རྩོམ་གྱི་དབུ་རྒྱན།

    རྩོམ་པ་པོ། གཉན།


རྩོམ་གྱི་དབུ་རྒྱན།

 
                             རྩོམ་པ་པོ། གཉན། 



ན་ནིང་ལོ་མཇུག་ཏུ་དགུན་གྱི་རླུང་དམར་ལྡང་བ་དང་ལྷན་དུ་ཁམས་ལི་ཐང་གི་ཡུལ་ཁམས་སྐྱ་མོ་ལའང་རྡུལ་དམར་ཡོངས་སུ་འཚུབ་ཨེ་སོང་སྙམ་པ་ཞིག་བྱུང་། དུས་དེ་ལ། རང་ཅག་གི་ངེས་པ་དོན་གྱི་རྟོག་པ་འཆར་ཡན་གྱི་དར་མོ་ཆེ་ལྟ་བུ། རྡོ་རྗེའི་མགུར་རྩོམ་པ་ལ་མི་འཇིགས་པའི་གདེང་ཐོབ་པའི་སྐྱེས་མཆོག གཏམ་བཞེངས་པ་ལ་དབང་འབྱོར་བའི་ངག་གི་བཙན་ཕོ། ཐམས་ཅད་སྨྲ་བའི་སྙན་ངག་མཁན་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལགས་ནི་བོད་མིའི་སྙན་ངག་གི་སྤྱི་ནོར་ཆེན་པོ་ཞིག་ཡིན་པས་དམ་པ་དེ་ཉིད་ནི་འཇིག་རྟེན་ཚུལ་འཆོས་ཀྱི་མཐུར་ནག་སྐོན་ཐུབ་ས་ཞིག་མིན་པ་མ་ཟད། ཐ་ན་ཆོས་སྲིད་གཉིས་ཀྱི་ཁ་གཏད་ལ་ལངས་པ་ཞིག་ཡིན་ནའང་། ད་རེས་ཁོང་ལ་ཁམས་ལི་ཐང་ནས་དམིགས་བསལ་གྱི་བཞེས་པ་དྲངས་ནས《ཚངས་དབྱངས་རྒྱ་མཚོ་ལ་མཇལ་བ》ཞེས་པའི་སྙན་ངག་གི་འགྲན་བསྡུར་གྱི་ཤོམ་ངོམ་པ་ལ་རྩོམ་པ་པོ་རྣམས་འཐབ་ཕྱོགས་གཅིག་གི་ཡུལ་དུ་འཛོམས་སོང་ངོ་།།  དོན་དངོས་སུ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ལགས་ནི་རྟོག་པ་འཆར་ཡན་གྱི་རྣལ་འབྱོར་བ་ཞིག་རེད། རྣལ་འབྱོར་བའི་ནང་དོན་ནི་ཡང་དག་པའི་ལམ་ཉམས་སུ་ལེན་མཁན་ལ་གོ་ཡི་ཡོད་པ་རེད། གཟུ་ལུམ་གྱི་ཚོར་བ་ཤ་སྟག་ཅི་མི་སྙམ་པར་ཡི་གེའི་ནང་དུ་བླུགས་ནས་རྣལ་འབྱོར་བ་ཁོང་ལ་གང་བསམ་བསམ་དུ་མཇལ་ཐུབ་ཀྱིན་ཡོད་པ་དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཡིན་ཡང་རྒྱབ་རྩ་ལ་ཀྲུའུ་ཞིའི་སྟེགས་བུ་བཞུགས་པའི་འགྲན་བསྡུར་དག་ནི་བོད་མིའི་དེང་དུས་ཀྱི་རིག་གནས་ཀྱི་རྩལ་ཤེད་ཅིག་ཏུ་གྱུར་ཡོད་པ་ཡིན་ཡང་སྲིད། སྟེགས་བུ་དང་ལས་འཕྲོ་ཡོད་པ་དང་སྟེགས་བུ་དང་མི་འབྲལ་བ། གང་ན་སྟེགས་བུ་ཡོད་ན་དེ་རུ་གྲིབ་མ་ཡོད་སྲིད་པའི་རྩོམ་མཁན་རྣམས་ལ་རྩོམ་རིག་གི་ངོས་ནས་རེ་བ་ཆེན་པོ་ཞིག་ཡོད་པ་མ་རེད། རྩོམ་པོ་རྣམས་ལི་ཐང་རྫོང་གི་ཏང་ཨུ་དང་ཧྲུའུ་ཅི་སོགས་ཀྱིས་ཁྲིད་དེ་ཁྱུ་མཆོག་ཆེན་པོ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ལགས་ལ་མཇལ་ཐུབ་པ་དེ་ཨེ་ཧེ་ཧེ་ལས་བསོད་ཆེ་བ་ལ། མགོ་བ་དང་རྩོམ་པོ་རྣམས་ཡིད་མཐུན་གྲོས་འཆམ་བྱུང་བས་ཁྱུ་མཆོག་ཁོང་ཉིད་ལ་མཇལ་ཐུབ་པ་དེ་ཨོ་ཧོ་ཧོ་རླུང་རྟ་དར་བ་ལ། ཇི་སྐད་དུ། རྫུན་སོགས་ངག་གི་ཉེས་པ་དང་།། མ་ལུས་པ་ནི་བསྡམ་པར་བྱ།། དེ་བཞིན་ཡིད་ཀྱི་ཉེས་པ་ཡང་།། མ་ལུས་རབ་ཏུ་བསྡམ་པར་བྱ།། ཞེས་པས་ཀྱང་རྩོམ་པོ་རྣམས་ལ་དྲན་ པ་ཞིག་སོས་ན་ནི་སོས་ཚོད་ཡིན་གདའ་མོད། སྙན་ངག་སོགས་ལ་བརྟེན་ནས་འཐབ་ཕྱོགས་དང་གོ་སྐབས་འཚོལ་བའི་དབང་ཤུགས་ལ་ནི་འཇིག་རྟེན་གྱི་ཁྲེལ་མེད་ན་ནི་མེད་མོད། རྩོམ་པོ་རྣམས་ཀྱིས་ཤེས་བཞིན་ཀྱི་དྲན་པ་གཏིང་བརྗེད་དུ་གྱུར་ནས་འཇིག་རྟེན་གྱི་ཁྲེལ་ལ་གུས་པ་མེད་པར་གྱུར་ནས་དཔོན་རྣམས་དང་མཉམ་དུ་ཟང་ཟིང་བཟོ་བ་ལ་ལྟད་མོ་ཆེ་ཙམ་གདའ་འོ།། རྫུན་སློང་བའི་ཚིག་འཕྱོར་པོ་རྣམས་ལ་སྙན་ངག་ཏུ་བསྔགས་པ་ནི་ཤེས་རབ་རྡོག་རོལ་ཏུ་གཏོང་བའི་ཡུལ་སྡུག་ཐུག་རྣམས་མ་གཏོགས་ཨེ་ཡོད་མི་ཤེས། ཤིས་པ་ཐམས་ཅད་ཀྱི་རྟེན་འབྲེལ་བཤིག་ནས་ཡུལ་མི་བདེན་པ་འགའ་ཞིག་ཏུ་ཡིག་རྩལ་ངོམ་པ་ལ་སྙན་ངག་ཏུ་འབོད་མཁན་ཡང་ད་ལྟའི་རང་རེའི་ཡུལ་འདི་མ་གཏོགས་ཨེ་ཡོད་མི་ཤེས། མཁས་པ་ན་རེ། གང་ལ་རང་གི་ཤེས་རབ་མེད།། དེ་ལ་བསྟན་བཅོས་ཅི་བྱར་ཡོད།། མིག་གཉིས་དང་ནི་བྲལ་བ་ཡི།། མེ་ལོང་གིས་ནི་ཅི་ཞིག་བྱ།། ཞེས་ཟུར་ཟ་དཔེ་མེད་པ་གནང་བ་འདི་ཡང་རང་རེ་རྣམས་ལ་གོ་བརྡ་སྤྲོད་བྱེད་ཀྱི་རྡོ་རྗེའི་གླུ་སྙན་མོ་ཞིག་ཡིན་པར་སྙམ་མོ།།  
ཡང་དེའི་ཡར་སྔོན་དུ《ཟླ་ཟེར》དང《མི་རིགས་རྩོམ་རིག》གཉིས་ནང་གྲོས་བྱུང་སྟེ། གོང་མའི་རིག་རྩལ་གྱི་སྒྲོམ་གྱི་ནང་དུ་རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་བསྡུར་ཡོངས་བསྒྲགས་མཛད་པ་ལ་སྙུག་ཐོགས་པ་རྣམས་སེམས་འགུལ་ཐེབས་ནས་སྒྲོམ་གྱི་ནང་དུ་རང་རང་གི་ཆས་སྤྲས་ཏེ་ཕྱོགས་ཕྱོགས་ནས་ལྷན་དུ་འཛོམས་སོང་ངོ་།། དེ་ནས་ད་རེས་རྒྱལ་ཡོངས་སྒྲུང་ཐུང་འགྲན་བསྡུར་གྱི་སྔོན་བརྡ་ཡང་ལོ་སོ་མའི་ནང་གི་སྐུ་རིམ་ནང་བཞིན་མི་སྐོང་ཐུ་མེད་དུ་གྱུར་ཡོད་ས་རེད། སྔ་གཞུག་གང་ལ་བལྟས་ཀྱང་ད་ནི་དངོས་པོའི་དབང་གྲགས་ཀྱི་སྐྱབས་བཅོལ་ལ་བསྟེན་ནས་མི་རབས་ཤིག་སྒོ་ཀུན་ནས་སྐར་དམར་ལམ་ལམ་འཚེར་བའི་ཕྱོགས་སུ་ཆིབས་སྒྱུར་གནང་དང་གནང་མུས་སུ་ཡོད་པ་འདི་ཨེ་མ་ཧོ་ཧོ། རྩོམ་ལ་མ་གཞི་ནས་ཡོད་འོས་པའི་དབུ་རྒྱན་དེ་རྡུལ་དམར་གྱིས་གོས་སོང་། སྒྲོམ་གྱི་ནང་དུ་ཡང་ཡང་བཅུག་སོང་། རྩོམ་གྱི་མི་ཆོས་དབུ་རྒྱན་དེ་ལ་རང་བཞིན་དུ་ཡོད་པའི་ཕྲ་རྒྱན་རྣམས་ཀྱང་བརྗེ་རེས་བྱས་ཆོག་པ་ཞིག་ཡིན་འདུག མི་རྟག་པའི་ཁྲ་ཁྲ་དག་དང་བརྗེ་རེས་གནང་ཆོག་པ་ཞིག་ཡིན་འདུག དེ་ཡང་འགྲན་བསྡུར་ཙམ་གྱིས་ཡེ་ནས་མི་ཚད་དེ། ཟང་ཟིང་གི་ཁྲོད་ནས་རུམ་གྱི་བྲོ་ལྷུང་བའི་ཉེན་ནི་ཤིན་ཏུ་ཆེའོ།།
  འགྲན་བསྡུར་འདི་དག་ལ་ཐུན་མོང་གི་རྟགས་དང་ལྟས་མཚུངས་ཐག་ཆོད་པ་ཞིག་ཡོད་དེ། ནང་དོན་ལ་ཅིག་ཅིག་ཉིག་ཉིག་ཡོད་མི་ཆོག་ཟེར་བ་དང་། ནང་དོན་བདེ་ཐང་ཡིན་དགོས་ཞེས་སྔོན་བརྡའི་ནང་དུ་ཚོགས་གཏམ་སྐད་བསྐུར་གཏོང་རྒྱུ་དེ་ཧ་ལམ་ཡིག་ཆའི་དོན་ཚན་གཙོ་བོ་ཞིག་ལ་གྱུར་འདུག རྩོམ་པོ་རྣམས་ཀྱི་སྨྲ་བརྗོད་དང་འབྲེལ་བ་ཡོད་པའི་ཡུལ་གཏུམ་པོ་འདི་ནི་དུས་བཞིར་གྲང་ངར་འུར་འུར་ལྡང་བའི་དགུན་དུས་ཁོ་ན་ལས་དུས་ཚིགས་གཞན་རྣམས་ཀྱི་ལང་ཚོ་ནི་ཡུལ་འདི་རུ་རྩ་བ་རྡོ་རྗེ་གདན་ནས་ངོམ་ས་མི་འདུག་པས་ཡིད་བརྙན་འདི་ལ་བློ་ལྡན་རྣམས་དགོད་ན་དགོད་རྒྱུ་ཡོད་པ་ཞིག་རེད། དེ་ནི་ལོ་རབས་བརྒྱད་ཅུ་བའི་ནང་ནས་བཟུང་ད་བར་དུ་རྒྱུན་འཁྱོངས་བྱས་པའི་ཁོ་པ་ཚོའི་བདེན་པའི་ཨུ་ཚུགས་ཀྱི་འཐབ་རྩོད་རེད། ཁོང་ཚོས་རྟག་པར་འདི་ལྟར་བཤད་སྲིད་དེ། “ད་བར་དུ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་དང་། རིག་གནས་སོགས་གང་ཅིའི་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅེས་པ་ལྟ་བུ་དང་། ཡང་ཕྱོགས་ཡོངས་ནས་གྲུབ་འབྲས་ཀྱང་བླ་ན་མེད་པ་ཞིག་བླངས་ཡོད་ཅེས་པ་ལྟ་བུ། སྲིད་བྱུས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་པ་ལྟ་བུ། འཚོ་བར་བདེ་སྐྱིད་ཀྱི་བཀྲག་མདངས་བྱུགས་པ་ལྟ་བུ། དམིགས་འབེན་གསར་བ་ཞིག་དང་འཆར་གཞི་གསར་བ་ཞིག་མགོ་རྩོམ་དགོས”ཞེས་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་ཐོན་རྫས་ལྟ་བུའི་སྐད་ཆའི་འདག་རྫས་དག་གིས་ནི་རྟག་ཏུ་རྩོམ་པོ་རྒན་དར་གཞོན་གསུམ་གྱི་ཀླད་དབང་མུ་ནས་མུར་བཀྲུས་དང་འཁྲུད་ཀྱིན་ཡོད་པ་རེད། དེ་ལྟ་དེ་ལྟར། ཁོང་ཚོའི་རིག་རྩལ་གྱི་རྩ་བའི་ཁ་ཕྱོགས་དང་འཚམ་པའི་ཆོ་ག་དང་ཕྱག་ལེན་དེ་དག་ནི་དངོས་བརྒྱུད་གཉིས་ནས་རང་རེ་རྣམས་ཀྱི་རབས་རེ་རེའི་རྩོམ་པོའི་དཔུང་སྡེ་དང་དཔུང་སྡེ་དེ་ཡི་ཆོ་ག་དང་ཕྱག་ལེན་ལ་གྱུར་དང་འགྱུར་གྱིན་ཡོད་པ་དང་། རྩོམ་མཁན་མང་མང་གི་བརྩམས་ཆོས་དང་མི་ཚེའང་ཆོ་ག་དང་ཕྱག་ལེན་དེ་དག་གི་འབུད་རྡུང་དཀྲོལ་གསུམ་དང་འགྲོགས་ནས་འགྲོ་བཞིན་ཡོད་པ་རེད་ལ། རྩོམ་མཁན་མི་སྒེར་རེ་རེ་ཡི་བསམ་པའི་འགྱུར་ཁུགས་དེ་ཚད་ངེས་ཅན་ནས་མི་རིགས་ཤིག་གི་རྩོམ་རིག་གི་དབྱངས་འགྲོས་སུ་གྱུར་བ་དང་འགྱུར་བའི་སྐབས་ཀྱང་གང་མང་མང་ཡོད་སྲིད་དོ།། དུས་ཐུང་གི་ནང་དུ་རླུང་རྟ་རྒྱུགས་པ་ལ་བྲེལ་འཚུབ་ལངས་ནས་ཆོ་ག་དང་ཕྱག་ལེན་དེ་དག་གི་ནང་དུ་ཞུགས་མཁན་ཚང་མས་གནས་སྐབས་ཀྱི་གྲགས་པ་ཁོ་ན་ཙམ་མ་གཏོགས་རྩོམ་རིག་གི་མཐར་ཐུག་གི་རྣམ་དཔྱོད་ནི་རྙེད་པར་དཀའ་འོ།།
རང་རེའི་རྩོམ་རིག་ལ་རེ་བ་ཡོད་དང་མེད་ནི་མདོར་དེད་ན་རྩོམ་རིག་ལ་གུས་པ་ཡོད་མེད་དང་རྩོམ་མཁན་ལ་ཁེར་ཚུགས་ཀྱི་རྣམ་དཔྱོད་ཡོད་དང་མེད་ལ་རག་ལས་ཡོད་ཤག་ཤག་རེད། རྩོམ་རིག་ཅེས་པ་འདི་དཔོན་ཆུང་རྣམས་ཀྱི་ལག་ནང་གི་ཆང་དཀར་བསིལ་མ་དང་ཁ་ནང་གི་སྐད་ཆའི་རྩལ་གཉི་གའི་གང་ཡིན་ནའང་མ་བརྗེས་ན་བཟང་། དབང་ཆ་དང་དབང་ཆའི་རྗེས་འདེད་པ་ཡོད་པའི་སྤྱི་སྒེར་གྱི་འབྲེལ་བ་ཚང་མ་རྩོམ་པ་པོ་ཞིག་ལ་མཚོན་ན་མི་ཉིད་ཀྱི་མ་རིག་པ་ནང་བཞིན་འདོར་ཐུབ་ན་ནི་མཆོག་ཡིན་ནོ།། གང་ལ་ཟེར་ན་རྒྱ་ནག་གི་ཀོ་མོ་རོ་ལྟ་བུ་དང་བོད་ཀྱི་དགེ་བཤེས་ཤེས་རབ་རྒྱ་མཚོ་ལྟ་བུའི་སོ་ན་མི་གནས་པའི་སྲིད་བྲན་སྐུ་མགྲོན་ཞིག་མ་བྱས་ན་བཟང་ངོ་སྙམ། རྩོམ་ཇི་འདྲའི་ལེགས་པོ་ཡོང་ཡོད་ནའང་མི་ཆོས་ཀྱི་མ་མཐའི་གཏད་སོ་ནི་མགོ་ནག་མི་ཡིན་པ་ལ་འདྲ་འདྲ་བྱས་ནས་་དགོས་པ་རེད། གང་ལྟར་ཆབ་སྲིད་གྲོས་མོལ་དང་འདྲ་བའི་རང་རེའི་འགྲན་བསྡུར་དེ་དག་ནི། བོད་ཡུལ་གྱི་བསང་རླུང་རྟ་ནང་བཞིན་དུས་དང་དུས་སུ་མཆོད་ཀྱིན་ཡོད་ནའང་། རྩོམ་རིག་ཅེས་པ་དེ་རྙེད་པའི་ལས་སྐལ་དང་བསོད་ནམས་ཀྱི་ཚོགས་ནི་སྔ་མོ་ནས་རྫོགས་ཚར་བས་ངོ་མཚར་ལྟད་མོ་དག་ནི་ཡུལ་དེ་ག་ན་ཡེ་ནས་མེད་དོ།།
མིག་སྔར་ཀྲུང་གོ་ནི་རྩོམ་རིག་གི་འགྲན་བསྡུར་ཆེས་མང་བའི་རྒྱལ་ཁབ་ཞིག་ཡིན་སྙམ་གྱིན་ཡོད། འགྲན་བསྡུར་ཆེས་མང་བའི་རྩོམ་རིག་ལ་བློས་ཐུབ་ཀྱི་རྩོམ་པ་པོ་དང་སྙན་ངག་པ་འབྱོན་མི་ཐུབ། དེ་བཞིན་དུ་བོད་མིའི་རྩོམ་རིག་ཅེས་པ་འདི་ཡང་ཡུལ་དུས་ངེས་མེད་དུ་འགྲན་བསྡུར་སོགས་དང་འདྲིས་འདྲིས་གཤིབ་གཤིབ་ངང་ལ་ཁ་ལས་དགེ་དགོས་པའི་ཤན་ཞུགས་ཆེན་པོ་ཐེབས་ནས་ཡོད་པའི་དུས་ཚོད་ཅིག་རེད། འདི་ནི་བསླུ་བྲིད་དང་འདི་ནི་ལོག་ལམ་གྱི་སྣང་ཚུལ་ཡིན་པ་ལས་རེ་བའི་རྨི་ལྟས་མ་ཡིན་ཀྱེ། རྩོམ་རིག་གི་འགྲན་བསྡུར་འདྲ་མི་འདྲ་དག་ནི་གནས་སྐབས་ཀྱི་རོལ་རྩེད་ཙམ་ཞིག་མ་ཡིན་པར་དེས་ནི་རྩོམ་མཁན་རྣམས་ཀྱི་སེམས་ཁམས་དངོས་བརྒྱུད་གཉིས་ནས་ནོམ་པའི་ཐོག་ཏུ་དཀྱུས་འགྲོ་ཡི་ཡོད་པ་རེད། ཅི་ཙམ་ནོམ་པ་ཅན་གྱི་སེམས་ཁམས་ཡིན་ན་རྩོམ་རིག་བརྩམས་ཆོས་ནི་དེ་ཙམ་ཉོན་མོངས་དང་འགྲོགས་ཡོད་པས་གཉུག་མའི་དྭངས་མ་རྣམས་ནི་སད་དཀའ་འོ་སྙམ་གྱིན་ཡོད། སྤྱིར་ན། ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་སོགས་ནི་ཤེས་རབ་འཕེལ་བའི་ནོར་གྱི་གྲས་སུ་བཞག་ཏེ་དེ་ལ་རྟག་ཏུ་མཆོད་པ་ཡིན་མོད། ད་ལྟའི་དུས་སུ། ཤེས་རབ་ལ་མཆོད་པ་དང་གུས་གཙི་གནང་བའི་འདུ་ཤེས་དེ་ཉིད་རྒྱུད་ལ་སྨིན་རེ་དཀའ། ནོམ་པ་དང་ནོམ་པའི་རྗེས་སུ་འབྲང་བའི་རྩོམ་རིག་བརྩམས་ཆོས་ཡིན་ན་འདྲ། ནོམ་པ་དང་ནོམ་པའི་རྗེས་སུ་འབྲང་བའི་རྩོམ་མཁན་ཡིན་ན་བླ། འཇིག་རྟེན་མཐོང་བའི་མིག་མེད་ན་ལེགས་ཚོགས་རྟེན་འབྲེལ་ཐམས་ཅད་མཐའ་མཇུག་མི་སྣང་ངོ་།།
ནན་ཏན་དང་བསམ་པ་ཐག་པ་མེད་ན་རྒྱུ་འབྲས་སྤང་བླང་གི་ལྟ་མགུར་རྒྱུད་ལ་མི་སྨིན་ནོ།། རྩོམ་ནི་བརྩེ་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པས་དེ་ནི་ནོམ་པས་སྐེམ་ཐུབ་ཟེར་ན་ཁ་མཚར་ཨེ་ཡིན་ནམ། རྩོམ་ནི་གདུང་བའི་རི་བོ་ལྷུན་སྟུག་ཅིག་ཡིན་པས་དེ་ནི་ནོམ་པས་སྒུལ་ཡོང་ཟེར་ན་ཤགས་རྒྱག་པ་ཨེ་ཡིན་ནམ། རྩོམ་ནི་ཚིག་གི་སྟར་ཕྲེང་རིང་མོ་དེ་མ་ཡིན་པར་ནང་དུ་ལན་གཅིག་སོང་བས་ཀྱང་ཚེ་འདི་ངོགས་ལ་མི་བརྗེད་པ་ཞིག་ཡིན་འདུག་གོ། རྩོམ་ནི་བཀྱིགས་ཐག་ཅི་ཡང་མེད་པའི་བསམ་པའི་རྫོགས་ལྡན་གྱི་འཇིག་རྟེན་ཞིག་ཡིན་འདུག་གོ  ཡུལ་འཛམ་བུ་གླིང་གི་ཤར་ནུབ་གང་ཡིན་ནའང་། རྩོམ་རིག་སྒྱུ་རྩལ་ལ་བརྟེན་པའི་སྐྱེས་བུ་ཚང་མ་རང་རྒྱུད་ཀྱི་རྟུལ་ཕོད་དང་རྒྱུ་འབྲས་དྲན་ཤེས་ལས་ཉམས་རྟོགས་སད་པ་ཡིན་པས་རྩོམ་གྱི་ཕ་ཡུལ་ནི་བླ་སྲོག་གི་ནང་ན་ཡོད་པ་ལས་ཕྱི་ན་ནི་མེད་དོ།།
འགྲན་བསྡུར། འགྲན་བསྡུར། རང་རེ་རྣམས་དགའ་ས་ལ་རྡུལ་འཚུབ་ལང་ལོང་གི་འགྲན་བསྡུར་འདི་དག་ཡོད་འདུག རྩོམ་པའི་བྱ་བ་ལ་འཇུག་གིན་པའི་སེར་སྐྱ་ཕོ་མོ་རིས་མེད་ཀྱི་དབུ་རྒྱན་ལ་བླུན་ཞད་ཅི་བས་ཆེ་བའི་ཞྭ་མོ་དམར་པོ་འདི་བ་གྱོན་ནས་གང་ས་གང་དུ་ཕེབས་ཀྱིན་པ་དེ་ཁྲིམས་མཐུན་གྱི་ཁེ་དབང་ཡིན་པས་ལོས་གྱོན་ལགས། མང་མང་ནི་དེ་འདྲ་ཡིན་ཡང་། རྡུལ་དམར་ལང་ལོང་དབུས་སུ། ཡང་སྙུག་གུའི་མདུང་མོ་ཆེ་དེ་ཕྱིར་བསྐོར་ནས་རྒྱུ་འབྲས་ཀྱི་ཆེད་དུ་མི་བཀྱེད་པའི་སྙིང་བོ་ཆེའི་རྗེས་སུ་འབྲང་མཁན་ཡང་ཡོད་དེ། འདིའི་སྔོན་ཏག་ཏག་ལ་རྩོམ་པའི་མགོ་འཕངས་མི་ཞུམ་མཁན། བློ་མིག་ཁ་རྗེ་ལྷུན་ནེར་ཡོད་པ། བླུགས་མའི་ནང་གི་སྙུང་བུ་ལྟ་བུའི་ཚབ་ཐུབ་པ་རྩོམ་མཁན་མཛེས་སེ་ལགས་ཀྱིས《སྦྲང་ཆར》གྱི་འདེམ་བསྐོའི་ཚོགས་གཏམ་ལ་རང་ངོས་ཀྱི་གཏམ་ཁུངས་ཐུབ་ཡོངས་བསྒྲགས་གནང་བའི་གནས་ཚུལ་ཁ་གསལ་ཞིག་མཐོང་ཐོས་བྱུང་བ་ལ་དགའ་མགུ་ཡི་རང་ཡོད།   རྩ་འཛུགས་སོགས་ཀྱི་སྔ་སོར་རང་ལྟ་ལྷུག་པོར་སྨྲ་བའི་སྙིང་རུས་ཕོ་ཚུགས་ནི་སྙུག་གུ་ཐོགས་ཚད་རྣམས་ལ་ངེས་པར་ཡོད་འོས་པའི་བློ་མིག་ཡིན་སྙམ་མོ།། རོལ་རྩེད་ཀྱི་ཁྲོད་དུ་མི་རྣམས་ཀྱིས་རང་མགོ་ཐོན་པ་ལ་འབད་པ་ཧུར་ལེན་གནང་དྲགས་ནས་སྐབས་སྐབས་སུ་དཀར་ནག་གོ་ལྡོག་པའི་ལྟད་མོ་མུ་ནས་མུར་མཐོང་ཐུབ་པ་ནང་བཞིན། དེང་གི་དུས་སུ། རྩོམ་པོའི་དཔུང་སྡེ་འདི་ཡང་རྟ་མོག་མོག་གི་སྤུ་ནང་བཞིན་ཉོག་དྲ་ནི་ཅི་བས་ཆེའོ།། བོད་སྐད་ཀྱི་རྩོམ་ལ་ཕྱག་ལས་གནང་བའི་རྩོམ་པོ་མང་མང་ལ་ཞིབ་ཏུ་གཟིགས་ན་ནི་དཔུང་ཁག་དཔུང་ཁག་བྱས་ནས་རང་རང་གི་བྲག་རི་བརྩིགས་ནས་འདུག་པ་དང་། ཁུལ་ག་གེ་མོའི་རྩོམ་པ་པོའི་ཚོགས་མི་ཟེར་བ་དང་། ཞིང་ཆེན་ག་གེ་མོའི་རྩོམ་པ་པོའི་ཚོགས་མི་ཟེར་བ་སོགས་དང་། པེ་ཅིན་གྱི《མི་རིགས་རྩོམ་རིག》ཟེར་བ་སོགས་མདོར་ན་བོད་ཀྱི་རྩོམ་རིག་གི་དམར་ཟས་ཐུན་མོང་མ་ཡིན་པ་དེ་དག་ཡོད་ནི་ཡོད། རྩོམ་མཁན་སྒེར་བ་རེ་རེའི་མདུན་ལམ་ལ་སྟབས་བདེ་བསྐྲུན་ཐུབ་པ་དང་། རྩོམ་མཁན་སྒེར་བ་རེ་རེ་ཤུགས་ཆེན་པོས་བསྒྲགས་པས་ནི་རང་རེའི་རྩོམ་རིག་ལེགས་ལམ་དུ་འགྲོ་བཞིན་པ་རྦད་དེ་མི་མཚོན། དེ་ནི་རྟག་ཏུ་དམར་ཟས་རང་སྟེ། དམར་ཟས་ཟ་མཁན་གྱི་དཔུང་རྣམས་ཆིག་སྒྲིལ་ངང་དུ་འགྲོ་བ་དེ་རེད། དམར་ཟས་ཀྱི་ནང་ན་ཡོད་པའི་རྫས་དེས་བསྐྱེད་པའི་རྩོམ་པོ་རྣམས་ཀྱིས་མཚན་སྙན་དང་གོ་སྐབས་ཨང་དང་པོར་འཇོག་པའི་འདུ་ཤེས་ཤིག་ཚང་མ་ལ་ཆགས་ཀྱི་ཡོད་པ་རེད། དོན་ངོ་མའི་རྒྱུ་འབྲས་དང་སྙིང་རྗེ་དང་བརྩེ་གདུང་སོགས་གནས་ཚུལ་ལ་བལྟས་ནས་བརྗོད་པ་ལས་དོན་དངོས་ཀྱི་ཡུལ་དངོས་རྣམས་ནི་གསང་བ་དང་གབ་པ་དང་ཡིབ་པར་བྱེད། ད་ལྟའི་དུས་ཀྱི་དམར་ཟས་ཟ་མཁན་གྱི་རྩོམ་པོ་ཕལ་མོ་ཆེའི་སྐད་ཆ་ནི་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་མཇུག་གི་ཨུ་རུ་སུའི་རྩོམ་མཁན་རྣམས་ཀྱི་སྐད་ཆ་དང་འདྲ་བར་སྦས་ཞད་ཆེ་མོད་ཀྱི། ཁོང་རྣམས་ཀྱིས་ནི་དོན་རྡོ་རྗེའི་ཚིག་རྐང་འདྲ་བོ་དག་གསང་བ་དང་གབ་པའི་སྒོ་ནས་འཆད་ཡོད་པས་ཤེས་རབ་ཅན་རྣམས་ཀྱིས་གོ་ཐུབ།  རང་རེའི་རྩོམ་པོ་རྣམས་ཀྱིས་ནི་དོན་རྡོ་རྗེའི་ཚིག་རྐང་དག་ལ་རྒྱབ་ཀྱིས་ཕྱོགས་ཏེ་གསང་བ་དང་གབ་པ་ལ་དངོས་སུ་མགོ་བོ་སྨད་འགྲོ་བ་རེད།    ཁོང་རྣམས་ཀྱི་དུས་རབས་དེའི་མཇུག་ནི་སྐྱོ་གར་སྙིང་སྟོབས་ཡོད་པའི་དུས་རབས་ཤིག་གི་མཇུག་མཐའི་རྩོམ་པོའི་དཔུང་སྡེ་ཞིག་ཡིན་པ་དང་། རང་རེ་རྣམས་ནི་དུས་རབས་འདིའི་ཡུལ་དངོས་ནས་དམར་ཟས་ཀྱི་རྒྱས་སྤྲོས་ཀྱིས་དུས་འདའ་བར་བྱེད་པའི་རྩོམ་པོའི་དཔུང་སྡེ་ཞིག་ཏུ་ཆགས་འགྲོ་ཡི་ཡོད་པ་ལ་སྐྱེས་བུ་བློ་མིག་ཅན་རྣམས་ཀྱིས་ལྟད་མོ་ལྟོས་ཤིག་ཀྱེ། གང་ལྟར་རང་རེའི་སྙུག་གུ་འཆང་མཁན་དག་གི་ལག་ན་སྐབས་ལ་ལར་རང་རེའི་མི་དང་ས་གཞི། ནམ་མཁའ་གསུམ་པོ་བཟུང་ཡོད་པ་ལ་ངེས་པར་ཕན་ཚུན་དྲན་གསོ་དགོས་པའི་དུས་ཀྱང་ཡོད་ཤག་ཤག་ཡིན་ཙང་།  དེ་རིང་གི་གཏམ་འདི་དག་ནི་ཀུ་རེ་ཡེ་མིན་ནའང་མི་དགའ་མཁན་རྣམས་ཀྱིས་གཏམ་ཡ་མ་བརླ་ལ་བརྩིས་པས་ཆོག བལྟས་བསྡད་ན་ནི། རང་རེའི་རྩོམ་པོ་རྣམས་ཀྱིས་རྩྭ་མང་པོ་མི་བཟའ་བར་ལྕི་བ་མང་པོ་གཏོང་བར་འདོད་པ་དང་། ལྕི་བ་གཏོང་བའི་མཚན་སྙན་དང་བྱས་རྗེས་ཉི་ཚེ་བའི་ཆེད་དུ་གོ་ལོག་སྦྱོར་ལོག་སྣ་ཚོགས་པ་བརྩམས་ནས་རང་དོན་རྟ་རྔ་ཙམ་འགྲུབ་པ་ལ་རི་བོ་གངས་ཅན་པའི་རྩོམ་རིག་གི་རྣམ་དཔྱོད་ལ་རྒྱབ་ཀྱིས་ཕྱོགས་འགྲོ་བ་དང་། རང་གཞན་ཀུན་གྱི་རྒྱུད་ཀྱི་མི་ཆོས་རིག་གནས་ཀྱང་དུས་དུས་སུ་ཅི་མི་སྙམ་པར་བོར་འགྲོའོ།།
འདི་ནི་རོལ་རྩེད་ཤུགས་ཆེ་བའི་དུས་སྐབས་ཤིག་རེད། རྒྱ་བླ་རྣམས་ཀྱིས་རྣམ་པ་རིང་ལུགས་ཀྱི་མཆོད་རྟེན་ལས་པ་དང་འདྲ་བར། རྩོམ་པོ་རྣམས་ཀྱིས་ཀྱང་རྣམ་པ་རིང་ལུགས་ཀྱི་བརྩམས་ཆོས་བཞེངས་པ་རེད། མཆོད་རྟེན་ནི་མི་སྨྲ་བའི་རང་བཞིན་གྱི་དངོས་པོ་ཡིན་པས་རྣམ་པ་རིང་ལུགས་ཀྱི་མཛེས་པ་ཞིག་ཡིན་ཆོག་ནའང་།     རྩོམ་ནི་སྨྲ་བའི་རང་བཞིན་གྱི་བསམ་པའི་ཞིང་བཀོད་ཀྱི་བདག་པོ་ཡིན་པས་དེ་ནི་རྣམ་པ་རིང་ལུགས་ཀྱི་ཡིག་ཚོགས་ཤིག་ཡེ་ནས་ཡིན་མི་རུང་། ཏག་ཏག་དུས་འདི་ནི་བོད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་གཉི་གའི་གང་ཡིན་རུང་ངེས་པར་དུ་དྲན་ཤེས་བསྟེན་ཤེས་པ་དང་དྲན་ཤེས་བསྟེན་ཐུབ་པ། ཡུལ་དུས་གང་ཡིན་ནའང་དྲན་ཤེས་ཀྱི་རྫི་གསེང་ཧ་ཅང་རྣོ་དགོས་པའི་དུས་སྐབས་ཤིག་ཡིན། རྩོམ་པ་པོ་རྣམས་ཀྱི་དྲན་ཤེས་ནི་མི་རིགས་གང་དེའི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་རིག་གནས། ལས་དབང་སོགས་ལ་འབྲེལ་བ་དམ་པོ་ཡོད་པས་དྲན་ཤེས་ལ་ནམ་ཡང་ངོ་མི་ལོག་པར་བྱའོ།།    
 འོ་ན་མི་རིགས་གང་ཞིག་གི་རྩོམ་རིག་གི་དྲན་ཤེས་དེ་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ་ཉམས་འགྲོ་ཞེས་ན། ཨ་གསར་ཆེ་བའི་འཚོ་བ་སྣ་ཚོགས་པ་རོལ་ནས་དངོས་པོས་བསླུས་པ། གནས་སྐབས་ཀྱི་དབང་ཤུགས་ལ་རྒྱབ་རྟེན་གནང་བ། སྲིད་བྱུས་ཀྱི་རྗེས་སུ་འབྲང་བའི་རིག་རྩལ་གྱི་ཁ་ཕྱོགས་དང་དཔུང་སྒྲིལ་བ། གཟི་བརྗིད་དཔང་ཡིག་སོགས་ཀྱིས་རྩོམ་མཁན་གྱི་མི་ཚེའི་སྙིང་བོ་མངོན་པ་ལ་རྨོངས་དད་བྱེད་པ། སྐད་གྲགས་ཆེ་བའི་མི་སྣ་ལ་ལའི་ཐབས་མཁས་ཀྱི་སྐད་ཆ་ལ་རློམ་པ། དབང་ཤུགས་ཀྱི་རྗེས་སུ་འབྲང་ནས་གོ་མི་ཆོད་པའི་དེབ་རྒན་རྩོམ་པ་ལ་ཁ་ཕོ་ཆེ་བ། འཕྲལ་ལ་ཕན་པ་དང་ཕུགས་ལ་གནོད་པའི་གཏམ་སྨྲ་བ་ལ་མི་འཇིགས་པ། ཡུལ་དུས་ངེས་མེད་དུ་དགོས་དབང་གི་རྫུན་ཤོད་པ་ལ་བྱང་བ། ཡུལ་མིའི་སྐྱིད་སྡུག་དང་ཁ་ཡ་མི་བྱ་བའི་དྲན་འཕྲུལ་ལ་གོམས་པ། རྩ་འཛུགས་གང་གི་དངུལ་ལོར་ཡི་སྟོབས་ཤུགས་ལ་བསྟེན་ནས་རྩོམ་པ་པོ་སྐྱེད་སྲིང་གནང་བའི་གཏམ་ལ་ཡིད་ཆེས་པ་སོགས་ཆོ་འཕྲུལ་སྣ་དགུའི་ཀུ་རེ་ཡི་འཚོ་བའི་ཁྲོད་དུ། རྩོམ་པ་པོའི་དཔུང་སྡེ། རྩོམ་སྒྲིག་པའི་དཔུང་སྡེ། ཐ་ན་ཀློག་པ་པོའི་དཔུང་སྡེའང་ཚུད་དེ་ང་ཚོ་ཚང་མས་མི་སྐྱོན་མི་སྐྱོན་སྙམ་གྱིན་བསམ་མེད་ཚོར་མེད་དུ་མགོ་བོ་རྨོངས་པར་བྱེད་དོ།། མགོ་བོ་རྨོངས་ནས་ཀྱང་རང་རེའི་རྩོམ་གྱི་དབུ་རྒྱན་དེ་མི་བུ་རང་ངོས་ན་ལྷང་ངེར་གསལ་བའི་བདེན་དགེ་མཛེས་གསུམ་གྱི་སྲོག་དབང་ཡོད་ས་ཞིག་ཡིན་པ་ཡུལ་དུས་སྣ་ཚོགས་ནས་མང་མང་གིས་ནམ་ནམ་ཞར་ཞར་ལ་བརྗེད་འདུག  མི་ཉིད་ཀྱི་བླ་སྲོག་དང་ཐད་ཀར་འབྲེལ་བ་ཡོད་པའི་རྩོམ་གྱི་དབུ་རྒྱན་དེ་དགོས་མཁོ་ཡོད་དུས་ཡོད་དུས་སུ་ཚུལ་འཆོས་ཀྱིས་གྱོན་ཆོག་པ་དེ་འདྲ་ཞིག་ཨེ་ཡིན་མི་ཡིན་རང་ཉིད་ཀྱི་རྒྱུ་འབྲས་བློ་མིག་ལ་ཚ་འདྲི་གནང་རྒྱུ་མཁྱེན་མཁྱེན།།
མཇུག་མཐར་བདག་གིས་སྤོབས་པ་ཆེན་པོས་བཤད་འདོད་པ་ནི། དོན་ངོ་མའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་དོན་སྙིང་ཅན་དང་རྩོམ་མཁན་དོན་སྙིང་ཅན་རྣམས་དངོས་གནས་ལྷང་ལ་འབུད་དགོས་ན་ད་རུང་ལོ་སུམ་ཅུ་ཐམ་པའི་དུས་ཚོད་དགོས། ལོ་སུམ་ཅུ་ཐམ་པའི་རྗེས་སུ་མ་གཏོགས་བོད་ཀྱི་དེང་རབས་རྩོམ་རིག་ལ་མཚོན་ན་དངོས་གནས་དྲང་གནས་ཀྱི་བརྩམས་ཆོས་དོན་སྙིང་ཅན་རྣམས་དང་རྩོམ་མཁན་དོན་སྙིང་ཅན་རྣམས་དངོས་སུ་འབྱོན་མི་ཐུབ། ལོ་སུམ་ཅུ་ཐམ་པའི་དུས་ཚོད་དེ་ནི་བརྩམས་ཆོས་ཆིག་རྐྱང་བ་དང་རྩོམ་མཁན་ཆིག་རྐྱང་བའི་ངོས་ཀྱི་རེ་བ་དང་འབྲེལ་བའི་གོ་རིམ་ཁོ་ན་ཞིག་མ་ཡིན་པར། ཡུལ་དུས་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ངེས་ཅན་ཡོད་པའི་དུས་ཚོད་ཀྱི་བཙོ་སྦྱོང་བརྒྱུད་རྗེས། བོད་ཀྱི་རྩོམ་རིག་ལ་མཚོན་ན་དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ་ལྟ་བུའི་སྐལ་ལྡན་ལས་འཕྲོའི་དུས་ཚོད་ཅིག་དང་འཕྲད་སྲིད་པའི་གདེང་སྤོབས་ཁོང་ནས་སྐྱེས་ཡོད་པ་དང་། དེ་ནི་ད་ལྟའི་དུས་ཀྱི་ཤེས་རབ་ཀྱི་སྤྱན་དཀྱུས་ཡངས་པ་དང་། བློ་མིག་ཁོང་ནས་སད་པའི་རང་རེའི་རྩོམ་མཁན་ལ་ལའི་ཐུན་མོང་མ་ཡིན་པའི་གོམ་སྒྲ་ལ་ཉན་ནས་དུས་ཚོད་ཀྱི་ཕྲེང་རིང་མོ་འདི་བརྒལ་བ་ལ་དབྱེ་ཞིབ་དང་སྔོན་དཔག་གནང་བའི་བློ་སྔོན་དུ་སོང་སྟེ་ཡིད་ཆེས་རྙེད་པ་ཡིན་ནོ།།    

                                2018.5. 4ཉིན།

                                                       རྩོམ་སྒྲིག་པ། མྱི་གསར་བ།