ལྷ་ས། ཞར་བཀོད་གཉིས།
རྩོམ་པ་པོ། མེ་ཆར།
རྩོམ་པ་པོ། མེ་ཆར།
ལྷ་ས། ཞར་བཀོད་གཉིས།
མེ་ཆར། ནང་ཆེན།
འདི་ནས་ལེ་བར་སྟོང་ཕྲག་གི་ཕ་རོལ་ན
བྱིན་ཆགས་ཀྱི་ཕོ་བྲང་དམར་པོ་ཞིག་ཡོད་ཅེས་གྲགས
གནས་དེ་ན་ལྷ་ཚོགས་ཀྱང་མང་པོ་ཞིག་ཡོད་ལ
ཉེ་འཁོར་གྱི་མི་དག་གིས་གསོལ་བ་འདེབས་ཀྱིན་ཡོད་ཟེར
གནའ་བོའི་ལོ་རྒྱུས་རིང་མོ་ལས
སྲིད་པ་འདིའི་རི་སྒང་ན་སྐར་མ་སྨིན་དྲུག་བཞིན
འོད་ལམ་ལམ་དང
ཁྲ་ཆེམ་ཆེམ
ཁྱོད་ཀྱི་བྱིན་རླབས་མཆེད་ཡོད་ལ
ཁྱོད་ཀྱི་གཟི་བརྗིད་འབར་ཡོད་ཟེར
རི་བོའི་ཉག་ག་ནས་ཟླ་བ་འཆར་ཐེངས་རེར
ལྷ་སའི་ཕོ་བྲང་ཡང་རྩེའི་གཟིམས་ཤག་ལས
མཛའ་མོ་དྲན་མཁན་གྱི་མི་བུ་ཞིག་ལ
ཚངས་དབྱངས་རྒྱ་མཚོ་ཞེས་འབོད་པའི
བརྩེ་དུང་གི་རྒྱལ་སྲས་ཤིག་ཀྱང་ཡོད་པར་གྲགས
གངས་ཁྲོད་ཀྱི་ལྟེ་བར་བཞུགས་པའི་གསེར་གྱི་ཕ་ལམ
སྤྱི་གཙུག་གི་དབུས་ན་འགྱིང་བའི་དངུལ་གྱི་ཟླ་བ
ཉི་མ་ལྷ་ས
ཁྱེད་ཉིད་གཏན་དུ་བསྒོམས་ཤིང་གསོལ་བ་བཏབས
ངའི་དད་པས་བཏེགས་པའི་སྨོན་ལམ་རྣམ་དག་ཅིག
བསང་དུད་དང་ལྷན་དུ་དགུང་ན་འཕྱུར
ལོ་ཟླ་དང་ཐ་སྙད།
ས་སྲོད་ཀྱི་མཚན་ནུབ་རེར
དུས་ཚོད་སྐར་ཆ་དུ་མ་ཞིག་འགོར་རྗེས
སུ་ཞིག་གི་རྨི་ལམ་དང་ལྷིང་འཇགས་དཀྲོགས་སོང
ལོ་ཟླ་ཡུན་གྱིས་འདས་ཀྱིན་ལང་ཚོ་རིམ་གྱིས་ཡལ
འདི་ནི་སྐྱེ་འཆིའི་གནས་ལུགས
ར་སྤྲོད་བྱེད་སྟངས་ཤིག་ཅི་ལ་མིན
ལོ་ཟླ་ལགས
ཅུང་ཙམ་དལ་མོ་གནང་རོགས
ངས་ད་དུང་གཞོན་དུས་ཀྱི་འཚོ་བ་དང
བྱིས་དུས་ཀྱི་གཏམ་རྒྱུད་རིང་མོ་སོགས
འདས་དོན་ཁོ་ནར་བཅོལ་དགོས་པར་ཞེ་སེམས་ཕངས
མི་ཚེའི་སྒལ་ཚིགས་ཀྱི་འཕྲང་ལམ་རེ་ལ
དཀའ་སྡུག་གི་རྔུལ་ཆ་ཟགས་ཡོད་ལ
མིག་ཆུའི་ཐིགས་ཕྲེང་འཐོར་ཡོད
ལོ་ཟླ་གང་མང་ཞིག་གི་རྗེས་སུ
སུ་ཞིག་གི་ལང་ཚོ་དེ་ཡལ་སོང
སུ་ཞིག་གིས་འདས་སོང་ལ་ཕྱིར་རྟོག་བྱས་སམ
ངས་ཇི་སྲིད་བར་བརྗེད་དུ་མེད་པའི་ལོ་ཟླ
སུ་ལའང་བརྗོད་དུ་མེད་པའི་ཐ་སྙད
ཞེ་འཁྱག་པའི་ལེའུ།
མཚམས་ལན་རེར
ངས་བརྗོད་མི་ཐུབ་པའི་ཚོར་འདུ་རེ་རེ
ནང་སྙིང་མེད་པའི་ཐ་སྙད་ཅིག་ལ་བརྟེན་ནས
ང་རང་གཅིག་པུས
ནམ་མཁའི་སྐར་ཚོགས་ལ་ལྟ་བཞིན
ཤིན་ཏུ་འཁྱག་པའི་གནམ་ངོ་ལ་སེམས་པ་གླན་ཏེ
ཁུ་སིམ་སིམ་གྱི་མཚན་ལྗོངས་སྐྱེལ་ཐབས་བྱས
དྲན་པ་གདུང་བས་མནར་བའི་ས་སྲོད་རེར
སྐྱོ་ངག་ཡོད་ཚད་དབྱངས་གསལ་ལ་བསྟིམས་ཏེ
ཐ་སྙད་འགའ་ཡིས་རང་སེམས་མཚོན་ཐབས་བྱས་ནའང
མགྲིན་པ་འགག་པའི་ལོ་ཟླ་འདིར
ངས་ཅི་ཡང་གླེང་ཐུབ་ཀྱིན་མི་འདུག
ཁེར་རྐྱང་གི་སྣང་བ་ཞིག
ངའི་སེམས་གཏིང་ལ་འཁོར་དུས
ཡིད་ལ་སྐྱོ་སྣང་གི་སྨུག་པ་ཞིག
སྟོན་གྱི་ན་བུན་བཞིན་ལྡང་བྱུང
འོན་ཀྱང
ཟློག་མེད་ཀྱི་ཆོས་ཉིད་ཀློང་ནས
སེམས་ཀྱིས་མི་ཐེག་པའི་སྐྱོ་ངལ་མོད་ནའང
ནམ་ཡང་རེ་ཆད་མི་གནང་རོགས
སྙིང་ཉེ་བའི་རང་ཉིད
༣༠༢༤.༡༢.༢༨
རྩོམ་སྒྲིག་པ། འཕགས་མི།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease