་བདེན་པ་དང་། བྱམས་བརྩེའི་འོག་འགྱུ།  སྙིང་རྗེའི་རང་མདངས་མ་འགག་པའི་རྣམ་ཤེས་ཀྱི་ཀ་བ་འདི་ནི། སྙན་ངག་པའི་སེམས་པ་ཉག་གཅིག་ཡིན་ལ་རྣལ་འབྱོར་པ་ཞིག་གི་འཇིག་རྟེན་ལྟ་ཚུལ་ཞིག་ལས་མ་འདས་སོ། ། 

                  མཚར་སྣང་རྩེད་མོར་དགའ་བའི་བྱིས་པ་དང་། །
                  ཚོར་བའི་གཉུག་མ་རྟོགས་པའི་སྙན་ངག་པ། །
                  སྣང་སེམས་དབང་དུ་འདུ་བའི་ཆོས་པ་སྟེ། །
                  འདི་དག་ཕལ་བའི་གྲོང་གི་འཕགས་པ་གསུམ། །

 ༢ ལྷད་མེད་ཀྱི་སེམས་ཁམས་དང་སྙན་ངག་གི་ཚོར་བ།
 
      བྱིས་པའི་སེམས་ཁམས་ནི་དེ་འདྲའི་དྭངས་གཙང་ཞིག་དང་ལྷད་མེད་པ་ཞིག་ལགས་པས།  རང་བྱུང་ཁམས་ཀྱི་སྐྱེ་དངོས་དག་ལ་ཐུན་མིན་གྱི་མྱོང་རོལ་ཐུབ་ཅིང་། སེམས་ཀྱི་འགྱུར་བ་གཙོ་བོར་བཟུང་པའི་བསྲེ་བསླད་ཀྱིས་མ་གོས་པའི་མཐོང་སྣང་གང་ཞིག་སྟེ། རྒྱལ་སྲས་ཐོགས་མེད་བཟང་པོའི་བྱིས་དུས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར། རླུང་པོ་འཁོར་ཁྱེར་ཞིག་གིས་ཤིང་ལོ་ཞིག་ནམ་མཁའ་ལ་ཁྱེར་བ་གཟིགས་ནས་དྲག་ཏུ་བཤུམས་པ་དང་།  ཤོ་མངས་ཀྱི་ཕུང་པོ་སྐྱ་ཁོ་བ་གཅིག་ལ་གོས་ཀྱིས་གཡོགས་ནས་མཐར་རྡོས་མནན་པའི་དྭངས་གཙང་དྲི་མེད་ཀྱི་བྱིས་བློ་ཅན་ཞིག་གིས། གཏན་ཚིགས་དང་དྲིས་ལན་ལས་འདས་པའི་ཚོར་ཤེས་དེད་ནས་སེམས་ཀྱི་གཏིང་རུམ་ནས་རླབས་བཞིན་འཕྱོ་ཞིང་གནོན་མ་ཐུབ་པའི་འགྱུ་བ་གང་ཞིག་རྒན་པ་དག་གི་བློ་ལས་འདས་ཤིང་། བདག་གཅེས་སྒེར་སེམས་ཀྱི་འདུ་ཤེས་བརྟན་པའི་ཉེ་འཁོར་གྱི་མི་དག་ལ་གད་མོ་ཤོར་ཏུ་བཅུག་མྱོང་། དེ་ནི་བྱམས་བརྩེའི་འོག་འགྱུ་དང་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས་གཅིག་ཏུ་འདྲེས་པ་ཞིག་གིས་རང་བྱུང་ཁམས་ལ་བཟུང་བའི་མཛེས་འཛིན་གྱི་ལྟ་བ་མ་ཡིན་ནམ། འདི་ལྟ་བུའི་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས་ནི་སྙན་ངག་པ་དག་གིས་དཔྲལ་བའི་མིག་ལྟར་གཅེས་ཤིང་། སྔོན་འགྲོའི་བློ་སྦྱོང་དུ་བཟུང་ཡོད། རྒྱལ་པོ་བདེ་སྦྱིན་གྱི་ཕོ་བྲང་གི་བ་གམ་དུ་རི་མོར་བཀོད་པའི་བ་གླང་གི་བརྙན་རིས་ཚོགས་ལ་མཛེས་པའི་ཉམས་ལ་མཁས་པའི་སློབ་དཔོན་ནག་མོ་ཁོལ་གྱིས་ཉམས་སྣང་གིས་སྒྱུ་འཕྲུལ་དེ་ལས་བཟློག་མ་ཐུབ་པས་ཚོར་བ་གང་གིས་མཚར་སྡུག་གི་སྣང་བ་སྟོང་གིས་བཞེངས་པའི་སྒྱུ་རྩལ་གྱི་ལམ་བུ་རུ་བཞུད་པའི་ཐོག་མའི་རྟེན་འབྲེལ་འགྲིག་མྱོང་ཞིང་། མཚར་སྡུག་གི་རི་མོ་དེ་ཡིས་སྔོན་གོམས་ཀྱི་བག་ཆགས་ཤིག་གི་ཀློང་ནས་དཀྲུགས་པས་ཁོ་པའི་ལུས་སེམས་ཀྱི་ཉམས་འགྱུར་དེ་འཕྲལ་བསྟན་མྱོང་།  སྒྱུ་རྩལ་གྱི་བསླུ་བྲིད་དང་དྭངས་གཙང་གི་སེམས་ཁམས་གཅིག་ཏུ་འཕྲད་པས་ཚུལ་འཆོས་དང་གཡོ་ཟོལ་གྱིས་ཡོལ་བ་ཧར་གྱིས་ཕྱེས་ནས། སེམས་ངོ་དག་མའི་ཁ་དོག་དང་ལུས་ངག་གི་བདེན་པ་རང་བྱུང་གིས་མངོན་ཡོང་། འདི་ནི་ངོ་མཚར་སྟོང་ལྡན་གྱི་བླ་མེད་སྒྱུ་རྩལ་ཞིག་གི་འགུགས་ཤུགས་ཡིན་ཞིང་། ཚོར་ཤེས་ཀྱི་སྣང་བ་ལ་གུ་དོག་དང་རེ་དོགས་ཀྱི་རྒྱ་ལས་གྲོལ་བའི་སྐྱེས་བུ་ཞིག་གིས་སྒྱུ་རྩལ་དྭངས་མའི་ཡིད་བརྙན་གྱི་འཇིག་རྟེན་ཞིག་ལ་ཟོལ་མེད་ཀྱིས་བགྲོད་པའི་གཏམ་རྒྱུད་ཡིན་ངེས། ཡིད་འོང་གཟུགས་ནི་གང་ཡིན་པ།  །དེ་ཉིད་གཞན་ལ་གཞན་དུ་སྣང་། །ཞེས་པ་ལྟར།  ཐ་མལ་པ་རྣམས་ཀྱི་ངོར་སྐྱེམས་ལ་གསོལ་རེས་དང་སྐུད་པ་འཁེལ་རེས་བྱེད་ཅིང་།  ཕྱོགས་བཅུའི་སངས་རྒྱས་དག་གི་ངོར་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང་།   བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་རྒྱལ་པོ་དང་བཙུན་མོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་སྣང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་ལྟ་བུ་གཞན་ལ་གཞན་དུ་སྣང་བའི་སྒྱུ་འཕྲུལ་གྱི་རོལ་རྩེད་དང་།  མ་སྣོམ་བུ་མོའི་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་དང་། །ཁྱོད་ཀྱི་དགྲ་ཡིས་རྫིང་ཉིད་དུ། །ཨུཏྤལ་སྔོན་པོ་ཟེགས་པར་གྱུར། །ཞེས་པའི་ཚིགས་སུ་བཅད་པ་འདིའང་ཕམ་བྱའི་གཉེན་གྱིས་བལྟས་ན་སྐྱོ་བའི་ཉམས་དང་།  གཡུལ་ལས་རྒྱལ་བའི་དགྲ་སྡེ་དག་གིས་མཐོང་ན་གཟི་བརྗིད་ཀྱི་ཉམས་དང་།   གང་དུ་མ་གཏོགས་པའི་གཞན་གྱི་ངོར་སྙིང་རྗེས་འགོག་པར་གྱུར་བའི་ཚུལ་ལ་ལྟོས་དང་།  སྒྱུ་འཕྲུལ་གྱིས་བསྐྲུན་པའི་སྒྱུ་རྩལ་དག་གི་ནུས་སྟོབས་ལ་མཐའ་མི་མངའ་བས་སུ་ཞིག་གི་བློ་ངོར་མ་བབ་པ་ཙམ་དང་།  མྱོང་རོལ་མི་ཐུབ་པའི་རྒྱུ་མཚན་གྱིས་ནམ་ཡང་འཆིང་དུ་མེད་དེ།  སེམས་ཁམས་གང་ཞིག་ལ་ཚོར་བ་དང་ཉམས་མྱོང་གིས་གཏམས་ན་ད་གཟོད་སྙན་ངག་དེ་དག་རོ་མྱོང་བྱ་ཐུབ།  རྟེན་འབྲེལ་གྱི་གནས་ལུགས་ཟབ་མོ་དཔྱོད་ཤེས་ཀྱིས་རྙེད་པས་མཁས་དབང་དགེ་ཆོས་མཆོག་གི་སྙན་དུ། ཤར་ཙོང་ཁ་བའི་རྟེན་འབྲེལ་བསྟོད་པའི་ཉམས་འགྱུར་འབུམ་གྱིས་བཞེངས་པའི་རབ་མཛེས་དབྱངས་ཀྱི་ཕོ་བྲང་དེ་དག་གཞན་གྱིས་ལྷང་ལྷང་གིས་གྱེར་དུས།  དམ་པ་གང་གི་སྤྱན་ཆབ་ལོ་ཟིལ་ལྟར་འཐོར་མྱོང་བའང་ཁོང་གི་རྟེན་འབྲེལ་གྱི་གནས་ལུགས་ཟབ་མོ་ཚོར་ཤེས་ཀྱི་གཏིང་ནས་རྙེད་པའི་དན་རྟགས་མ་ཡིན་ནམ། སྙན་ངག་འདི་ནི་སྐྱེ་བོ་ཕལ་བ་སུ་ཞིག་གི་རྣ་ལམ་དུ་ལན་སྟོང་དུ་བསྒྲགས་ཀྱང་ཚོར་ཤེས་ཀྱི་འགྱུ་བ་དེ་འདྲ་རྙེད་མི་སྲིད་མོད།  འོན་ཀྱང་སྙན་ངག་ནི་ནམ་ཡང་སྙན་ངག་ཡིན་པས་སོ། །གུང་ཐང་གི་སྨྱོན་པ་མི་ལ་རས་པ་སྟེ། སེམས་ཀྱི་སྣང་བ་འཛིན་མེད་དུ་བཏང་ནས་སྙན་ངག་གི་ངར་ཤུགས་འཇགས་པ་མེད་པའི་རྣལ་འབྱོར་བ་ཁོང་ནི།  ལྷན་སྐྱེས་ཀྱི་སྐད་ངག་ཤིན་ཏུ་བདེ་བའི་ངེས་དོན་གྱི་གླུ་བ་ཞིག་ཀྱང་ཡིན་ལ།  ཁོང་གི་གླུ་ལ་བཅོས་མའི་རོལ་དབྱངས་དང་གླིང་བུ་སོགས་ལ་མ་ལྟོས་པ་རང་བྱུང་ཁམས་ཀྱི་ཆུ་ཕྲན་གྱི་ཤག་སྒྲ་དང་།  རྩྭ་རྐང་གི་ཤུག་གླུ།  བྱ་དང་བྱེའུ་ཡི་སྐད་དང་སྡོང་ལོ་རླུང་གིས་བསྐྱོད་པའི་སྒྲ་དབྱངས་དང་འགྲོགས་ཏེ།  སང་སང་གིས་གྱེར་ཞིང་ལྷོད་ལྷོད་ཀྱིས་འདོན་ཡོང་བ་མ་ཡིན་ནམ།  ཁོང་གི་སྙན་ངག་དག་ནི་ཐུགས་རྒྱུད་ཀུན་གསལ་གྱི་ཀློང་དང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལས་ཐོགས་མེད་ཀྱིས་བཞུར་ཡོང་ལ། སྙན་འཇེབས་ཀྱིས་འཁྱིལ་ནས་ཡོང་ཞིང་།  ཁོང་གི་ཚོར་བའི་ཀློང་དུ་འཁྱིལ་བའི་ཚིག་དང་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ལ་གནའ་བོའི་མེས་པོ་དག་གིས་བློ་སྤོབས་ཀྱིས་གྱེར་བའི་རྔམ་ཆ་ཡོད་ལ། གཞུང་དྲང་དག་གཙང་གི་འོད་ཀྱི་དྭངས་ཆ་ཡོད་ཅིང་།  ཕུགས་བསམ་དང་རྟོག་པའི་འོག་འགྱུ་ཚད་མེད་མངའ་ཡང་། ཁྱི་ར་བ་འགའ་ཡིས་ཇོ་ཇོ་ལྟོག་གྲིར་འཆི་རུ་ཆ་བའི་གླུ་ཡིན་ཟེར་བ་བྱུང་ཞིང་། སྒྱུ་རྩལ་གྱི་བློ་སྦྱོང་ཙམ་ཡང་མེད་པའི་སྐྱེས་བུ་དག་གིས་འདི་ལྟར་སྨྲ་སྲིད། འོན་ཀྱང་། ཞེང་ཆེན་སྙེ་མའི་རྦ་རླབས་རླུང་གིས་གཡོ་བ་ལྟ་བུའི་རྣམ་རྟོག་གི་འོག་འགྱུ་དེ་དག་ཉམས་འགྱུར་རི་མོ་འབུམ་གྱི་མཚར་སྡུག་དུས་གཅིག་བཀྲ་བའི་སྒྱུ་རྩལ་གྱི་མདངས་སུ་འཕོས་དུས། ཁྱོད་ལ་ཕྱིར་མི་ལྡོག་པའི་བཞུད་ལམ་གང་གི་བསླུ་བྲིད་དེས་རྒན་པ་དག་གི་བློ་ལས་འགོངས་པའི་ངོ་མཚར་ཟོལ་མེད་ཀྱི་རང་མདངས་ངོམ་འོང་ཞིང་། སྒྱུ་དང་ཚུལ་འཆོས་ཀྱི་འཁྲབ་གཞུང་དག་དང་གཏན་དུ་གྱེས་ཏེ།  སྒྱུ་རྩལ་གྱི་བདེན་པ་མཐོང་ཡོང་ངོ་། །  


                  འཁྲེང་ཞེན་སྒྱུ་མའི་ཐག་པ་མ་ཆད་བར། །
                  དེ་སྲིད་ལུས་སེམས་ཡུལ་གྱི་རྗེས་སུ་འཚོ། །
                  ཡུལ་གྱི་བཀོད་པ་སུ་ཡིས་མ་བསྐྲུན་ཀྱང་། །
                  སེམས་ཀྱིས་ཇི་ལྟར་འཛིན་པར་དེ་ལྟར་སྣང་། །

 ༣ སྒྱུ་རྩལ་གྱི་རིན་ཐང་དང་མིའི་སེམས་ཁམས།

      རི་མོ་ནི་སྙན་ངག་གཟུགས་སུ་བྱོན་པ་ཡིན་པས་རི་མོའི་སྒྱུ་རྩལ་དང་སྙན་ངག་གཉིས་ཁ་གཏད་ས་དང་བྱེད་ནུས་གཅིག་ཏུ་གྲུབ་ཡོད། དེའང་ངོ་མཚར་རི་མོ་ཞིག་གི་གཏམ་རྒྱུད་འདི་འདྲ་ཞིག་ཐོས་ཏེ། སྒྱུ་རྩལ་པ་དང་སྙན་ངག་པའི་གཞིས་ཁྱིམ་ལྟ་བུའི་ཀི་རིན་ཉེའུ་ཀྲི་ཨ་རིའི་ཉིག་ཡའོ་གྲོང་ཁྱེར་གྱི་ནུབ་ཁུལ་གྱི་ས་ཆ་སྟེ།  གནའ་བོའི་ཁྱད་ཆོས་མ་ཉམས་པའི་ངོ་མཚར་སྟོང་ལྡན་གྱི་གཞིས་ཁུལ་དེ་ན།  རི་མོའི་སྒྱུ་རྩལ་ལ་མོས་པའི་སུའུ་ཨའེ་དང་ཆུང་ཧྲན་ཞེས་པ་གཉིས་ཀྱང་ཡིད་འོང་བབ་ཆགས་ཀྱི་གནས་དེར་རི་མོའི་སྒྱུ་རྩལ་གྱི་གསང་བ་འཚོལ་ཆེད་ཁང་པ་ཞིག་གླས་ནས་མཆིས་སོ། །ཅུང་མ་འགོར་བར་གནས་དེར་གློ་ཚ་ཞེས་པའི་འཆི་བདག་གི་ལག་པ་ཞིག་མི་འདོད་བཞིན་སླེབས་བྱུང་།  ཆུང་ཧྲན་འབོད་པའི་རི་མོ་པ་ཆུང་ཆུང་དེའང་འཇིགས་རུང་གི་ལག་པ་དེས་དམ་དུ་བཅུན་སོང་།  ཉིན་ཞིག་གི་ཞོགས་པར་ནད་བཅོས་ཀྱི་ལས་ལ་བྲེལ་བའི་སྨན་པ་དེས་སྨིན་མ་དཀར་པོའི་མདུད་པ་ནན་གྱིས་མདུད་དེ། ངས་བལྟས་ནས་ཁོ་མོའི་ནད་གཞི་འདི་ལ་རེ་བ་ཉག་ཅིག་ལས་མི་འདུག་སྟེ།  དེ་ནི་ཁོ་མོ་འཇིག་རྟེན་འདིར་འཚོ་འདོད་ཡོད་མེད་ཀྱི་སྟེང་ན་འདུག་ཟེར།  སུའུ་ཨའེ་ལ་མཚོན་ན་དེ་ནི་ཤིན་ཏུ་རྟོགས་དཀའ་བའི་གསང་བ་ལྐོག་གྱུར་ཞིག་སྟེ།  དོན་དུ་འཇིག་རྟེན་འདིར་འཚོ་མི་འདོད་པའི་མི་སུ་ཞིག་ཡོད་དམ།  ཅི་ཞིག་ལ་འཚོ་མི་འདོད་དམ།  ཁོ་མོ་འཚོ་འདོད་པའི་ཐབས་གང་ཞིག་ཡོད་དམ།  སུའུ་ཨའེ་ཡིས་མིག་ཆུ་དང་བཅས་ཏེ་དེ་དག་རེ་རེ་བཞིན་དྲན་ཡོང་། དགོང་མོ་དེར་ཆུང་ཧྲན་གྱིས་ཉམ་ཐག་པའི་མིག་ཟུང་གིས་སྒེའུ་ཁུང་ལ་ཅེར་ཏེ་གསལ་ལ་མི་གསལ་བའི་ལྡབ་ལྡིབ་ཀྱི་སྒྲ་ཞིག་གྲག་བྱུང་།  དེ་ནི་བཅུ་གཉིས།  བཅུ།  དགུ།  བརྒྱད་སོགས་ལུགས་ལྡོག་གི་གྲངས་ཀ་འདྲེན་ཚུལ་ཞིག་སྟེ་ཚུལ་དེ་སུའུ་ཨའེ་ཡིས་གསལ་བར་གོ  །དེ་འཕྲལ་སུའུ་ཨའེ་ཡིས་སྒེའུ་ཁུང་ལས་ཞིབ་ཏུ་བལྟས་པས་དབྱིན་ཁྲི་ཉི་ཤུ་ཡས་མས་ཀྱི་སར་སོ་ཕག་གིས་གྲུབ་པའི་ཁང་པ་ཞིག་གི་འགྲམ་དུ་སྦ་ཤིང་གི་སྡོང་པོ་ཞིག་སྟོན་རླུང་གིས་བསྐྱོད་ནས་ལོ་མ་ཕལ་ཆེར་གཏོར་ཚར་བ་ཞིག་རྩིག་ངོས་སུ་ཁེན་པ་ལྟར་སྣང་ཞིང་།  དེའི་ལོ་མ་རེ་རེ་བཞིན་ས་ལ་ཟགས་པ་ནི་ཁོ་མོ་འཇིག་རྟེན་འདི་དང་གྱེས་ནས་གོམ་པ་རེ་རེ་བཞིན་ཕར་ཕར་དུ་འགྲོ་བ་དང་འདྲ་ཞིང་།  མཐའ་མཇུག་གི་ལོ་མ་གཅིག་སྟོན་རླུང་གིས་ཕབ་ཚེ་ཁོ་མོ་མལ་ཁྲིའི་མཐའ་ཅན་དུ་གྱུར་བའི་སྟ་གོན་སྔོན་ནས་བྱས་ཟིན། དྲུག  ལྔ།  དེ་ལྟར་ཚེ་སྲོག་གི་གཅིག་གི་འཚོ་རྟེན་ཇེ་ཉུང་དུ་འགྲོ་བཞིན་འདུག  །ས་སྲོས་ཀྱི་མཚམས་དེར་སུའུ་ཨའེ་ཡིས་སྒེའུ་ཁུང་གི་དཀར་ཡོལ་ཕབ་སྟེ་སང་ཉིན་མ་གཏོགས་མི་ལྟ་བའི་རེ་བ་ནན་གྱིས་ཕུལ་བས་ཆུང་ཧྲན་གྱིས་དེ་ལྟར་ཁས་བླངས། སུའུ་ཨའེ་ཁང་པ་རྟིང་མའི་ནང་དུ་བསྡད་ཡོད་པའི་ལོ་དྲུག་ཅུ་ཅན་གྱི་རི་མོ་བ་པེར་མེན་གྱི་གམ་དུ་སོང་སྟེ་ཆུང་ཧྲན་འཆི་བ་ལས་བསྐྱབ་དགོས་པའི་རེ་བ་ནན་གྱིས་ཞུས་པས།  པེར་མན་གྱིས་ཀྱང་དེ་ལྟར་ཁས་བླངས།  ཆར་ཞོད་ཆེ་བའི་མཚན་མོ་དེར་རྒན་པོ་པེར་མན་སྟེགས་བུ་ཞིག་གི་ཐོག་ཏུ་གཏེར་འདོན་བཟོ་བ་ཞིག་དང་འདྲ་བར་བརྟན་པོར་བསྡད་དེ་ལོ་མའི་མ་དཔེ་ཞིག་བྲི་བའི་འགོ་རྩོམ།  དེ་ནི་ངེས་དོན་གྱི་སྒྱུ་རྩལ་པ་ཞིག་གིས་ཁོ་པའི་ཚེ་སྲོག་གི་མཛེས་པ་ཡོད་ཚད་གཞན་གྱི་སླད་དུ་བསྔོ་བའི་ལེའུ་ཐོག་མ་ཡིན་ལ། དེ་ནི་གསོན་ཉམས་མ་ཡལ་བའི་སྒྱུ་རྩལ་གྱི་ལྗང་ལོ་ཞིག་མི་སེམས་ཀྱི་གཏིང་ལ་འཁྲུངས་པའི་ནུབ་མོ་ཡིན། དེ་ནི་ཆར་རླུང་དང་གློག་ཞགས་མང་པའི་མཚན་མོ་ཞིག་དེ་ལྟར་འདས་ནས་ནངས་ཁའི་སྐྱ་རེངས་གསར་བ་ཞིག་འཛུམ་གྱིས་བསུ་བའི་སྔོན་འགྲོ་ཡིན།  ཞོགས་པར་ཆུང་ཧྲན་གྱིས་སུའུ་ཨའེ་ལ་སྒེའུ་ཁུང་གི་ཡོལ་བ་བཀྱགས་དགོས་པའི་རེ་བ་གཏོན།  དེ་ལྟར་དྲ་མའི་ཡོལ་བ་དལ་གྱིས་ཕྱེས་པས་མཚན་གང་པོ་ཆར་རླུང་ཁྲོད་དུ་བསྐྱོད་པའི་སྦ་ཤིང་གི་སྡོང་པོ་ནི་སྣུམ་ཤིག་ཤིག་ཏུ་མངོན་འདུག་ལ་ཟུར་དུ་སེར་ཐིག་ཅུང་བབ་ཅིང་དཀྱིལ་གྱི་ལྗང་མདོག་མིག་ལ་འཚེར་བའི་ལོ་མ་ཞིག་གསེར་མདོག་གི་ཉི་འོད་ཁྲོད་དུ་ལྷམ་མེ་ལྷང་ངེར་བཀྲ་འདུག ཆུང་ཧྲན་རྣམ་རིག་རྒྱས་ནས་ནན་གྱིས་བལྟས་རུང་ལྗང་མདོག་གི་ལོ་མ་དེ་ནི་ཉིན་དེའི་མཁའ་དབུགས་དང་ཞོགས་པའི་ཉི་འོད་ཀྱི་གཟི་དཔལ་དང་ལྷན་དུ་འཚེར་འཚེར་གྱིས་མངོན་ཡོང་།   དེ་འཕྲལ་ཁོ་མོའི་བཞིན་ལ་རེ་བ་དང་འཚོ་འདོད་ཀྱི་རྣམ་པ་ཞིག་ཀྱང་མངོན་ཞིང་། ཞོགས་པའི་ཟས་ལ་རོལ་འདོད་ཀྱི་འདུན་པ་ཞིག་ཀྱང་ངང་གིས་སླེབས་བྱུང་། དེ་ལྟར་ཁོ་མོ་རིམ་གྱིས་ནད་ལས་དྲག   །རྒན་པོ་པེར་མན་ནི་མཚན་མོ་དེར་འཁྱག་དྲགས་པས་གྲང་གཞིའི་ནད་འཕར་ཏེ་འཇིག་རྟེན་འདི་དང་འཛུམ་བཞིན་ཁ་གྱེས་སོང་། རྒན་པོ་པེར་མན་དང་ཁོང་གིས་བྲིས་པའི་ལོ་མའི་མ་དཔེ་དེས་འཇིག་རྟེན་དུ་བཞག་པའི་ཚེ་སྲོག་གི་བརྩམས་ཆོས་ནི་ཆུང་ཧྲན་ཞེས་པའི་རི་མོ་པ་དེའོ། །སྟོན་མཇུག་གི་ལོ་མ་སེར་པོ་ཞིག་གི་མ་དཔེ་འདིས་འགག་ལ་ཉེ་བའི་རྣམ་ཤེས་ཕྲ་མོ་དེ་ལ་གཟུངས་གཞུག་གསར་བའི་དབུག་འབྱིན་མཛད་པའི་ངོ་མཚར་གཏམ་རྒྱུད་འདི་ནི།  སྒྱུ་རྩལ་གྱི་བདེན་པ་རྙེད་པའི་སྐྱེས་བུ་དག་གི་སེམས་ཀྱི་བདེ་སྐྱིད་འཚོལ་བའི་ལམ་གྱི་བདེན་པ་ཡིན་ལ། ངེས་དོན་གྱི་སེམས་ཙམ་པ་ཞིག་གིས་སྙན་ངག་ལྟ་བུའི་རི་མོ་ལས་འདས་པའི་རི་མོ་ཞིག་གིས་ཐོགས་རེག་བྲལ་བའི་རྣམ་ཤེས་ཀྱི་སྙིང་པོར་གནང་བའི་ཚེ་ཡི་བྱིན་རླབས་ཡིན་སྲིད།  རྒན་པོ་པེར་མན་ལྟ་བུའི་སྒྱུ་རྩལ་གྱི་ཆེད་དུ་ཚེ་སྲོག་ཕུལ་ཞིང་།  རི་མོ་པ་ཆུང་ཧྲན་ལྟ་བུའི་སྒྱུ་རྩལ་གྱི་རིན་ཐང་སྲོག་གིས་འཚོ་མྱོང་བའི་གཏན་རྒྱུད་འདིས།  སྙན་ངག་གིས་ཚེ་སྲོག་འཚོ་ཞིང་།  སྙན་ངག་གིས་ཚེ་སྲོག་བཞེངས་པའི་གཏམ་རྒྱུད་ཇི་ཙམ་ཡོད་སྲིད་པ་ཁྱོད་ཀྱིས་ཤེས་སམ། 

                  ཚོར་བའི་པགས་པ་བཏིང་པའི་ཐང་ཆེན་དུ། །
                  གསེར་གྱིས་བྲིས་པ་ཡིན་འདྲའི་རྐང་རྗེས་ཤིག །
                  གནམ་མཐའི་སྤྲིན་པ་དམར་བའི་ས་སྲོས་དུས། །
                  ཉི་མའི་ཁ་ཆུས་བྲན་པའི་དར་ཤིང་འདྲ། །

 ༤ སྙན་ངག་གི་རྒྱབ་ལྗོངས་དང་བསམ་བློའི་རིན་ཐང་།

        དུས་རབས་བདུན་པའི་དུས་སུ་བོད་བཙན་པོའི་སྲས་མོ་སད་མ་ཀའི་མགུར་གླུ་དེས་ཞང་ཞུང་རྒྱལ་པོའི་ཆབ་སྲིད་ཀྱི་གནས་སྟངས་དང་དུས་འགྱངས་བྱས་ན་རྒྱལ་ཁབ་གཞན་གྱི་མངའ་འོག་ཏུ་འགྲོ་ངེས་པ་དང་། བོད་བཙན་པོའི་ནང་བློན་རྣམས་མཐུན་སྒྲིལ་གྱིས་ཞང་ཞུང་ལ་དམག་དྲངས་ནས་ཡོང་དགོས་པའི་ཟུར་དང་ཕྲ་མོས་མཚོན་པར་བྱས་པའི་འཕྲིན་གྱི་སྙན་ངག་དེ་ནི། ལམ་འགྲམ་ལ་སྐྱོ་སྡུག་གི་ངུ་སྐད་གཏོང་བའི་དབྱངས་གསལ་གྱི་རོལ་རྩེད་དག་དང་། བཙན་གྱིས་བསྟན་པའི་སོ་དཀར་གྱི་ཕྲེང་བ་དང་ཟོལ་གྱིས་ངུས་པའི་གཡོ་ཟོལ་གྱི་མཆི་མ་དང་མི་འདྲ་བར་ཆབ་སྲིད་ཀྱི་དར་ཆེན་དགུང་དུ་སྒྲེང་བའི་སྤོབས་པའི་ང་རོ་རིང་མོ་ཞིག་ཡིན་ལ། ཚོར་བའི་གསེང་དང་ལག་ལེན་གྱི་མཐིལ་ནས་བྱུང་བའི་བདེན་ངག་གི་རང་སྒྲ་ཞིག་ཀྱང་ཅི་ལ་མིན། འདི་ནས་གྱེན་དུ་བརྩིས་པའི་ལོ་ངོ་དགུ་བརྒྱ་ལྷག་གི་སྔོན་ལ་གཙང་ལ་སྟོད་ཀྱི་ཕྱུག་བདག་ཁྱིམ་ཚང་ཞིག་གི་སྒོའི་ཡ་ཐེམ་དུ་རྒྱ་གར་གྱི་པཎ་ཆེན་ཞིག་གིས་སྤྱིའི་བསྡུས་བརྗོད་ཀྱིས་བྲིས་པའི་ངག་གི་ཕྲེང་བ་དེ། ཁོང་གི་མི་ཚེའི་བཞུད་ལམ་ལ་ཐོག་མའི་སྒྲོན་མེ་གཏེགས་ཤིང་། དགའ་སྐྱོ་འདྲེས་མའི་མི་ཡུལ་དུ་འགྲིམ་པའི་གཏམ་རྒྱུད་ཀྱི་གསང་བ་བརྟོལ་ནས་མཛད་ཕྲིན་གྱི་དབུ་ཁྱུད་དང་པོ་བྲིས་པའི་འགོ་བཟུང་བ་ཡིན་ལ། ཚིགས་བཅད་སྙན་ངག་འདི་ལ་དམ་པའི་སྐྱེས་བུ་ཞིག་གི་ངོ་མཚར་གྱི་གླེང་གཞི་ལྡན་ལ། དགོད་བྲོ་བ་གསུམ་དང་ངུ་བྲོ་བ་གསུམ་གྱི་ལོ་རྒྱུས་ཀྱི་གསང་བ་མངའ།  གཞན་ཡང་ངོ་ལོ་བདུན་བརྒྱ་ལྷག་གི་སྔོན་དུ་རླབས་ཆེན་གྱི་མ་ཡུམ་ཞིག་གིས་དཔྲལ་བའི་མིག་ལྟར་སྐྱོང་ཞིང་ཁོག་པའི་སྙིང་ལྟར་གཅེས་པའི་རང་གི་བུ་ལ་གསེར་ཞོ་བདུན་དང་ངག་གི་རིག་འཕྲུལ་གྱིས་སྦྱར་བའི་དབྱངས་གསལ་གྱི་རུ་མ་དཀར་པོ་ཞིག་གནང་མྱོང་སྟེ་ཉིད་ཀྱིས་ཤེས་སམ།  དེ་ནི་མྱང་ཚ་དཀར་རྒྱན་གྱིས་ཐོས་པ་དགའ་བར་གྲགས་པའི་སྐྱེས་བུ་དམ་པ་དེ་ལ་ཚེ་ལུས་སྲོག་གི་འདུ་བྱེད་ཡུན་དུ་གནས་པའི་ངག་གི་བྱིན་རླབས་ཡིན་ཞིང་།  འཕྲིན་ཡིག་དེ་ལ་དམ་པ་དེའི་ངོ་མཚར་གྱི་མཛད་པ་ཇི་སྙེད་མཆིས་པའི་གསང་བ་ལྡན་ཞིང་། རླབས་ཆེན་གྱི་སྐྱེས་བུ་ཁོང་གི་བཞུད་ལམ་ལ་བསུབ་ཏུ་མེད་པའི་ཡར་བསྐུལ་དང་ཚེ་སྲོག་གི་འཚོ་རྟེན་དུ་གྲུབ་མྱོང་།  འདི་ནི་ཀུན་མཁྱེན་རོང་སྟོན་གྲགས་པའི་སྐྱེས་བུ་དེ་ཡིས་རང་གི་དྲིན་ཆེན་ཨ་མར་ཕུལ་བའི་ཟོལ་མེད་ཀྱི་འཕྲིན་ཡིག་དེ་ཇི་འདྲའི་འདྲ་ཨང་།  འདི་ལྟ་བུའི་སྐྱེས་བུ་དམ་པ་རེ་རེའི་རྒྱང་བཞུད་ཀྱི་ཞབས་རྗེས་ཁྲོད་དུ་བསུབ་ཏུ་མེད་པའི་མིག་ཆུ་དང་ངོ་མཚར་འཁོར་བའི་གཏམ་རྒྱུད་ཇི་འདྲ་མང་ཞིང་།  མང་ཡུལ་སྐྱིད་གྲོང་དུ་མུ་སྟེགས་པའི་སྟོན་པ་དྲུག་པོ་སུན་ཕྱུང་ནས་ཚོགས་ཀྱི་དབུས་སུ་མི་འཇིགས་པའི་ང་རོ་སྒྲོག་པའི་རྗེ་ས་པཎ་གྱི་གསུང་དབྱངས་ལྟ་བུའི་ངོ་མཚར་མགུར་དབྱངས་མང་པོ་ཞིག་ཀྱང་ཡིད་ལ་འཆར་ཡང་སྲིད།   འདི་ནས་གངས་ཀྱི་ར་བ་འདི་ལས་ཡོངས་སུ་བརྒལ་ནས་ནུབ་ཀྱི་སྐར་ཆེན་ལྟ་བུའི་འཆར་ཡན་དང་དངོས་ཡོད་ཀྱི་རྩོམ་རིག་སྨྲ་བའི་སྐྱེས་བུ་གཉིས་ལ་ཕྱོགས་ཙམ་བལྟས་ན།    དེ་ཡང་ཇི་སྐད་དུ།   སྤྲོ་སྣང་གིས་བཟི་བའི་སྐད་ཅིག་མར།   ངའི་འཁྲིས་སུ་རང་ཉིད་གསལ་ལེར་མངོན་བྱུང་།    མེ་ཏོག་འཆར་འདྲའི་འཁྲུལ་སྣང་གིས།  དྲི་བྲལ་དག་གཙང་གི་ལྷ་མོ་ལྟ་བུའི་ཁྱོད་མཐོང་བྱུང་།    ཞེས་༡༥༢༥ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ལྗང་མདོག་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཁྲོད་ཅིག་ཏུ་ཡིད་འགྱུར་གྱིས་ཕྱུག་པའི་སྙན་ངག་ཅིག་སང་སང་གིས་གྱེར་བྱུང་།    དེ་ནི་མིང་དུ་གྲགས་པའི་ཨུ་རུ་སུའི་དུངས་གཞས་ཤིག་སྟེ།   མི་ཡུལ་འདིར་ཡིད་འགྱུར་གྱིས་ཕྱུག་པའི་སྙན་བརྒྱད་བརྒྱ་ལྷག་འཁྲུངས་མྱོང་བའི་ཡབ་ཆེན་ཕུའུ་ཞི་ཀིན་གྱིས་གྱེར་བ་རེད་ལ།  ཁོང་ནི་དུས་རབས་བཅུ་དགུ་པའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་སྨྲ་བའི་དེད་དཔོན་ཡིན་ཞིང་།  ཁོང་གིས་བརྩམས་སྒྲུང་དང་སྙན་ངག་མཉམ་འདྲེས་ཀྱིས་བྲིས་པའི་སྒྲུང་རིང་དང་ཡིད་འགྱུར་སྙན་ངག་དེ་དག་དཔྱོད་ཤེས་དང་རྟོག་གེའི་མདུད་རྒྱ་ལས་གྲོལ་བའི་འཆར་ཡན་གྱི་རྣམ་པར་འབད་ཅིང་སེམས་གཙོ་རིང་ལུགས་དང་ཆོས་ལུགས་ཀྱི་རང་མདངས་རྣམ་པར་བཀྲ་ཞིང་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་བང་མཛོད་ཁྲོད་དུ་རིན་ཐང་བླ་རུ་འཕགས་པར་བྱས་ཡོད།  འདི་ནས་གྱེན་དུ་བརྩིས་པའི་མི་ལོ་ཉིས་བརྒྱ་ལྷག་གི་སྔོན་དུ་ན་ཕོ་ལོན་ཞེས་པའི་གོང་མ་ཆེན་པོ་ཞིག་གི་པར་རིས་གྱང་ངོས་སུ་བཀལ་ནས་དེའི་ངོས་སུ།   མི་འདིས་རྣོ་དབལ་གྱི་གྲིས་བསྒྲུབ་མ་ཐུབ་པའི་ལས་དེ།     རང་གིས་སྨྱུ་གུ་ལ་བརྟེན་ནས་བསྒྲུབ་པར་བྱའོ།  །ཞེས་བྲིས་ཡོད།   བདེན་ངག་གི་རང་སྒྲ་འདི་ནི་དུས་རབས་བཅུ་དགུ་པའི་དངོས་ཡོད་རྩོམ་རིག་སྨྲ་བའི་དེད་དཔོན་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུ་པལ་ཟ་ཁི་ཞེས་པས་བྲིས་པ་ཡིན་ཞིང་།   ཁོང་ནི་དུས་རབས་བཅུ་དགུ་པའི་དངོས་ཡོད་རིང་ལུགས་སྨྲ་བའི་རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་ཡིན་ལ།   རླབས་ཆེན་གྱི་རྩོམ་སྒྲུང་པ་ཞིག་ཀྱང་རེད།   ཁོང་ཉིད་བྱིས་དུས་ཀྱི་དཀའ་སྡུག་གང་མང་བརྒྱུད་དེ་ལོ་ན་བཅོ་བརྒྱད་ལ་སོན་པའི་དུས་སུ་སློབ་ཆེན་ལས་མཐར་ཕྱིན་ཏེ་ཁྲིམས་རྩོད་ཀྱི་ཆེད་ལས་དེ་འཕྲལ་བསྐྱུར་ནས་རྩོམ་པ་པོ་ཞིག་བྱ་རྒྱུར་སེམས་ཐག་བཅད།  འོན་ཀྱང་ཁོང་གི་ཨ་ཕས་ལོ་གཉིས་ཀྱི་དུས་ཚོད་སྤྲད་ཅིང་དེའི་རིང་ལ་རྩོམ་རིག་གསར་རྩོམ་གྱི་འབྲས་བུ་ཐོབ་ཚེ་མུ་མཐུད་ནས་ལམ་ཁ་དེར་རྒྱུ་ཆོག་པ་དང་།   དེ་ལྟར་མ་བྱུང་ཚེ་སྔར་གྱི་བྱ་བ་གཉེར་དགོས་པའི་ཐ་ཚིག་བསྒྲགས།    ལོ་གཉིས་ཀྱི་རིང་ལ་འཆར་ཡན་རིང་ལུགས་ཀྱི་བརྩམས་ཆོས་མང་པོ་བྲིས་ཀྱང་རྩོམ་རིག་གསར་རྩོམ་གྱི་ངོས་ནས་གྲུབ་འབྲས་ངོམ་རི་བ་ཞིག་མ་ཐོབ།  བགྲང་བྱ་གཉིས་ཀྱི་རྗེས་ནས་ཕ་མས་འཚོ་བའི་གྲོན་དངུལ་མ་བྱིན་པས་འཚོ་གནས་ཀྱིས་ཕོངས་ཏེ་ཉམ་ཐག་པའི་གནས་སུ་ལྷུང་།   ལོ་ན་ཉེར་བདུན་གྱི་ཐོག་ནས་སླར་ཡང་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་ལོ་ངོ་ཉི་ཤུའི་རིང་ལ་མི་ཡུལ་གྱི་སྤྲོ་གར་ཞེས་པའི་བརྩམས་ཆོས་བསྐྲུན་ཞིང་།  བགྲང་བྱ་དེ་དག་གི་ཡུན་དུ་ཉིན་མཚན་བར་མེད་དུ་བརྩོན་པའི་ཆུ་བོ་རྒྱུན་དུ་བརྟན་པས་སྒྲུང་རྩོམ་ཚན་པ་དགུ་བཅུ་ལྷག་ཅིག་གྲུབ་ཅིང་ཁོང་གི་ཚེ་མཇུག་རྩོམ་རིག་དང་སྨྱུ་གུ་ཁོ་ནས་བསྐྱལ།   མི་ཡུལ་གྱི་སྤྲོ་གར་ཞེས་པ་མི་སྣ་ཉིས་སྟོང་བཞི་བརྒྱ་ལས་གྲུབ་པའི་བརྩམས་ཆོས་ཆེན་མོ་དེའི་ནང་དུ་མི་སྣ་བཞི་བརྒྱ་དྲུག་ཅུ་ལྷག་ཡང་ཡང་དུ་འབྱུང་བར་བྱས་ཏེ་མི་སྣ་གལ་ཆེན་དག་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བསྐྱར་མཚོན་བྱས་པས་ནང་དོན་གྱི་རྣམ་པ་ཕུན་སུམ་ཚོགས་ཤིང་སྤྱི་ཚོགས་ཀྱི་དམངས་སྲོལ་ལོ་རྒྱུས་ཆེན་མོ་ཞིག་ཏུ་གྲུབ་ཡོད།   ཁོང་གི་འཇིག་རྟེན་སྲིད་དོ་ཅོག་མི་རྟག་པ་དང་རང་བྱུང་ཁམས་ཆེན་མོ་འདི་རྟེན་ཅིང་འབྲེལ་བ་འབྱུང་བའི་བདག་ཉིད་དུ་སྨྲ་ཞིང་།    ཁོང་གི་དངོས་ཡོད་རྩོམ་རིག་གི་མི་སྣ་གསར་བཞེངས་ཀྱི་ཐད་ནས་ཕུལ་དུ་བྱུང་ཞིང་ནུབ་ཕྱོགས་ཀྱི་ས་ཁྱོན་ཡོངས་སུ་བརྒལ་ཏེ་འཛམ་གླིང་རྩོམ་རིག་གི་གྲལ་དུ་གཟིམ་དུ་མེད་པའི་སྒྲོན་མེ་འོད་ཆེན་ཞིག་སྦར་བ་སུ་ཡིས་བསྙོན།    གོང་གི་སྐྱེས་བུ་གཉིས་ཀྱིས་འཆར་ཡན་དང་དངོས་ཡོད་ཀྱིས་བསྐྲུན་པའི་རླབས་ཆེན་གྱི་མཛད་རྗེས་རེ་རེ་ནི།   སྔ་མས་རང་སེམས་གཙོ་བོར་བྱས་ནས་ཕུགས་བསམ་མངོན་གྱུར་གྱི་ཐབས་ལ་འབད་པ་དང་།  ཕྱི་མས་གཞན་སེམས་གཙོ་བོར་བྱས་ནས་དངོས་ཡོད་ཀྱི་འཚོ་བ་མངོན་པའི་ལས་སུ་འཇུག་པ།   སྔ་མས་འཆར་སྣང་དང་ལྷ་སྒྲུང་གཙིགས་སུ་བཟུང་བ་དང་།   ཕྱི་མས་དངོས་བྱུང་དང་ལོ་རྒྱུས་གཙིགས་སུ་བཟུང་བ།   སྔ་མས་ཆོས་ལུགས་དང་དད་མོས་གཙིགས་སུ་བཟུང་བ་དང་།   ཕྱི་མས་འཇིག་རྟེན་དང་དཔྱོད་ཤེས་གཙིགས་སུ་བཟུང་བ་སོགས་གཞི་ཡི་གནས་ལུགས་དང་ལམ་གྱི་བདེན་པ་མི་འདྲ་བའི་རྩོམ་རིག་གྲུབ་མཐའ་ཆེན་པོ་གཉིས་ཀྱིས་ཆབ་སྲིད་དང་མི་སྒེར་གྱི་འདོད་པ་ཁོ་ན་ཡོངས་སུ་དོར་ནས་འཛམ་གླིང་གི་མཁའ་དབྱིངས་མངོན་པར་མཛེས་པའི་ཉི་ཟླ་ཟུང་གཅིག་ཏུ་གྱུར་ཡོད།   གོང་གི་སྐྱེས་བུ་གཉིས་ཀྱི་ཕྱི་ནང་གི་ཡོན་ཏན་མ་ལུས་དེ་འདྲ་ཁོ་ནར་བདག་སོགས་འགྱུར་བའི་སྨོན་པའི་འདུ་ཤེས་ཀྱིས་སྨྲས་པ་མ་ཡིན་ཡང་།   གོང་གི་བརྩམས་ཆོས་དག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རླབས་ཆེན་གྱི་སྐྱེས་བུ་རྣམས་ཀྱི་བསུབ་ཏུ་མེད་པའི་བསམ་བློའི་རིན་ཐང་སྟེ། སྒྱུ་རྩལ་དང་ཚོར་བའི་བདེན་པར་མི་ཕྱེད་པའི་ངག་གི་རང་མདངས་འདི་དག་ནི་རྩོམ་པ་པོ་དག་གི་ལྷད་མེད་ཀྱི་ལྷག་བསམ་དང་སྤོབས་པའི་ཀ་བ་ཡིན་ལ།  འཇིག་རྟེན་གྱི་རྨོངས་མུན་རྨང་ནས་འཇོམས་པའི་ངག་གི་ཟླ་བ་དང་སེམས་ཀྱི་བདུད་རྩི་ཡིན་པས་སོ། ། 
                     
 སྤྱི་ལོ་༢༠༡༧    ༡   ༢༠ཉིན་མཇུག་གྲུབ། 
                                      རྩོམ་སྒྲིག་པ། མྱི་གསར་བ།