སྙན་ངག་ལ་འཇུག་པའི་ལམ་གྱི་བདེན་པ།

    རྩོམ་པ་པོ། དབལ་མེ།

                   སྙན་ངག་ལ་འཇུག་པའི་ལམ་གྱི་བདེན་པ།
              -------འདི་ནི་སྙན་ངག་རང་སྟེང་གི་བདེན་པའམ་གཤིས་ལ་གཞོལ་ཅི་ཐུབ་བྱས་པ་ཞིག་ཡིན།

                                                  རྩོམ་པ་པོ་དབལ་མེ།


                སྙན་ངག་འབྲི་བསམ་ན་ཐོག་མར་གང་ནས་མགོ་རྩོམ་དགོས།
ཐོག་མའི་ལམ།
༡ཕུལ་བྱུང་སྙན་ངག་གི་བརྩམས་ཆོས་ཀློག་པ་ནི་ཐོག་མར་སྙན་ངག་ལ་འཇུག་པའི་ལམ་བུ་ཡིན། སྤྱིར་བྱ་བའི་ཁྱབ་ཁོངས་གང་ཡིན་ན་ཡང་དེ་ལ་ཐོག་མར་སྤྲོ་སེམས་ཡོད་པ་ནི་བྱ་བ་དེར་འཇུག་པའི་ལམ་གྱི་གལ་ཆེན་རང་བཞིན་གྱི་གནད་འགག་ཡིན་པ་ཇི་བཞིན། སྙན་ངག་འབྲི་མཁན་ཞིག་ཡིན་ན་ཡང་ཐོག་མར་སྙན་ངག་ལ་སྤྲོ་བ་བླ་ལྷག་ཅིག་ཡོད་དགོས་པ་ནི་སྨོས་མེད་རེད། དེ་ལ་རང་གི་ཡིད་དབང་འགུག་ཅིང་ནང་དོན་ལ་བློ་ཁ་འཁོར་ཐུབ་པ། ཁ་གསལ་ཞིང་གོ་བདེ་བའི་སྙན་ངག་གྲགས་ཅན་འགའ་དུས་རྒྱུན་ཀློག་པ་དང་། མ་ཟད་བློར་འཛིན་པ་སོགས་བྱེད་རྒྱུ་ནི་སྙན་ངག་ལ་སྤྲོ་བ་འཕེལ་བ་དང་། སྙན་ངག་འབྲི་བ་ལ་ཕན་ཐོགས་ངེས་ཅན་ཡོད་པའི་ཐབས་ཤེས་གཅིག་པུ་ཡིན།
དེ་ཡང་སྙན་ངག་གསར་སློབ་ཅིག་ལ་མཚོན་ན་མངོན་བརྗོད་དང་ཚིག་རྒྱན་སོགས་ཀྱིས་མུ་སྦྲེལ་བའི་ཁ་དམ་པའི་སྐོར་གྱི་སྲོལ་རྒྱུན་སྙན་ངག་གི་རིགས་འདིའི་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཐབས་སོགས་ལྟ་ཅི།  ཐ་ན་ཚིག་གི་སྐྱ་རིས་ཙམ་པོ་ལ་ཡང་འགྲེལ་བཤད་མི་ཕོག་པའི་དཀའ་ཁག་ཡོད་པས། དེ་བས་ཐོག་མར་དམངས་གླུ་དང་མགུར་གླུ་སོགས་ཀྱི་རིགས་འདི་བཀླགས་ན་ཤིན་ཏུ་འཚམས་པར་སེམས།  
དེ་ཡང་།  མི་ལའི་མགུར་གླུ་དང་། གེ་སར་གྱི་སྒྲུང་གླུ། ཞབས་དཀར་བའི་མགུར་གླུ་ལྟ་བུ་ནི་ཁ་གསལ་ཞིང་ཚིག་སྦྱོར་སྙན་པ། ཡིད་དབང་ཅིག་ཅར་འཕྲོག་པའི་ནུས་པ་ལྡན་པས།  ཐོག་མར་སྙན་ངག་ལ་འཇུག་འདོད་པ་རྣམས་ཀྱིས་མ་བཀླགས་ཐབས་མེད་ཀྱི་བོད་ཀྱི་བརྩམས་ཆོས་གྲགས་ཆེན་ཡིན།  འདི་དག་ཀློག་སྐབས་ཀྱང་ངག་ཐོག་ནས་གྱེར་ཐུབ་པ་ཙམ་གྱིས་མི་ཆོག་པར་རང་སེམས་དང་སྙན་ངག་དེ་དག་གཞི་གཅིག་ཏུ་བསྲེ་ཅི་ཐུབ་བྱེད་རྒྱུ་དེ་ནི་གལ་ཆེ་ཤོས་རེད།
དཔེར་ན་ཁྱོད་ཀྱིས་སྙན་ངག་གང་ཞིག་ཀློག་ཅིང་ངག་ལ་གྱེར་བའི་ཚེ་རང་སེམས་དེ་སྙན་ངག་དེའི་ཀློང་དུ་བསྟིམ་ཅི་ཐུབ་ཀྱི་ཕྱོགས་ལ་འབད་དགོས་པ་རེད། དཔེར་ན་ང་ཚོས་སླ་ས་ཞིག་ནས་གོ་བ་བླངས་ན། ཀློག་བརྙན་ལ་ཤིན་ཏུ་དགའ་བའི་མི་རྣམས་ཀྱིས་ཀློག་བརྙན་ལ་བལྟས་ཚེ་ཀློག་བརྙན་ནང་གི་མི་སྣ་དང་དེའི་སྐད་ཆ། ཕན་ཚུན་བར་གྱི་རྩོད་གླེང་དེ་དག་ཕར་གློག་བརྙན་ནང་ནས་མ་བཞག་པར་ཚུར་རང་ཉིད་ཀྱི་སེམས་ཁོང་དང་ཡུལ་དངོས་སུ་བླངས་ཏེ། ཕལ་ཆེར་རང་ཡང་མི་སྣ་དེ་དག་གི་ནང་ནས་གཅིག་ཡིན་པ་ལྟ་བུའི་ངང་དགའ་བ་དང་ཁོང་ཁྲོ།  ཐ་ན་དོན་རྐྱེན་རེས་རང་ཉིད་ལ་མིག་ཆུ་ཡང་དབང་མེད་དུ་འཐོར་འགྲོ་བ་དེས། ཕྱོགས་གཅིག་ནས་ཀློག་བརྙན་གྱི་སྒྱུ་རྩལ་གྱི་ཆ་དེར་བལྟ་ཤེས་ཀི་ཡོད་པ་རེད་ཅེས་བཤད་ན་ཆོག དེ་བཞིན་དུ་སྙན་ངག་ཀྱང་ཕར་ཡིག་ཐོག་ནས་མི་བསྐྱུར་བར་ཚུར་རང་སེམས་སུ་རྒྱས་བཏབ་སྟེ་སྙན་ངག་གི་ཀློང་ནས་རྟོག་པ་འཕྲུལ་ཐུབ་པ་ཞིག་དགོས་པ་རེད།
སྙན་ངག་ཀློག་སྐབས་སུ་ངེས་པར་དུ་ཕྱོགས་གསུམ་ནས་བལྟ་དགོས་པ་རེད།
གཅིག
སྙན་ངག་དེའི་ནང་གི་སྐད་ཆའི«མཐོ་དམའ»དང«གཞི་རྩའི་དབྱངས་འགྲོས»ལ་བལྟ་དགོས་པ་རེད། འདིར«སྐད་ཆའི་མཐོ་དམའ»ཟེར་བ་དེ་སྒྲ་གདངས་དྲག་ཞན་གྱི་དོན་ཙམ་མིན་པར་རྒྱུན་ལྡན་གྱི་སྐད་ཆ་དང་། དེ་ལས་ཀྱང་རིམ་པ་བརྒལ་བའི་ཚིག་རྒྱན་དང་མངོན་བརྗོད་སྐོར་གྱི་སྐད་ཆ་གཉིས་ལ་གོ་བ་ལེན་དགོས། དེ་ཡང་སྙན་ངག་བརྩམས་ཆོས་ལ་མཚོན་ན་དམའ་བ་རྒྱུན་ལྡན་གྱི་སྐད་ཆ་བེད་སྤྱོད་བྱས་པ་ཡང་ཡོད་ལ། དེ་ལས་བརྒལ་ཏེ་མཐོ་བ་ཚིག་རྒྱན་དང་། མངོན་བརྗོད། བསྟན་བཅོས་ཀྱི་ཆོས་སྐད་སོགས་བེད་སྤྱོད་བཏང་བ་ཡང་ཡོད།
སྙན་ངག་གི་སྔུན་ནས་དོན་སྟོན་པའི་མིང་ཚིག་ཐ་སྙད་གང་ལ་ཡང་རང་ངོས་ནས་བཟང་ངན་དང་ཡག་བཙོག་གི་ཁྱད་མེད་པར་ཐམས་ཅད་སྙན་མོའི་ངག་ཏུ་གྱེར་ཆོག་པ་ཤ་སྟག་ཡིན་ན་ཡང་། དེ་ཇི་ལྟར་བཀོལ་སྤྱོད་བྱེད་རྒྱུ་དང་གང་ནས་སྙན་རོ་འདོན་རྒྱུ་ནི་སྙན་ངག་པ་རང་རང་གི་བློ་གྲོས་ཀྱི་སྩལ་དང་མཛེས་དཔྱོད་ཀྱི་མིག་ལ་རག་ལས་ཡོད་པ་ཡིན། དེས་ན་སྐད་ཆའི་ཚད་དམའ་བ་རྒྱུན་ལྡན་གྱི་སྐད་ཆ་བེད་སྤྱོད་བཏང་བའི་སྙན་ངག་ནི་ང་ཚོས་མཐོང་ཐོས་སུ་ཡོད་པའི་དམངས་གླུ་དང་མགུར་མའི་སྐོར་དང་། དེ་ནས་དགེ་ཆོས་ཀྱི་སྙན་ངག་སྐོར་ཞིག་དང་། རྫ་དཔའ་སྤྲུལ་རིན་པོ་ཆེའི་གསུང་གཏམ་པདྨའི་ཚལ་གྱི་ཟློས་གར་ནང་གི་གསེར་སྦྲང་གཡུ་སྦྲང་གི་སྐད་ཆའི་སྐོར་སོགས་ལྟ་བུ་རེད། རྗ་དཔའ་སྤྲུལ་ཚང་ལ་མཚོན་ན་དུས་རབས་ཤིག་གི་བོད་ཀྱི་སྙན་ངག་གི་དཀྱོག་མཚམས་ཤིག་ནས་འགྲེང་བའི་རླབས་ཆེ་བའི་བོད་ཀྱི་སྙན་ངག་པ་ཞིག་ཀྱང་ཡིན།
སྤྱིར་བོད་ནང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བྱུང་བའི་རང་མོས་སྙན་ངག་དང་གནའ་བོའི་མེ་ལོང་མའི་ལུགས་ལྟར་བྲིས་པའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་གཉིས་ཀ་ལ་གོ་དཀའ་བའི་ཆ་ཡོད་པ་འདྲ་མོད། གང་ནས་གོ་དཀའ་བ་ནི་མི་འདྲ་བ་གཉིས་སུ་གྱེས་ཡོད། རང་མོས་སྙན་ངག་གི་གོ་དཀའ་བའི་ཆ་དེ་མཚོན་ཐབས་ཆ་འཐོར་ཡ་འཐོར་དུ་བྱས་པའི་བརྗོད་བྱ་དོན་གྱི་སྒྱུ་རྩལ་ཞིག་གི་སྟེང་ནས་བྱུང་ཞིང་། སྲོལ་རྒྱུན་སྙན་ངག་གི་གོ་དཀའ་བའི་ཆ་ནི་མངོན་བརྗོད་དང་བརྡ་རྙིང་སོགས་མཉམ་བསྲེས་ཀྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཞིག་གི་སྟེང་བྱུང་བ་རེད་སྙམ།
སྲོལ་རྒྱུན་སྙན་ངག་ལ་མཚོན་ན་སྐད་ཆའི་ཚད་མཐོ་བ་ཚིག་རྒྱན་དང་མངོན་བརྗོད་སོགས་ཀྱི་ལམ་ནས་བྲིས་པ་ནི་ཤིན་ཏུ་མང་སྟེ། མེ་ལོང་མ་བོད་དུ་དར་བ་ནས་བཟུང་བོད་ཀྱི་སྙན་ངག་པ་ཚོ་ཚིག་རྒྱན་དང་མངོན་བརྗོད་ལྷུར་ལེན་པའི་གནས་སུ་ངང་ངམ་ཤུགས་ཀྱིས་གྱུར་སོང་བ་རེད། དེ་ནི་སྒེའུ་སྟེང་ཚང་གི་ཆབ་ཤོག་སྐོར་ལ་བལྟས་ན་ཡང་སྙན་ངག་ནང་བརྗོད་སྙིང་ལས་སྐད་ཆའི་ཚད་མཐོ་ཤོས་ཆགས་ཡོད་པ་ལྟ་བུ་འདིས་ཀྱང་དཔོག་ཐུབ། 
དཔེར་ན་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི། «ཙོང་ཁ་བར་བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས»ཟེར་བ་ལས། “བློ་བཟང་དྲི་མེད་འདྲེན་བྱེད་སྟོང་གིས་རྒྱ་ཆེན་ཤེས་བྱའི་གཟུགས་ཀུན་རྣམ་གསལ་འཆི་མེད་སྒེག་མོའི་མེ་ལོང་བཞིན།། རྣམ་དཀར་གྲགས་པའི་རྔ་དབྱངས་འབུམ་ཕྲག་ཕྱོགས་ཀྱི་བུ་མོའི་མགྲིན་པར་རྣམ་གྲགས་དབྱར་དུས་དབྱར་སྐྱེས་རྔ་སྒྲ་བཞིན།། གྲོང་འཇོམས་དབང་པོ་མདའ་ལྔ་པ་དང་གཙུག་ན་ཟླ་བ་མགྲིན་སྔོན་ཅན་སོགས་རལ་པའི་ཐོད་ལ་གཙུག་རྒྱན་བཞིན།། ངལ་གསོ་ཉེར་མཛད་ཞབས་སེན་འཆར་ཀའི་འོད་ཕྲེང་དག་གིས་གཙུག་རྒྱན་རབ་མཛེས་བདག་བློ་པད་མོའི་དཔལ་གྱུར་ཅིག།”ལྟ་བུ་ལ་བལྟས་ན།  ཚིག་བཞི་གཅིག་གི་ནང་དུ་ཡང་མངོན་བརྗོད་དང་ཚིག་རྒྱན་གྱིས་ནི་གཅིག་ཐོག་ཉིས་བརྩེགས་ཀྱིས་བསྟུད་མར་སྦྲེལ་ཡོད་པ་ནི་དཔེ་མཚོན་ཙམ་ཡིན།
སྙན་ངག་གི་མགོ་ལྔ་ཡོངས་རྫོགས་ཚིག་རྒྱན་དང་མངོན་བརྗོད་ཁོ་ནས་ཕྱི་ཐུམ་ནང་ཐུམ་སྒྲོན་མེའི་སྡོང་བུ་ལྟར་བྱས་པ་དེ་ནི་དོན་དམ་པར་སྙན་ངག་གི་དགེ་སྐྱོན་གང་ཡིན་བཤད་དཀའ་ན་ཡང་། གནའ་བོའི་སྙན་ངག་དག་ལས་བྱུང་བའི་ཚིག་རྒྱན་དང་མངོན་བརྗོད་དེ་ག་ནི་བསྲེག་བཅད་བརྡར་བའི་གསེར་བཞིན་དུ། སྐད་ཆའི་སྟེང་གི་སྙིགས་རོའི་རྡུལ་སྤྲུགས་པའི་སྐད་ཆའི་དྭངས་བཅུད་ཅིག་ཡིན་ཟེར་ན་ཡང་མི་ཆོག་པ་མེད། མདོར་ན«སྐད་ཆའི་མཐོ་དམའ»གཉིས་པོའི་སྟེང་ནས་སྙན་ངག་གི་རྣམ་པ་སྐྲུན་ཚུལ་དེར་བལྟ་དགོས་པར་མ་ཟད། ཐ་སྙད་དང་ཐ་སྙད་ཀྱི་བཀོལ་སྟངས་དེ་སྙན་ངག་གི་བརྩམས་ཆོས་དེ་དག་ལས་ཞིབ་ཏུ་ངེས་སུ་འཇུག་དགོས།
དེས་ནི་རང་ཉིད་ཐ་སྙད་ཀྱིས་ཕྱུག་པོར་འགྱུར་བ་ལ་ཕན་ཐོགས་ཡོད་པ་རེད། འཇིག་རྟེན་ཧྲིལ་བོ་འབྲི་བ་ལ་ཡང་སྙན་ངག་ལ་བཀག་རྒྱ་མེད་པར་ཐམས་ཅད་བྲི་ཆོག་མོད། གལ་ཏེ་འབྲི་བ་པོའི་ཐ་སྙད་ཀྱིས་མ་འདང་ཚེ་ ་བྱ་དངོས་གང་མང་ཞིག་སྙན་ངག་གི་སྨྲ་ལྕེ་ལས་རིང་དུ་མི་གྱེས་ཐབས་མེད་དུ་འགྱུར་འགྲོ་བ་རེད། དེས་ན་གནའ་དེང་གི་ཐ་སྙད་གང་མང་ལ་བྱང་ཆ་ངེས་ཅན་ཡོད་པ་ནི་སྙན་ངག་འབྲི་བར་བྱེད་པའི་ཡན་ལག་གལ་ཆེན་ཡིན།
སྙན་ངག་ནང་གི«གཞི་རྩའི་དབྱངས་འགྲོས»ཟེར་བ་དེ་ནི་བརྩམས་ཆོས་དངོས་སུ་འབྲི་བཞེངས་བྱེད་པའི་དུས་ཀྱི་རྩོམ་པ་པོའི་ཚོར་བའི་རླབས་རྒྱུན་གྱི་དྲག་ཞན་ལ་བསྟུན་ཏེ། སྙན་ངག་གི་ཚིག་སྦྱོར་སྒྲིག་སྟངས་དང་དེའི་དབྱངས་ཀྱི་འགུགས་མཚམས་སོགས་གསལ་བོར་འབྱེད་པའི་སྙན་ངག་གི་ཕྱིའི་བཟོ་བཀོད་ཀྱི་བྱེ་བྲག་ཅིག་ལ་ཟེར། འདི་ནི་སྙན་ངག་གི་ཚོར་འགྱུ་དེ་ཉིད་སྐད་ཆའི་སྟེང་འཇོག་བྱེད་ཀྱི་ཐབས་གལ་ཆེན་ཞིག་ཡིན།
གཉིས།
སྒྱུ་རྩལ་གྱི་མཚོན་ཐབས་ལ་བལྟ་དགོས་པ་རེད། སྤྱིར་སྙན་ངག་གིས་ནི་བྱ་དངོས་གང་ཞིག་ཡིན་ན་ཡང་དེ་མཚོན་གི་ཡོད་པ་མ་གཏོགས་བཤད་གི་མེད་ཅེས་བརྗོད་ན་ཡང་ཆོག་པ་རེད།  དཔེར་ན་གཞུང་ལུགས་ཤིག་ལ་མཚོན་ན་ཤེས་བྱ་གང་རུང་ཞིག་གི་ངོ་བོ་དང་བྱེད་ལས། དབྱེ་བ་དང་གྲངས་ངེས་སོགས་དགག་བཞག་དང་བཅས་གཏན་ཚིགས་དང་དབྱེ་ཞིབ་གང་མང་གི་སྒོ་ནས་འཆད་ཀྱིན་ཡོད་ལ། སྙན་ངག་གིས་ནི་རྣམ་པའི་ཆ་ནས་བལྟས་ན་དེ་ཙམ་དཀའ་ཁག་མི་དགོས་པར་སྒྱུ་རྩལ་གྱི་མཚོན་ཐབས་སྟབས་བདེ་ཞིག་བེད་སྤྱད་དེ། སྙན་ངག་གིས་ནི་འཚོ་བ་དང་འཇིག་རྟེན་སོགས་མཚོན་གྱིན་ཡོད་པ་ལས་ནམ་ཡང་བཤད་གི་མེད།
སྔ་མས་ནི་ཀློག་པ་པོར་དོན་སྤྱིའི་རྟོག་པ་ཙམ་སྤྲད་ན་ཆོག་ཅིང་། ཕྱི་མར་གཟུགས་སྣང་གི་ཁྱད་ཆོས་ཡོད་དགོས་པ་ཡིན།  དེ་ནི་དོན་ངོ་མར་ཀློག་པ་པོ་ལ་གཟུགས་སྣང་གི་མིག་ཤེལ་སྤྲོད་དགོས་པ་དེ་རེད། གང་ལྟར་སྙན་ངག་ལ་གཏན་ཚིགས་དང་རྒྱས་བཤད་མི་གཙོ་བར་མཚོན་ཐབས་གཙོ་བ་ཡིན་ལ། མཚོན་ཐབས་ཟེར་བ་ནི་བྱ་དངོས་གང་རུང་ཞིག་དང་། དེ་ལ་བཅངས་བའི་རྩོམ་པ་པོའི་ཡིད་གཟུགས་ཀྱི་བརྩེ་དུང་གཉིས་དབྱེར་མེད་དུ་གྱུར་བ་དེ་ཇི་མ་ཇི་བཞིན་མ་ཉམས་པར་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཐབས་ལམ་ཞིག་ལ་ཟེར་བ་རེད། དེ་ལ་ཡང་སྒྱུ་རྩལ་གྱི་དོན་སྙིང་ནི་ཤིན་ཏུ་གཙོ་སྟེ། གལ་ཏེ་རྒྱུ་རྩལ་གྱི་དོན་སྙིང་དང་བྲལ་ཚེ་མཚོན་ཐབས་རྐྱང་པ་ཞིག་གིས་ཀྱང་སྙན་ངག་ཏུ་འགྱུར་མི་ཐུབ་སྟེ། སྙན་ངག་གི་རིན་ཐང་ནི་སྒྱུ་རྩལ་གྱི་ཐོག་ནས་འཚོལ་དགོས་པས་སོ།།
དེས་ན་སྒྱུ་རྩལ་ནི་གཙོ་བོ་ཚིག་སྦྱོར་གྱི་ལམ་ནས་མངོན་ལ། མཚོན་ཐབས་ནི་ནང་དོན་གྱི་སྟེང་ནས་འཚོལ་དགོས་པ་རེད་ཅེས་བརྗོད་ན་ཡང་འགྲིགས་སྙམ།  སྲོལ་རྒྱུན་མེ་ལོང་མ་ལས་བསྟན་པའི་དོན་རྒྱན་སོ་ལྔ་ལྟ་བུ་ནི་སྙན་ངག་གི་རྒྱུ་རྩལ་མཚོན་ཐབས་ཀྱི་ཆར་གཏོགས་པ་ཡིན།  དེ་ཡང་དཔེར་ན་དཔེ་རྒྱན་གྱིས་དཔེ་ཅན་དེ་དཔེ་ཞིག་དང་མཚུངས་པ་དངོས་སུ་སྨྲས་ཏེ་མཚོན་གྱིན་ཡོད་ལ། གཟུགས་རྒྱན་གྱིས་དེ་ཙམ་ཡང་མིན་པར་རྒྱུན་ལྡན་གྱི་སྣང་ཚུལ་ལས་བརྒལ་ཏེ། ཐད་ཀར་དཔེ་ཅན་དེ་དཔེ་དེ་ཡི་གཟུགས་སུ་བཀོད་པའམ། དཔེ་ཅན་དེ་དཔེ་དེ་དངོས་སུ་ཡིན་པ་ལྟར་དུ་བརྗོད་ནས་མཚོན་གྱིན་ཡོད་པ་ལྟ་བུ་རེད།  དེས་ན་སྙན་ངག་གི་བརྩམས་ཆོས་ཀློག་སྐབས་ངེས་པར་དུ་རྩོམ་པ་པོས་སྒྱུ་རྩལ་གྱི་མཚོན་ཐབས་གང་འདྲ་ཞིག་བེད་སྤྱོད་བཏང་ཡོད་དང་།  མཚོན་ཐབས་དེར་ནང་དོན་དེ་མཚོན་པའི་བྱེད་ནུས་ག་འདྲ་ཞིག་ཡོད་མེད་ཀྱི་ཕྱོགས་སུ་བསམ་བློ་གཏོང་བ་ནི་ཤིན་ཏུ་གལ།
གསུམ།
གདམ་གསེས་བྱེད་དགོས་ཏེ། རྩོམ་པ་པོ་ཞིག་གི་སྙན་ངག་གི་མགོ་ལྔ་ཡོང་རྫོགས་དཀར་པོ་དཀར་རྐྱང་ཡིན་པའི་ངེས་པ་མེད་ལ། ནག་པོ་ནག་རྐྱང་ཡིན་པའི་ཁྱབ་མཐའ་ཡང་མི་ཆགས།  དེས་ན་རང་ཉིད་ཀྱིས་ནང་དོན་དང་རྣམ་པ་གཉིས་ཐད་ནས་བསམ་གཞིག་གང་ལེགས་བཏང་སྟེ་གསེད་བཀྲོལ་བྱ་དགོས་ཤིང་། སྙན་ངག་གང་ཞིག་བཀླགས་ཚར་རྗེས་རང་ཉིད་ཀྱི་བློ་ངོར་ལྷག་ཡོད་པ་དེ་སྙན་ངག་དེའི་ནང་གི་མིང་ཚིག་འགའ་ལས་དཀར་ནག་གི་ཆ་གང་ཡང་ལྷག་མེད་ཚེ།  དེ་ནི་གཅིག་ན་སྙན་ངག་གི་སྐྱོན་རེད་ལ། ཡང་ན་རང་ཉིད་ཀྱི་བློ་སྐྱོན་རེད།  མེ་ལོང་གི་སྐྱོན་ཡིན་ནམ།  བཞིན་རས་ཀྱི་སྐྱོན་ཡིན་ངེས་པར་དུ་བསམ་དགོས་པ་ཞིག་རེད།  མདོར་ན་སྙན་ངག་འབྲི་མཁན་རྣམས་ཐོག་མར་སྙན་ངག་ཀློག་པའི་ལམ་ཁར་འཇུག་པ་ནི་སྙན་ངག་འབྲི་བའི་སྔོན་འགྲོ་མེད་དུ་མི་རུང་བ་ཞིག་ཡིན་ནོ།།
 
དུས་ཡུན་རིང་བོར་རྒྱུན་བརྐྱངས་ཏེ་འབྲི་བ་ནི་སྙན་ངག་གི་མ་རྩ་ཡིན།
གོ་རིམ་གཉིས་པ་ནི་ལག་ཐོག་ཏུ་བླངས་ཏེ་དངོས་སུ་འབྲི་རྒྱུ་དེ་རེད། སྙན་ངག་འབྲི་བའི་ལམ་ཁར་གསར་དུ་འཇུག་མཁན་ཞིག་ལ་མཚོན་ན། སྙན་ངག་ཅིག་འབྲི་བཞེངས་བྱེད་པ་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན།  དེ་ནི“ལོང་བས་ཕྱགས་དར་ཕུང་པོ་ལས་ཇི་ལྟར་རིན་ཆེན”འཚོལ་བ་ལྟ་བུའི་དཀའ་ཁག་ཡོད་པ་རེད།  
༡དབུལ་བོས་ཚོང་གཉེར་བ་ལྟར་ཐ་སྙད་ཀྱིས་མི་འདང་བ་དང་།  
༢བཟོ་བོ་ངན་པས་བཟོ་བྱས་པ་བཞིན་སྙན་ངག་འབྲི་བའི་ཐད་བྱང་ཆ་མ་ཐོབ་པས་ཚིག་གི་སྡེབ་སྦྱོར་དང་རྐང་པ་རིང་ཐུང་མི་འགྲིགས་པ།  
༣རི་མོར་མི་མཁས་པའི་ལག་ཏུ་ཚོན་བཞག་པ་བཞིན་ཉམས་མྱོང་ཞན་པས་སྒྱུ་རྩལ་གྱི་ནུས་པ་དང་། ཚིག་གི་སྙན་རོ་ཇི་ལྟར་གདོན་དགོས་མི་ཤེས་པ།  
༤བྱིས་པས་རྡོ་བསྒྲིགས་པ་ལྟར་ཚིག་དོན་གང་གི་ཐད་ནས་ཀྱང་སྔ་ཕྱིའི་གོ་རིམ་མི་མཉམ་པས། ཕྲེང་ཐག་ཆད་པ་ལྟར་དུམ་ཐོར་དུ་གྱུར་པ།  
༥མདའ་ལ་མ་བྱང་པས་མདའ་འཕངས་པ་ལྟར་རྗོད་བྱེད་རྣམས་བརྗོད་བྱའི་གནད་ལ་མི་ཁེལ་བར་ལོང་གཏམ་དུ་འགྱུར་བ་ལྟ་བུས་མཚོན།
 སྙན་ངག་ཐོག་མར་འབྲི་བའི་སྐབས་དཀའ་ཁག་གང་མང་ཞིག་དང་འཕྲད་པ་ནི་སྨོས་མ་དགོས་མོད།  འོན་ཀྱང་དཀའ་ཁག་དེ་རྣམས་ལས་བརྒལ་བའི་ལམ་ཉག་གཅིག་ཡོད་པ་ནི།  དུས་ཡུན་རིང་དུ་བརྩོན་པ་མི་གཏོང་བར་འབྲི་རྒྱུ་ཁོ་ན་ལས་གཞན་ཡོད་མི་སྲིད།  སྙན་ངག་འབྲི་སྐབས་ཐོག་མར་གལ་ཆེ་བ་ནི་ཚིག་སྦྱོར་སྒྲིག་སྟངས་དེ་རེད།  དཔྱད་བརྗོད་པ་ཞིག་ལ་མཚོན་ན་ཡང་སྙན་ངག་གསར་སློབ་ཞིག་གིས་བྲིས་པའི་སྙན་ངག་གི་བཟང་ངན་དེ། ཚིག་སྦྱོར་སྐྱོན་མེད་རྣམ་དག་ཅིག་འཁྱོངས་ཡོད་མེད་ལས་ནང་དོན་དང་བསམ་བློའི་ཆ་ལ་དེ་ཙམ་དོ་སྣང་མ་བྱས་ཀྱང་ཆོག 
ལག་ལེན་གྱི་དོན་རྩ་འགའ་ཞིག
ལད་ཟློས་བྱེད་པ་ནི་ཐོག་མའི་རྩོམ་འབྲིའི་གོ་རིམ་ཁྲོད་མ་བརྒྱུད་ཐབས་མེད་ཅིག་ཡིན་ལ་མཐའ་མར་རྩོམ་པ་པོས་འཛེམ་བྱ་ཞིག་ཀྱང་ཡིན།  དེ་ཡང་གོ་སླ་བའི་སྙན་ངག་དག་ཞིབ་པར་བཀླགས་རྗེས་དེའི་ནང་གི་ཚིག་གི་སྒྱུ་རྩལ་འདོན་སྟངས། ནང་དོན་གྱི་གོ་རིམ་སྒྲིག་ཚུལ་སོགས་ལ་ལད་ཟློས་བྱས་ཏེ་རང་ཉིད་ཀྱིས་འདྲ་རྩོམ་ཞིག་འབྲི་དགོས་པ་རེད།
དཔེར་མཚོན་ཞིག་སྨོས་ན«ཚངས་མགུར་ལས» “ཤར་ཕྱོགས་རི་བོའི་རྩེ་ནས།།  དཀར་གསལ་ཟླ་བ་ཤར་བྱུང་།།  མ་སྐྱེས་ཨ་མའི་ཞལ་རས།།  ཡིད་ལ་འཁོར་འཁོར་བྱས་བྱུང་།།”ལྟ་བུར་མཚོན་ན།  དཀར་གསལ་དང་།  ཞལ་རས་དང་།  འཁོར་འཁོར་ལྟ་བུ་ནི་སྙན་ཚིག་དུམ་བུ་འདིའི་ནང་གི་ཚིག་རྒྱན་དུ་སོང་ཡོད་ཅིང།  དེ་བཞིན་ནང་དོན་གྱི་གོ་རིམ་སྒྲིག་སྟངས་ཐད།  མེ་ལོང་མའི་ཚད་གཞི་ལྟར་གཞལ་ན་འདི་ནི་དཔེ་རྒྱན་གྱི་ལམ་ནས་བྲིས་པ་ཞིག་ཡིན་ལ།  དེ་ཡང་དཔེ་ཐོག་མར་བཀོད་དེ་དཔེ་ཅན་རྗེས་སུ་སྨོས་ཤིང་དཔེ་དེ་དཔེ་ཅན་གྱི་ཟླ་བོའི་ཚུལ་དུ་བཀོད་དེ།  དཔེ་དཔེ་ཅན་མཚུངས་པ་ཤུགས་ལ་བསྟན་པ་མ་གཏོགས་དངོས་སུ་མཚུངས་གསལ་གྱི་སྒྲ་སྦྱར་མེད་པ་ལྟ་བུ་རེད་ལ།  འདི་ལ་མེ་ལོང་མར་ཟླ་བོའི་དངོས་པོའི་དཔེ་ཡང་ཟེར།
ཡང་ན་ཤར་གྱི་རིའི་རྩེ་མོ་ནས་ཉི་མ་ཤར་བ་ནི་སུས་ཀྱང་འགོག་མི་ཐུབ་པ་ནང་བཞིན།  མ་སྐྱེས་ཨ་མའི་ཞལ་རས་དེ་ཡང་སུས་ཀྱང་འགོག་མི་ནུས་པར་ཁོ་བོའི་ཡིད་ལ་ཡང་ནས་ཡང་དུ་ཤར་བྱུང་ཞེས་པ་ནི་དེའི་ཚིག་ངོས་ཀྱི་ནང་དོན་རེད་ལ།  རང་ཉིད་ཀྱིས་ཀྱང་ཚངས་མགུར་དེའི་རྣམ་པ་དང་ནང་དོན་གྱི་གོ་རིམ་སྒྲིག་སྟངས་གཉིས་གཞིར་བཟུང་སྟེ།  དེ་དང་འདྲ་ཆགས་པོ་ལྟ་བུ་ཞིག་བྲི་བ་ནི་ལད་ཟློས་ཀྱིས་འབྲི་ཚུལ་རེད།
དེ་ནས་རིམ་བཞིན་རྒྱུན་བརྐྱངས་ཏེ་བྲི་ཐུབ་ཚེ། བར་སྐབས་ཤིག་ནས་སྙན་ངག་འབྲི་སྐབས་ཚིག་སྦྱོར་སྒྲིག་ཚུལ་ལ་ཆགས་ཐོགས་མེད་པ་ཞིག་ཡོང་ངེས་ལ།  དེ་ནས་གཟོད་སྙན་ངག་གི་གཞུང་ལུགས་མེ་ལོང་མ་ལྟ་བུར་སྦྱང་བ་བྱས་ཏེ་སྒྱུ་རྩལ་གྱི་ཉམས་འགྱུར་འདོན་སྟངས་ལ་འབད་ན་འཚམས།
སྙན་ངག་འབྲི་བ་ནི་ལས་ཀ་དམིགས་བསལ་བ་ཞིག་ཡིན།
སྙན་ངག་འབྲི་བ་ནི་ལས་བྱ་གཞན་དང་བསྡུར་ན་ཅུང་དམིགས་བསལ་བ་ཞིག་ཡིན།  དེ་ནི་ཚོར་བས་སྣེ་ཁྲིད་དང་རོགས་འདེགས་འོག་བྲི་དགོས་པ་ལས། རྣམ་དཔྱོད་དང་བརྩོན་པ་ཁོ་ནས་ཀྱང་འབྲི་ཐུབ་པ་ཞིག་མ་རེད། དེ་བས་སྙན་ངག་ནི་རྩོམ་པ་པོས་འབྲི་བའི་དུས་སུ་ཡང་ཚོར་བས་འབྲི་དགོས་ལ།  ཀློག་མཁན་གྱིས་ཀློག་པའི་སྐབས་སུ་ཡང་ཚོར་བས་ཀློག་དགོས་པ་ཞིག་ཡིན། ཚོར་འདུ་ཅི་ཙམ་ཟབ་ན་སྙན་ངག་དེ་ཙམ་ཡོང་ལ། གལ་ཏེ་ཚོར་བའི་རླན་གཤེར་དང་བྲལ་ཚེ་སྙན་ངག་ནི་ཡེ་ནས་འབྲི་ཐབས་མེད་པ་རེད་ཟེར་ན་ཡང་ཆོག་སྟེ། སྙན་ངག་ནི་མིའི་དགའ་སྐྱོ་ཆགས་ལྡང་སྟེ།  ནང་སེམས་ཀྱི་འགྱུར་བ་ཕྱི་རོལ་ཏུ་མངོན་པའི་ངུ་སྐད་དང་།  ཡང་ན་དགོད་སྒྲ་ཡིན་པའི་རྒྱུ་མཚན་གྱིས་རེད།  དེས་ན་སྐབས་རེར་སྙན་ངག་ཅིག་འབྲི་དགོས་བསམ་ནས་ཤོག་གུའི་ངོར་དུས་ཚོད་མང་པོར་ཨུ་ཚུགས་ཀྱིས་ཅེར་ན་ཡང་།  གཅིག་ཀྱང་འབྲི་མི་ཐུབ་པའི་དཀའ་ཁག་ཅིག་ཡོད་པ་དེ་ནི། སྐབས་དེར་འབྲི་བ་པོ་ལ་ཚོར་བའི་རླབས་ཤུགས་ཞན་པའམ། ཡང་ན་ཚོར་བ་དེ་ཚགས་སུ་སྡེབ་མ་ཐུབ་པ་རེད་སྙམ།
ཉེ་རབས་བོད་ཀྱི་སྙན་ངག་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི«ཆུང་གྲོགས་རྗེས་དྲན»ལྟ་བུ་ནི་ཡིད་འགྱུར་མཚོན་པའི་སྙན་ངག་ཡིན་ལ་གཙོ་བོ་ཁོང་གི མྱ་ངན་དང་། ཕྱིར་དྲན། སྙིང་རྗེ་དང་། མིག་ཆུ་སོགས་ཚོར་བའི་རླབས་ཤུགས་རྩ་རྦུབས་སུ་རྒྱུ་ཐེངས་གཅིག་གིས་སྙན་ངག་དེ་གྲུབ་སོང་བ་ལྟ་བུའི་སྣང་བ་ཞིག་སྟེར་ལ།
དེ་བཞིན་དུ་དཔེར་ན་དེང་རབས་བོད་ཀྱི་སྙན་ངག་པར་བགྲངས་པ་འཇུ་སྐལ་བཟང་གིས་བརྩམས་པའི། རང་མོས་སྙན་ངག«ལམ་ཕྲད»ལྟ་བུར་མཚོན་ན་ཡང་། དུས་ཡུན་ཐུང་ཐུང་ཞིག་སྟེ་གློ་ལྡེག་ལ་བྱུང་བའི་བརྩེ་དུང་གི་ཚོར་བའི་རླབས་རྒྱུན་དྲག་པོ་དེ། དོན་སྙིང་ལྡན་པའི་སྙན་ངག་གི་གདངས་སུ་འཕོས་སོང་བ་འདྲ་བའི་ཉམས་འགྱུར་ལྡན་ལ། དེ་བཞིན་གནའ་བོའི་རྒྱ་གར་གྱི་སྙན་ངག་པ་ནག་མོའི་ཁོལ་གྱིས་བརྩམས་པའི་སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུ་ཡང་དེ་འདྲ་རེད། དེས་ན་སྙན་ངག་ལ་མཚོན་ན་ཆེའི་གལ་ཆེ་བ་དེ་ཚོར་འདུ་ཡིན་པ་ནི་གནའ་དེང་གི་སྙན་ངག་པ་སུས་ཀྱང་ཁས་ལེན་ལ། དེས་ན་ཚོར་འདུ་དང་འབྲེལ་བ་མེད་པའི་སྙན་ངག་ནི་གསོན་ཤུགས་མེད་པའི་ལོ་མ་སྐམ་རྙིད་ཅིག་ལས་གང་ཡང་མིན།
ཐ་སྙད་ལ་བཙོ་སྦྱང་བྱེད་པ་ནི་གལ་ཆེན་རེད།
ཐ་སྙད་ལ་བཙོ་སྦྱང་བྱེད་པ་དང་། བྲིས་ཚར་བའི་སྙན་ངག་ལ་ཡང་དང་བསྐྱར་དུ་ལས་སྣོན་སྒོས་དག་བཅོས་བྱེད་པ་ནི་ཤིན་ཏུ་གལ་ཆེན་ཡིན། སྙན་ངག་ཟེར་བ་དེ་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འཕོ་འགྱུར་དེ་སྐད་ཆའི་གདང་དབྱངས་སུ་འཕོས་པ་ཞིག་ཡིན་སྟབས། སྐད་ཆའི་གནས་བབ་དང་ཞིབ་ཚགས་དེས་སྙན་ངག་དེ་ཡི་མཛེས་སྡུག་གི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད། སྙན་ངག་བྲིས་པ་གྲུབ་ཚར་རྗེས་ཅི་ནུས་ཀྱང་སྐད་ཆ་ལ་དག་སྒྲིག་བྱེད་དགོས་པ་རེད། 
སྙན་ངག་གིས་ནི་ཚོར་འདུ་དང་བྱ་དངོས་གང་ཡིན་ཡང“སྙིང་བསྡུས་ཀྱི་སྐད་ཆས་མཚོན”དགོས་ཕྱིར། སྙན་ངག་གི་སྐད་ཆ་ནི་གཞན་དང་འདྲ་བར་རྒྱས་བཤད་དང་ཡིག་ཚོགས་ཀྱིས་གཏམ་མི་རུང་ཞིང་། སྐད་ཆ་དེར་དོན་མཚོན་གྱི་ནུས་པ་བླ་ལྷག་ཅིག་ཡོད་དགོས་པར་མ་ཟད། ཚིག་སྡུད་ཀྱང་ཤིན་ཏུ་ཆེ་བ་ཞིག་དགོས་པ་རེད།
སྙན་ངག་གི་སྐད་ཆ་རེ་རེ་ནི་འོད་ཟེར་ལམ་ལམ་དུ་འཚེར་བའི་གསེར་གྱི་འབྲི་མ་རེ་རེ་ཡིན་དགོས་ཤིང་། གསལ་བོར་བཤད་ན་སྙན་ངག་ནང་བཀོལ་བའི་ཐ་སྙད་དེ་དག་དོན་གྱི་གནད་འབུག་པར་བྱེད་པ་ལ་དགོས་ངེས་ཤ་སྟག་ཡིན་དགོས་པ་མ་གཏོགས། དོན་མེད་ཀྱི་ཉོག་གཏམ་ནི་གཏན་ནས་འབྱུང་མི་ཆོག་པ་ཞིག་ཡིན། ཚིག་སྡུད་ཆེ་ཞིང་དོན་ལ་གཞོལ་བའི་སྐད་ཆ་ནི་སྙན་ངག་གི་ནང་དུ་འབྱུང་དགོས་ལ།
སྤྱིར་སྐད་ཆ་ལ། ཁ་སྐད་སྟེང་གི་སྐད་ཆ་ཞིག་དང་། བསྟན་བཅོས་ཀྱི་སྐད་ཆ། གཞན་ད་དུང་སྙན་ངག་གི་སྐད་ཆ་སྟེ་རིགས་གསུམ་དུ་དགར་སྲོལ་ཡོད་མོད། དོན་ངོ་མར་སྐད་ཆ་གང་ཡིན་རུང་དེ་ལ་སྙན་ངག་གིས་བཀོལ་མི་རུང་བའི་སྐད་ཆ་གཅིག་ཀྱང་མེད། འོན་ཀྱང་སྐད་ཆ་དེ་དག་སྙན་ངག་གི་སྐད་ཆ་རྣལ་མ་ཞིག་ཏུ་ཇི་ལྟར་བསྒྱུར་དགོས་པ་དེ་གོང་དུ་བཤད་པ་བཞིན། རྩོམ་པ་པོ་རང་ཉིད་ཀྱི་བློ་གྲོས་དང་མཛེས་དཔྱོད་ལ་ཐུག་ཡོད་པ་རེད་ལ། དེ་ཡང་སྐད་ཆའི་དག་སྒྲིག་ཤེས་མིན་དང་སྐད་ཆའི་སྒྱུ་རྩལ་འདོན་ཐུབ་མིན་ལ་ཐུག་ཡོད་པ་རེད།
དེ་ཡང་སྐད་ཆ་ལ་དག་སྒྲིག་བྱེད་སྟངས་དེ་ནི།  སྙན་ངག་གི་སྐད་ཆ་དེའི་ནང་དུ་མངོན་བརྗོད་དང་ཚིག་རྒྱན་མང་ཉུང་ལ་བལྟ་དགོས་པ་དེ་མ་རེད། དེ་ནི་གཙོ་བོ་སྐད་ཆ་དེ་གཞི་རྩའི་ཆ་ནས་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་མིན། སྐད་ཆའི་སྡེབ་སྦྱོར་སྒྲིག་ཚུལ་བབ་ཆགས་ཤིང་སྔ་ཕྱི་འབྲེལ་ཆགས་པ་ཞིག་བྱུང་ཡོད་མེད། ད་དུང་གཙོ་བོ་གལ་ཆེ་བ་ནི་སྐད་ཆ་དེར་སྐབས་བབ་ཀྱི་ནང་དོན་མཚོན་པའི་ནུས་པ་ཡོད་མེད་ལ་བལྟ་དགོས་ཤིང་།སྙན་ངག་ཅིག་བྲིས་ཚར་རྗེས་ཀྱང་དེ་ལ་ཁ་གསབ་དང་ཕྲི་སྣོན་གང་ལེགས་བྱེད་པ་ནི་དག་སྒྲིག་བྱེད་སྟངས་ཡིན། གོང་དུ་བཤད་པ་ལྟར་སྙན་ངག་ལ་ཚོར་བས་ཁ་ལོ་སྒྱུར་གྱིན་ཡོད་པས། སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་གང་མང་ཞིག་ཐོག་བབ་ཏུ་འབྲི་དགོས་འབྱུང་བ་ནི་སྨོས་མ་དགོས་པས།  ངེས་པར་དུ་རྗེས་སུ་ཕྲི་སྣོན་དང་ཞུ་དག་དགོས་པ་ཡིན་ནོ།།
སྙན་ངག་སྟེང་གི་གཟུགས་སྣང་ཁྱད་ཆོས།
གོང་དུ་ཟུར་ཙམ་སྨོས་པ་བཞིན། སྙན་ངག་ལ་གཟུགས་སྣང་གི་ནུས་པ་དང་ཁྱད་ཆོས་ལྡན་དགོས་པ་རེད། དེ་ནི་སྙན་ངག་པའི་ནང་སེམས་ཀྱི་འགྱུར་བ་དེ་ཕྱི་རོལ་ཀྱི་གཟུགས་སུ་འཕོས་པར་བྱས་ཏེ།  སྐད་ཆའི་སྟེང་གི་རོལ་དབྱངས་ལ་དྲངས་རྗེས།  དེ་ནི་ཀློག་པ་པོས་སེམས་ཀྱིས་མྱོང་ཐེངས་རེ་རེར་རྩོམ་པ་པོའི་གཟུགས་མེད་ཀྱི་དུང་སེམས་དང་། ནང་སེམས་ཀྱི་འཕོ་འགྱུར་རེ་རེ་མིག་གིས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དང་། རྣ་བས་དངོས་སུ་ཐོས་རྒྱུ་ཡོད་པ་ཞིག་ཏུ་འགྱུར་བར་མ་ཟད། ཚིག་དང་སྒྱུ་རྩལ་གྱི་བར་གླགས་རེ་རེར་ཀློག་པ་པོའི་སྟེང་དུ་བླ་འགུགས་ཀྱི་ནུས་པ་ཐོན་ཡོད་པ་དེ་ལ་ནི་གཟུགས་སྣང་གི་ནུས་པ་དང་ཁྱད་ཆོས་ཟེར།  གཟུགས་སྣང་གི་ནུས་པ་དང་ཁྱད་ཆོས་འདི་ནི་རྩོམ་པ་པོས་དུང་སེམས་ཀྱི་རླབས་ཤུགས་དང་ཕྱི་རོལ་ཀྱི་འཇིག་རྟེན་གཉིས་གཞི་གཅིག་ཏུ་བསྲེས་པ་ལས་བྱུང་བར་མ་ཟད། ད་དུང་སྐད་ཆའི་སྟེང་གི་བླ་མེད་ཀྱི་འགུལ་ཤུགས་ཤིག་ལ་ཡང་རག་ལས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།
སྙན་ངག་སྟེང་གི་ཡིད་གཟུགས་དང་གཟུགས་སྣང་གཉིས་ནི་གོ་རིམ་ལྟར་བྱུང་བ་རེད། དེ་ཡང་དཔེར་ན་སྙན་ངག་པ་ཞིག་གིས་ཡུལ་ལྗོངས་དང་འབྲེལ་བའི་སྙན་ངག་ལྟ་བུ་ཞིག་འབྲི་སྐབས་ཡུལ་ལྗོངས་དེའི་བཀོད་པ་དང་ཆགས་ཚུལ་རྣམས་པར་བརྒྱབ་པ་ལྟ་བུ་ཞིག་བྲིས་ཡོད་ན་ཡང་། གལ་ཏེ་ཡུལ་ལྗོངས་རྐྱང་བ་ཞིག་ལས་གཞན་བྲིས་མེད་ཚེ་དེ་ལ་ད་དུང་སྙན་ངག་གི་ཡིད་གཟུགས་ཀྱི་ནུས་པ་དེ་ཆད་ཡོད་པ་རེད་ལ། དེས་ན་གཟུགས་སྣང་གི་ཆ་དེ་ཡང་ལྷག་ཡོད་པ་ཡིན། འདིར་བཤད་པའི་གཟུགས་སྣང་དང་ཡིད་གཟུགས་གཉིས་ལ་ཁྱད་ཡོད་ན་ཡང་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བསྟེན་གྱིས་འབྲེལ་བ་ངེས་ཅན་ཡོད་རྐྱེན། ཡིད་གཟུགས་ཀྱི་ཁྱད་ཆོས་དང་བྲལ་ཚེ་གཟུགས་སྣང་གི་རི་མོ་མངོན་མི་ཐུབ་པ་རེད།
དེ་ལ་གཟུགས་སྣང་ནི་གཙོ་བོ་བསམ་པའི་བརྩེ་དུང་སྟེང་གི་མྱོང་བ་དེ་གཟུགས་སུ་ཐོན་དགོས་ལ། ཡིད་གཟུགས་ནི་ནང་སེམས་ཀྱི་བརྩེ་དུང་དེ་ཕྱིའི་བྱ་དངོས་གང་རུང་ཞིག་གི་གཟུགས་སུ་ཐོན་པར་བྱས་པའམ། ཡང་ན་ནང་ཡིད་ཀྱི་མྱོང་བ་དང་། ཕྱི་རོལ་ཀྱི་བྱ་དངོས་དང་སྐད་ཆ་སོགས་མཉམ་བསྲེས་ལས་གྲུབ་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་རེད་ལ། གཟུགས་སྣང་གི་ནུས་པ་ནི་ཡིད་གཟུགས་སྟེང་གི་ཆ་བསགས་ལས་གྲུབ་པ་ཞིག་ཀྱང་ཡིན།
དེས་ན་ཕྱིའི་ཡུལ་ལྗོངས་ཀྱི་རྣམ་པ་འབྲི་བཞེངས་བྱེད་སྐབས་སུ་ཡུལ་ལྗོངས་ཀྱི་བཀོད་པ་མིག་ངོར་གསལ་གྱི་ལེར་འཆར་ཐུབ་པ་ཙམ་ཞིག་བྲིས་པ་དེས་ནི། ཡུལ་ལྗོངས་དེ་ཐད་ཀར་འདྲ་པར་ཞིག་བཏབ་པ་ལྟ་བུ་ལས། དེ་ལས་ལྷག་པའི་སྙན་ངག་གི་དགོས་མཁོ་དང་ཁྱད་ཆོས་གང་ཡང་འདོན་ཐུབ་མེད་པས། ད་དུང་ཡུལ་ལྗོངས་དེ་རྩོམ་པ་པོའི་བསམ་པའི་བརྩེ་དུང་གི་གཏིང་རུམ་དུ་ཁྱེར་ཏེ། དཔེར་ན་ཆུ་ཕྲན་གྱི་བཞུར་རྒྱུན་རྒྱ་མཚོར་སིམ་པ་བཞིན་གཞི་གཅིག་ཏུ་ཐིམ་པ་དེ་ནི་སྐབས་འདིའི་ཡིད་གཟུགས་ཡིན་ལ། དེ་སླར་ཡང་སྐད་ཆའི་གདངས་དབྱངས་སུ་འཕོས་ཚེ་ད་གཟོད་སྙན་ངག་སྟེང་གི་ཡིད་གཟུགས་ཀྱི་ནུས་པ་ཟེར་བ་དེ་གསལ་བོར་མངོན་ཐུབ་པ་རེད་ལ། གཟུགས་སྣང་གི་རི་མོ་ཡང་གསལ་ལེར་འཆར་ཐུབ་པ་རེད། 
ང་ཚོའི་བོད་ཀྱི་སྙན་ངག་ཡིན་ཟེར་བའི་བརྩམས་ཆོས་གསར་རྙིང་གང་མང་ཞིག་གི་ནང་དུ་ཚིག་སྦྱོར་སྙན་འཇེབས་བག་ཕེབ་དང་ལྡན་པ་གང་མང་ཞིག་གིས་མུ་འབྲེལ་དུ་གཏམས་པར་བྱས་ཡོད་ལ། ད་དུང་ཡུལ་ལྗོངས་དང་མི་སྣ་བྱ་བ་སོགས་གང་བྲིས་ཀྱང་དེའི་རྣམ་པ་དང་བཀོད་པའི་གྲུབ་ཚུལ་རེ་རེ་ནི་ཞིབ་ཚགས་ངང་བྲིས་ཡོད་ན་ཡང་། གོང་དུ་བཤད་པའི་ཡིད་གཟུགས་དང་གཟུགས་སྣང་གི་རི་མོ་ནི་མག་མོག་དང་རབ་རིབ་ཅིག་ཏུ་གྱུར་ཡོད་པ་དེ་ཕངས་སེམས་སྐྱེ་དགོས་པ་ཞིག་ཀྱང་རེད།
སྙན་ངག་ལ་ངེས་པར་ལྡན་དགོས་པའི་ཆ་སྐྱེན་བཞི་ལོགས་སུ་ངོ་སྤྲོད་བྱས་པ།
དེ་དག་ནི། ༡སྤྱི་ཚོགས་འཚོ་བ་སྣང་བརྙན་གྱིས་མཚོན་པ། ༢ཀུན་རྟོག་འཕྲོ་སའི་ཡུལ་ཡངས་པ། ༣སྙིང་བསྡུས་ཀྱི་སྐད་ཆས་མཚོན་པ། ༤ཚོར་འདུ་ཤུགས་དྲག་ཡོད་པ་བཅས་རེད།
གཅིག་སྤྱི་ཚོགས་འཚོ་བ་སྣང་བརྙན་གྱིས་མཚོན་པ།
སྤྱིར་རྩོམ་རིགས་ནི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཞིག་ཡིན་ཞེས་པ་བཞིན། རྩོམ་རིགས་གང་ཡིན་ཡང་དེ་དང་དེ་ཡིས་སྤྱི་ཚོགས་དེ་དང་དེ་ཡི་འཚོ་བའི་གནས་བབ་གལ་ཆེན་བསྟན་ཡོད་པ་ཡིན་ལ། སྤྱི་ཚོགས་འཚོ་བ་སྣང་བརྙན་གྱིས་མཚོན་པ་ཟེར་བ་དེ་ཡང་། རྩོམ་པ་པོ་རང་ཉིད་སྡོད་སའི་སྤྱི་ཚོགས་སམ་རང་གི་མིག་མདུན་དུ་ལྷག་པའི་སྤྱི་ཚོགས་དེའི་འཚོ་བའི་ནང་དོན་ནམ་གནས་བབ་དེ། རྩོམ་པ་པོས་རྟོག་བཏགས་དང་འཆར་ཡན་དངོས་འབྲི་སོགས་བརྒྱུད་དེ་དེ་དག་ལ་བཅངས་བའི་དགའ་དགོད་སྡང་སྡུག་གི་སེམས་བྱུང་དེ་ཕྱིར་སྣང་བརྙན་གྱི་སྒོ་ནས་མཚོན་པ་ཞིག་ལ་ཟེར་ཞིང་། 
དེ་ཡང་སྣང་བརྙན་གྱི་ཚད་མཐོན་པོའི་སྒོ་ནས་མཚོན་དགོས་པ་ཞིག་ཡིན་ལ། ཁ་གསལ་བོར་བཤད་ན། སྤྱི་ཚོགས་ཀྱི་འཚོ་བ་དེ་ཇི་མ་ཇི་བཞིན་དུ་དམར་དམར་རྗེན་རྗེན་ལ་ཕུད་དེ་ཐད་ཀར་ཞིབ་འབྲི་བྱས་པ་ཙམ་མིན་པར། ད་དུང་སྒྱུ་རྩལ་གྱི་ལམ་བུ་གཞན་ཞིག་ལ་བསྙེགས་པའམ། ཡང་ན་དོན་དངོས་མཚོན་པ་ལ་ཤེད་ཆེ་བའི་མཚོན་བྱེད་ཀྱི་འཆར་རས་གཞན་ཞིག་བཀོད་ཅིང་། བརྗོད་བྱའམ་དོན་དངོས་ནི་དེའི་ཕག་ཏུ་གབ་སྦེད་ཀྱི་ཚུལ་དུ་ཤུགས་ལ་མངོན་པར་བྱས་ཏེ། དེའི་སྣང་བརྙན་གྱི་རི་མོ་གསལ་ཐག་ཆོད་པ་ཞིག་འབྲི་བཞེངས་བྱེད་པ་ལ་ཟེར་ཞིང་། དེ་ནི་དཔེར་ན་དམངས་གཞས་ཤིག་ལས།
ལྷ་སའི་ལྕགས་ཐག་ཁ་ན།།
ཙི་གུ་གོམ་པ་འགྲོ་གི།།
གོམ་པ་སོང་ནི་མ་རེད།།
བྱི་བས་དེད་ནི་རེད་དོ།།
འདིའི་ཚིག་ངོས་ཀྱི་ནང་དོན་ནི། ཙི་གུ་ནི་ཆེས་ཉེན་ཁ་ཆེ་བའམ་བགྲོད་དཀའ་བའི་ལྕག་ཐག་ཕྲ་མོ་ཞིག་གི་སྟེང་དུ་གོམ་པ་གང་རེ་གང་རེས་འགྲོ་གི་ཡོད་ལ། དེ་ཙི་གུ་རང་ཉིད་བསམ་གཟས་ཏེ་གོམ་པ་སོང་བ་མིན་པར་མ་ཟད། དེ་ལས་ལྡོག་སྟེ་ཙི་གུའི་ལྟག་རྒྱབ་ཀྱི་གདུག་རྩུབ་ཆེ་བའི་བྱི་བ་དེས། ཙི་གུ་རང་དབང་མེད་པར་ལྕགས་ཐག་དེའི་སྟེང་དུ་དེད་དེ་མི་འགྲོ་ཀ་མེད་ལ་གཏུག་པ་ཡིན་ཞེས་པ་ཙམ་ཡིན་མོད། 
འོན་ཀྱང་དེ་ནི་སྣང་བརྙན་ཙམ་ཞིག་བཀོད་པ་རེད་ལ། དེའི་ལྟག་རྒྱབ་ན་དོན་དངོས་ཀྱི་སྐབས་དེའི་སྤྱི་ཚོགས་འཚོ་བའི་གནས་བབ་དེ་ཉིད་གབ་སྦེད་ཀྱི་ཚུལ་དུ་བསྟན་ཡོད་པ་ལྟ་བུ་རེད། འདི་ནི་མཁས་པའི་དཔྱོད་ཤེས་ཀྱིས་ཞུན་ཐར་བཅད་པ་ཞིག་མིན་པར། དམངས་མི་ཞིག་གི་ཁ་སྒོ་ནས་ཐལ་བའི་གཞས་ཤིག་ཡིན་ན་ཡང་། གོང་དུ་བཤད་པའི་སྤྱི་ཚོགས་འཚོ་བ་སྣང་བརྙན་གྱིས་མཚོན་པའི་ནང་དོན་ནི་ཕུན་སུམ་ཚོགས་པ་ལྡན་ཡོད། འདི་ནི་གོང་དུ་བཤད་པའིསྙན་ངག་གི«སྒྱུ་རྩལ་གྱི་མཚོན་ཐབས»ཟེར་བ་དང་ཡང་ཕལ་ཆེར་གཅིག་པ་ཡིན།
གཉིས་ཀུན་རྟོག་འཕྲོ་སའི་ཡུལ་ཡངས་པ།
སྙན་ངག་གང་ཞིག་ཡིན་ན་ཡང་དེ་ལ་རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་རྒྱག་པ་ནི་དོན་མེད་ཀྱི་ལས་ཀ་ལྷག་མ་ཞིག་ཡིན་པར་མ་ཟད། སྒྱུ་རྩལ་ལ་དམའ་འབེབས་པའི་རྣམ་འགྱུར་ཞིག་ཀྱང་མ་ཡིན་པའི་ངེས་པ་མེད། དེ་ནི་སྙན་ངག་སྟེང་གི་མཛེས་སྡུག་དང་འཇིག་རྟེན་མཐའ་དག་སྙན་ངག་པ་ཁོ་རང་གིས་སྒེར་འཛིན་བྱེད་རྒྱུ་མ་ཡིན་པར་ཀློག་པ་པོར་རྟོག་འཕྲུལ་གྱི་ཁོར་ཡུག་ཤིན་ཏུ་ཡངས་པ་དབང་བར་བྱ་དགོས་ཤིང་། དེ་ཡང་སྙན་ངག་ནི་ཀློག་པ་པོའི་ཆེད་དུ་བྲིས་པས་ཀློག་པ་པོའི་ཀུན་རྟོག་དེ་ཤིན་ཏུ་དོག་དྲག་པའི་ལམ་འགག་ཅིག་ལ་སྐྱེལ་རྒྱུ་དེ་མ་ཡིན་པར། ཅི་འདོད་དུ་ཡན་ཆོག་པའི་མུ་མཐའ་མེད་པའི་མཁའ་དབྱིངས་དང་དག་ཞིང་ཞིག་ལ་སྐྱེལ་དགོས་པ་ནི་ཀུན་རྟོག་འཕྲོ་སའི་ཡུལ་ཡངས་པ་ཞེས་པའི་གོ་དོན་ཡིན། 
སྙན་ངག་འགའ་ཞིག་ཚིག་དོན་གྱི་བར་གསང་ཐ་དག་གཏན་ཚིག་དང་བྱུང་རིམ་གྱིས་མཐར་ཆགས་སུ་སྦྲེལ་ཏེ། ཀློག་པའི་ཚེ་ཡང་རུས་སྦལ་ནུར་འགྲོས་ཀྱིས་ཚུལ་དུ་ཀློག་རྐྱང་བྱེད་རྒྱུ་ལས།  ཀློག་པ་པོའི་ཀུན་རྟོག་སྟེང་གི་མཆོང་བརྒལ་དང་། འཆར་ཡན། འཁྲུལ་སྣང་། བློས་བསླངས་སོགས་ཀྱི་ནུས་པ་མཐར་སྤྲོད་བྱས་ཡོད་པ་དེ་ནི་སྙན་ངག་གི་འཛེམ་བྱའི་ཁོངས་གཏོགས་ལས་བླང་བྱ་གཏན་ནས་མིན། གསལ་བོར་བཤད་ན་ཤིན་ཏུ་གོ་སླ་བའི་སྙན་ངག་གི་སྐོར་དེ་ཅུང་བྲིན་པའི་རིགས་སུ་གཏོགས་ཀྱང་། དོན་ངོ་མར་དེ་རིགས་ལ་སྙན་ངག་གི་མཚོན་དོན་གྱི་རང་བཞིན་དེ་ཆད་མེད་པའི་ངེས་པ་ནི་གཏན་ནས་མེད། འོན་ཀྱང་རྨད་བྱུང་ཁྱད་འཕགས་ཀྱི་བརྩམས་ཆོས་ཤིག་ཡིན་ན་དེའི་རིན་ཐང་དེ་མཐའ་གཅིག་ཏུ་སྙན་ངག་ཁོ་ནའི་ཚད་གཞིའི་སྟེང་ནས་གཞལ་དགོས་པའི་ངེས་པ་ནི་གཞི་ནས་མེད།
གསུམ་སྙིང་བསྡུས་ཀྱི་སྐད་ཆས་མཚོན་པ།
སྙན་ངག་ལ་མཚོན་ན་སྐད་ཆའི་རྒྱུ་རྩལ་གྱིས་ནི་སྙན་ངག་གི་གནས་བབ་གལ་ཆེ་ཤོས་བཟུང་ཡོད་ལ། སྙན་ངག་གི་སྐད་ཆ་ལ་མཚོན་ན་ནི་སྐད་ཆའི་སྟེང་གི་རྡུལ་རོ་སྤྲུགས་ཚར་བའི་སྐད་ཆའི་བཅུད་དང་སྙིང་པོ་ཡིན་དགོས་པ་རེད། དེ་ནི་གོང་དུ་ཐ་སྙད་ལ་བཙོ་སྦྱང་བྱེད་པ་ཞེས་པའི་ཚན་པ་དེའི་ནང་དུ་བཤད་ཚར་བས་ཡང་ཟློས་ཀྱི་ངལ་བ་བསྟེན་མི་དགོས་སོ།།
བཞི་ཚོར་འདུ་ཤུགས་དྲག་མཚོན་པ།
སྙན་ངག་གི་མཚོན་བྱ་ནི་ཚོར་འདུ་ཤུགས་དྲག་པ་དེ་ཡིན་ལ།ཚོར་འདུ་མེད་ན་སྙན་ངག་ནི་ཡེ་ནས་འཁྱོངས་ཐབས་མེད་པ་རེད། དེའི་ཕྱིར་སྙན་ངག་འབྲི་སྐབས་ཀྱང་གཙོ་བོ་ཚོར་འདུས་ཁ་ལོ་སྒྱུར་གྱིན་ཡོད་པ་ཡིན་ཞིང་། དེ་ཡང་གོང་དུ་བཤད་པའི«ལག་ལེན་གྱི་དོན་རྩ»གསུམ་པའི་ནང་དུ་འཐུས་པས་བསྐྱར་ཟློས་ཀྱི་ངལ་བ་མི་བསྟེན་ནོ།།
༤སྙན་ངག་གི་འགན་འཁྲི། 
«བཤད་སྟངས་གཞན་ཞིག་དང་སྙན་ངག་གི་གཤིས»
སྙན་ངག་ནི་དུས་རབས་ཤིག་གི་གླུ་དང་གླུ་ཚིག་ཅིག་ཡིན་རུང། དུས་རབས་དེའི་དར་རྒུད་ལ་སྙན་ངག་གིས་ཁ་ཡ་མ་བྱས་ཀྱང་ཆོག སྙན་ངག་ནི་དུས་རབས་ཤིག་གི་གླུ་དང། སྙན་ངག་པ་ནི་དུས་རབས་ཤིག་གི་མགྲིན་ཚབ་པ་ཡིན་ཟེར་སྲོལ་ཞིག་ཡོད་ན་ཡང་། འོན་ཀྱང་དེ་ནི་དོན་དངོས་ཐོག་སྙན་ངག་ནི་འཚོ་བའི་བརྙན་རིས་ཤིག་ཡིན་པ་དང་དེར་དུས་རབས་ཀྱི་ཁ་ལོ་བསྒྱུར་ནས་ཡོད་པའི་གོ་བ་ལས། སྙན་ངག་གིས་དུས་རབས་དེར་སྣེ་ཁྲིད་དང་ལམ་སྟོན་ཁག་ཁུར་བྱེད་དགོས་པའི་གོ་དོན་ཡེ་ནས་མེད། གལ་སྲིད་སྙན་ངག་ནི་དུས་རབས་ཤིག་གི་དཔལ་འབྱོར་དང་ཆབ་སྲིད།  ཡང་ན་ཀུན་སྤྱོད་སོགས་འཕེལ་རྒྱས་སུ་གཏོང་བའི་ལྡོག་ཕྱོགས་ནས་བྲིས་ན་ཡང་དེ་ནི་སྙན་ངག་གི་ཆད་སྐྱོན་ཞིག་ཡིན་པའི་ངེས་པ་རྩ་བ་ནས་མེད།
སྙན་ངག་གི་དྲང་ཤུག་ནས་བལྟས་ན་ཡར་རྒྱས་ཀྱི་བསྙེག་ཡུལ་ནི་སྒྱུ་རྩལ་ཉག་གཅིག་ཡིན་པ་ལས། གཞན་རྣམས་ཕལ་བ་ལས་གང་ཡང་ཡིན་མི་སྲིད། དཔེར་ན་སྙན་ངག་གིས་སྒྱུ་རྩལ་དང་ཀུན་སྤྱོད་གཉིས་ཀྱི་ནང་ནས་བསྙེག་ཡུལ་གཙོ་བོ་ནི་སྒྱུ་རྩལ་ཡིན་པ་ལས་ཀུན་སྤྱོད་མིན།
དེས་ན་སྙན་ངག་ནི་སྙན་ངག་པའི་དུང་ཞེན་དང་སྡང་སེམས་སོགས་གཟུགས་བརྙན་དང་། ཡང་ན་དེ་ལས་ཀྱང་བརྒལ་ཏེ་སྨྲ་བསམ་བརྗོད་འདས་ཀྱི་མཛེས་པའི་གཏིང་རིམ་དུ་བསྟིམས་པའི་སྒྱུ་རྩལ་གྱི་ཕྲ་ཕུང་ཞིག་ཡིན་ལ། དེའི་སྐད་ཆ་དང་། རྒྱབ་ལྗོངས། གཏན་ཚིག་སོགས་རེ་རེ་ནས་རྒྱལ་ཁོངས་དང་མི་རིགས་ཀྱི་ནང་གསེས་གང་ཡང་དགར་རྒྱུ་མེད་པར། ན་ཟུག་གང་དུ་ཡོད་ན་དེ་ནས་སྙན་ངག་འབྱུང་ལ། མིག་ཆུ་གང་དུ་བཞུར་ན་དེ་རུ་སྙན་ངག་ཀྱང་བཞུར་ཡོང་ཞིང་། དགོད་སྒྲ་གང་ནས་གྲགས་ན་དེ་ནས་སྙན་ངག་ཀྱང་ཆད་མེད་དུ་གྲགས་ཡོང་། རྒྱ་ནག་གི་རྩོམ་པ་པོ་ལོས་ཤུན་གྱིས། “སྙན་ངག་ནི་སྙན་ངག་པའི་མིག་ཆུ་འོད་དུ་འཚེར་བའམ། དགོད་སྒྲ་གོང་བུར་ཆགས་པ་ཡིན”ཟེར་བ་དེ་ཡང་གནད་ཀ་འདིར་གཟས་པའི་སྡོམ་ཚིག་དྲི་མ་མེད་པ་ཡིན་ཞེས་བཤད་ཆོག
 
སྙན་ངག་གི་རིན་ཐང་གང་ནས་འཚོལ།
དཔེར་ན་རྣམ་ཐར་གྱི་རིན་ཐང་ནི་ལོ་རྒྱུས་ཀྱི་ཐོག་ནས་འཚོལ་དགོས་པ་ཇི་བཞིན་སྙན་ངག་གི་རིན་ཐང་དེ་ཡང་གཙོ་བོ་སྒྱུ་རྩལ་གྱི་ལམ་ནས་འཚོལ་དགོས་པ་རེད། ཁ་ཅིག་གིས་སྙན་ངག་གི་རིན་ཐང་དང་གཞུང་ལུགས་ཀྱི་རིན་ཐང་སོགས་འཚོལ་ཚུལ་གཅིག་པའི་ལམ་ཁར་བཙན་གྱིས་དེད་དེ།  ད་དུང་ཡིན་མདོག་གིས་ཁ་ལྕེ་སྦོམ་པོ་དག་མི་ཚོགས་ཀྱི་དཀྱིལ་དུ་འཛེམས་དོགས་མེད་པར་འཕེན་པ་ནི། དོན་གྱིས།  མི་ཤེས་པ་ཡི་ཤེས་བྱ་ལ།།  རྣམ་གཞག་བྱེད་པ་མཚངས་ཡིན་ཏེ།།  ཞེས་པ་དང་གཉིས་སུ་མ་མཆིས་སོ།།
སྙན་ངག་ལ་མཚོན་ན་དེའི་བརྗོད་བྱའི་ལྗིད་ཚད་དང་གཏན་ནས་འབྲེལ་བ་མེད་པ་ཞིག་ཀྱང་མིན་མོད། སྙན་ངག་གི་སྐབས་སུ་གཙོ་བོ་དེའི་བརྗོད་བྱ་དེ་གང་ཡིན་མི་གཙོ་བར་བརྗོད་བྱ་དེ་ཇི་ལྟར་བསྟན་ཚུལ་གཙོ་བས། སྙན་ངག་གི་རིན་ཐང་འཚོལ་སྐབས་ཀྱང་སྙན་ངག་དེས་རང་གི་བརྗོད་བྱ་ཇི་ལྟར་བསྟན་ཡོད་པ་སྟེ་སྒྱུ་རྩལ་རང་སྟེང་གི་ཆ་ནས་རིན་ཐང་འཚོལ་རྒྱུ་དེ་གཙོ་བོ་ཡིན་པ་ལས། སྟོང་ཉིད་དང་རྟེན་འབྱུང་ལྟ་བུའི་རིག་པ་ཟབ་མོ་ཞིག་བརྗོད་བྱར་བྱས་ཡོད་ཚེ་དེ་སྙན་ངག་ཡིན་པ་དང་། དེ་ལས་གཞན་དུ་བྱ་དངོས་རང་ག་བ་ཞིག་བརྗོད་ན་སྙན་ངག་མ་ཡིན་པར་འབྱེད་པ་ནི་ཕྱོགས་སུ་ལྷུང་བའི་ལྟ་ཚུལ་ལས། སྙན་ངག་གི་རིན་ཐང་འཚོལ་ཚུལ་ཡང་དག་ཅིག་གཏན་ནས་མིན། 
དཔེར་ན་གྲོགས་མས་ཚང་སྤོར་བ་དང། བྱེ་མ་ལེབ་མེ་ཏོག་གི་ཚལ་དུ་འཁོར་བ། ཤིང་གི་ལོ་འདབ་རླུང་གིས་བསྐྱོད་པ་ལྟ་བུའི་རང་ག་བའི་སྣང་ཚུལ་འདི་དག་ཀྱང་སྙན་ངག་གི་བརྗོད་བྱར་རུང་བར་མ་ཟད་། འདི་དག་བརྗོད་བྱར་བྱས་པའི་ཕུལ་བྱུང་གི་སྙན་ངག་ཀྱང་འབྱུང་སྲིད་པ་རེད།  འོ་ན་སྙན་ངག་ལ་གཏིང་ཟབ་པའི་ཁྱད་ཆོས་ཡེ་ནས་མི་དགོས་སམ་སྙམ་ན། གཏིང་ཟབ་པའི་ཁྱད་ཆོས་འདི་ནི་སྙན་ངག་ལ་འཛོམས་དགོས་ངེས་ཤིག་ཡིན་མོད། འོན་ཀྱང་དེ་ནི་གོང་དུ་བཤད་པ་ལྟ་བུའི་བྱ་དངོས་སམ་བརྗོད་བྱ་རང་སྟེང་ནས་གཏིང་ཟབ་མིན་ལ་རག་ལས་པ་མ་ཡིན་པར་བརྗོད་བྱ་རང་སྟེང་ནས་གཏིང་ཟབ་མིན་གང་ལྟར་ཡང་། གཙོ་བོ་སྙན་ངག་རང་ཉིད་ཀྱིས་གཏིང་ཟབ་ཏུ་བསྒྱུར་དགོས་ཤིང་། དེ་ནི་སྒྱུ་རྩལ་དང་རྩོམ་པ་པོའི་མཛེས་དཔྱོད་ལ་གནད་ཐུག་ཡོད་པ་རེད།
སྙན་ངག་ལ་དགའ་བའི་བློས་ཐུབ་གྲོགས་པོ་ཞིག་གིས་བསྐུལ་ངོར་རྒྱལ་མོ་ཚ་བ་རོང་གི་སྟེ་གནས་འབར་ཁམས་ནས༢༠༡༢ལོའི་སྤྱི་ཟླ༣ཚེས༡ལ་གྲུབ་པར་བགྱིས་སོ།།

                                                    རྩོམ་སྒྲིག་པ། མྱི་གསར་བ།