མཚན་མོའི་འབྲུག་སྒྲ།
རྩོམ་པ་པོ། རྨོག་ཐང་དཀར།
རྩོམ་པ་པོ། རྨོག་ཐང་དཀར།
མཚན་མོའི་འབྲུག་སྒྲ།
རྨོག་ཐང་དཀར།
ཤར་ཕྱོགས་གནམ་མཐའི་གློག་དམར་འཁྱུག་ཙ་ན།།
མཚན་མོའི་གངས་རི་དཀར་ལམ་དམར་ལམ་བྱེད།།
དྲན་པ་རབ་རིབ་སྨག་གི་ཆར་རྒྱུན་དང་།།
ལྷན་ཅིག་བསྡེབས་ནས་སྔོ་ལོ་བྱ་ཐབས་བྲལ།།
རི་བོའི་དངངས་སུ་ང་རྒྱལ་ཆུ་རགས་བརྩིགས།།
འཁོས་ཆུང་སེམས་དཔངས་བསྟད་ནས་བཟི་ཡོམ་བྱེད།།
མཚན་མོའི་ཁང་ཆུང་འདར་བའི་འཆར་རྟོག་ཁྲོད།།
འཇིགས་ཞུམ་བྲལ་བའི་ཡབ་མེས་ཏེ་བོར་དྲན།།
བསྐལ་བ་ཡ་ཐོག་རིང་མོའི་ཁུག་སོ་ནས།།
འདར་འཕྲིག་མེད་པར་བཞུད་པའི་སྤོབས་པ་དེས།།
ཉམ་ཐག་གཏད་སོ་ཞིག་པའི་ལྡོམ་བུ་པའི།།
སེམས་ཀྱི་སྐྱི་པགས་སྲབ་མོ་ཆེ་རུ་བསྒྱངས།།
རླུང་གཤོག་རྩེ་སྒྲོ་ངར་མའི་སྟངས་འགྲོས་ཀྱིས།།
ཕྱད་ཕྱོད་དྲན་པའི་རི་ཚོགས་གཡུང་ལ་ཕབས།།
ཆགས་སྡང་འཇུར་མིག་ནང་དུ་མ་ཚུད་པའི།།
ཨོ་ལོའི་སེམས་པ་གང་ལའང་ཉེ་ཞོ་བྲལ།།
ར་སྐོར་ནང་གི་སྐྱེད་མོས་ཚལ་དུ་ཡང་།།
སྣེ་ཤན་མེད་པར་འཕུར་བའི་བུང་བ་བཞིན།།
འཁོར་བའི་བཞི་མདོར་སླེབས་པའི་དྲང་སྲོང་གིས།།
གཏམ་རྒྱུད་སྲད་བུའི་རྒྱུན་ནི་ཐག་གེར་བཅད།།
མི་ལྤགས་གཡང་གཞིའི་ཁུད་ན་གཅོད་མཁན་གྱིས།།
སྟོང་པའི་ཐུགས་དམ་བོགས་འདོན་བྱེད་པའི་སླད།།
རྒྱང་བལྟས་རྨི་ལམ་ཚ་འཁྱག་འདྲེས་མ་ལ།།
རེ་ཞིག་གཟའ་གཏད་བཤིག་ཅིང་ཕྱོད་དེ་ལུས།།
དྲན་པའི་འདུ་འགོད་གཅིག་ཏུ་སྡུད་པའི་སྐབས།།
བག་མེད་སྣང་བ་ཆུ་སྣ་གར་ཁྲིད་ཀྱང་།།
ནང་གི་སྲབ་སྐྱོགས་ལ་འུར་བསྡམ་པའི་མོད།།
གཅོམ་ཆུང་སྡར་སྐད་ཅིག་གིས་གནམ་ས་གཡོས།།
ནམ་མཁའ་སྔོན་པོའི་འོག་གི་འཇིག་རྟེན་གྱི།།
དགའ་སྐྱོའི་ས་ཚིགས་རེ་ན་བག་ཆགས་རེ།།
སྲིད་པའི་ནགས་ཚལ་ཡོམ་ཡོམ་སྒུལ་བའི་གཏམ།།
ཟུག་རྔུའི་ཚོར་བས་ཤོ་གམ་འཇལ་འཇལ་བྱེད།།
སྣང་བའི་རི་ཟོམ་བརྡིབ་པའི་ཆོམ་སྒྲ་ཡང་།།
དུས་རླུང་བསེར་བུའི་རྐྱེན་གྱིས་འཕྲལ་དུ་ཁྱེར།།
འཇའ་སྤྲིན་ཟ་འོག་རི་མོའི་འདྲེན་ཤུགས་ཀྱིས།།
ང་ཡི་རྣམ་ཤེས་སྦ་སྨྱུག་ཕྲ་མོར་དྲངས།།
2022.6.21
![]() |
|
Signature is customized by Netease