སྟེགས་བུའི་སྟེང་གི་རྒྱ་སེ་སྔོན་པོ།

    རྩོམ་པ་པོ། ཆུང་ཆུང་།


སྟེགས་བུའི་སྟེང་གི་རྒྱ་སེ་སྔོན་པོ།

 
                       ཆུང་ཆུང་། 
སྔོན་མར་ངས་ཆུ་བོ་གྱེན་ལ་བཞུར་བ་མཐོང་མ་མྱོང་བས། ཆུ་བོ་ནི་དུས་གཏན་དུ་ཐུར་དུ་འབབ་པ་ཞིག་རེད་འདོད་ཡོད། དེ་ལྟར་ངས་བྱིས་པ་རྣམས་ནི་ནར་སོན་མི་སྲིད་ཅིང་ཁོ་ཚོའི་ངག་ནས་ཀྱང་ཚིག་མི་སྙན་པ་འབྱུང་གི་མ་རེད་སྙམ་པ་ཡིན། འོན་ཀྱང་མུན་ནག་ཁྲོད་འབུས་པའི་མེ་ཏོག་དང་། སྟེགས་བུའི་སྟེང་རང་དབང་ཤོར་བའི་མི་ནག་བྲན་གཡོག་གིས་ཁོ་བོར་གཏམ་བརྗོད་ཟློས་གར་གཞན་ཞིག་འཁྲབ་པར་བྱེད། 
 
ནམ་མཁའ་ངེས་པར་འགྱུར་འགྲོ་བསམ་མ་བྱུང་།།
ཁ་དོག་སྔོན་པོར་གྱུར་ལ་ནག་པོར་གྱུར།།
སྐྱེ་བ་གཅིག་ལ་སྐྱོ་བས་ཆོག་འགྲོ་སྙམ།།
འོན་ཀྱང་སྐྱེ་བ་མང་པོར་སྐྱོ་དགོས་བྱུང་།།
 
བྱིས་པས་སྐད་ཆ་འཆད་ཡོང་བསམ་མ་བྱུང་།།
གློ་བུར་ནར་སོན་དབུ་སྐྲ་རིང་པོ་སྐྱེས།།
ཞེ་སྡང་གདུག་སེམས་མེད་པར་གཟིམ་འགྲོ་སྙམ།།
འོན་ཀྱང་ཡིད་འོང་ཁྱོད་ཀྱིས་ཁོ་བོ་བསད།།
 
མེ་ཏོག་གཅིག་པུར་སྐྱེ་ཡོང་བསམ་མ་བྱུང་།།
མུན་པ་ཕྱོགས་བཞིར་འཐིབས་ལ་ཉི་འོད་འགྲིབ།།
ད་ལྟ་ཇི་བཞིན་བདེ་ཐང་ཡིན་འགྲོ་སྙམ།།
འོན་ཀྱང་གཟེར་ནད་བྱུང་སྟེ་འཆི་དགོས་བྱུང་།།
 
ཡོལ་བ་རླུང་གིས་སྒུལ་ཡོང་བསམ་མ་བྱུང་།།
གཅེར་བུའི་ལུས་ནི་འགྲེམ་སྟོན་དངོས་རྙིང་བཞིན།།
ཐམས་ཅད་དགའ་བས་ང་ཡང་དགའ་ངེས་སྙམ།།
འོན་ཀྱང་ལུས་ནི་རུལ་ཞིང་མྱག་པར་གྱུར།།
 
གཏམ་བརྗོད་ཟློས་གར་འདི་ཡི་རྗེས་མར་ནི།།
སྐྱོ་གར་གཞན་ཞིག་འཁྲབ་དགོས་བསམ་མ་བྱུང་།།
དབུ་སྐྲ་ཉིན་རེར་ཉག་མ་གཅིག་རེ་འཐོར།།
གྲངས་ཀ་ཅི་ཙམ་ལོང་དགོས་སུ་ཞིག་དཔག།
 
རྐང་པ་ཟུང་ནི་བསྐུམས་ཏེ་ཁེར་བུར་ཉལ།།
གློ་བུར་ཞག་ཆར་འབབ་ཡོང་བསམ་མ་བྱུང་།།
ཁྱེད་ནི་གསུང་སྐད་དམའ་བས་བདག་མི་ཐོས།།
འོན་ཀྱང་སྙིང་རླུང་ནམ་མཁར་རྡེག་པ་ཚོར།།
 
སྡོང་པོ་འགྱེལ་འགྲོའང་བདག་ནི་བསམ་མ་བྱུང་།།
ཡལ་གར་ཕྲུ་གུ་བཞག་སྟེ་ཁྱིམ་ཚང་བཅས།།
འོན་ཀྱང་དྲག་རླུང་ལྡང་བ་སུ་ཡིས་ཤེས།།
སྡོང་པོ་འགྱེལ་ཞིང་ཡལ་ག་ཆག་པར་གྱུར།།
 
དཔྱིད་ནི་སྐད་ཅིག་ཙམ་གྱིས་རྫོགས་གྱུར་ཞིང་།།
ལོ་བརྒྱའི་ལྡུམ་རར་མེ་ཏོག་སྣ་མང་བཞད།།
འོན་ཀྱང་སུ་ཞིག་སྒོ་མོ་འདི་ནི་འབྱེད།།
བདག་གི་ལུས་ནི་མུན་ཁང་སྟོང་པར་ལུས།།
 
གཤོག་པ་ཐོགས་ནས་མཐའ་ཡས་རྒྱ་མཚོ་བརྒལ།།
ཀུན་གྱིས་སྨོན་ཡང་རྒྱ་མཚོ་གཏིང་མཐའ་བྲལ།།
འཕུར་བས་བདག་ནི་ངལ་བར་མ་གྱུར་ཏེ།།
སྐམ་སའི་མེ་ཏོག་རྣམས་ལ་མཛེས་སྡུག་ལྡན།།
 
བདག་ནི་གཅོང་རོང་གཡེང་ས་ཆེན་པོར་ལྷུང་།།
མགྲིན་པ་གསེང་སྟེ་ངོ་ཤེས་རྣམས་ལ་བོས།།
གཏིང་རིང་གཏིང་རིང་འདི་ཡི་འོབས་སུ་ནི།།
རྣམ་ཤེས་ངུ་ཞིང་ལུས་པོས་སྐྱོམ་འདར་རྒྱག། ཅེས་“ཀྲུང་སིན་མིན་ཚོ”དང་མུན་ནག་གི་འཇིག་རྟེན་ལ་ཕུལ།
ཉི་འོག་ཚིག་ཇ་ཁང་གི་ས་སྐྱོང་སྙན་ཚིག
 
སྐུ་ཉིད་འཕང་བཞིའི་ཤིང་རྟར་ཤོང་དཀའ་ཡང་།།
ལེ་བར་སྟོང་ཕྲག་ཚུན་ཆད་སྐྱེད་མོའི་ཚལ།།
སྐྱེད་མོའི་ཚལ་གྱི་མཛེས་སྡུག་མཐོང་སླ་ཡི།།
དེ་ཡིས་སྦྱིན་པའི་མྱོང་ཚོར་ཤོད་པར་དཀའ།།
 
སྐུ་ཉིད་རླུང་ཁྲོད་གྱེན་དུ་འགྲེང་དཀའ་ཡང་།།
ནུབ་ཡུལ་མཚམས་སྤྲིན་དེ་ནི་མཛེས་སྡུག་ལྡན།།
ནུབ་ཡུལ་མཚམས་སྤྲིན་མཛེས་སྡུག་མཐོང་སླ་ཡི།།
དེ་ཡིས་སྦྱིན་པའི་མྱོང་ཚོར་ཤོད་པར་དཀའ།།
 
སྐུ་ཉིད་ཐོག་ཁང་བཅུ་པར་སྙན་ཚིག་གྱེར།།
རྣམ་བཀྲ་དབང་གཞུའི་རི་མོ་ཡི་གར་འོང་།།
རྣམ་བཀྲ་དབང་གཞུའི་རི་མོ་མཐོང་སླ་ཡི།།
མངོན་སུམ་ལག་པའི་མཐིལ་དུ་འཆང་བར་དཀའ།།
 
སྐུ་ཉིད་རྣོ་སྦྲེང་རོལ་མོའི་གཟིངས་སུ་ཞུགས།།
འཇིག་རྟེན་གླུ་མཁན་སྣ་ཚོགས་ཚོར་བས་བཟི།།
འཇིག་རྟེན་གླུ་མཁན་སྣ་ཚོགས་བཟི་སླ་ཡི།།
རྣམ་དག་སྒྱུ་རྩལ་རྙི་ལས་ཐར་བར་དཀའ།།
 
སྐུ་ཉིད་ཡང་ཡང་འཁྲུལ་བའི་རྒྱ་མཚོར་འཕྱན།།
རང་ལུས་ཁུར་མོང་རེག་བསིལ་རླུང་བུས་གཏོར།།
རང་ལུས་ཁུར་མོང་འཐོར་ཡང་བཟོད་སླ་ཡི།།
རྣམ་ཤེས་ངེས་མེད་འཁྱམ་པ་ཡིད་རེ་སྐྱོ།།
 
སྐུ་ཉིད་ཕྱི་དྲོར་རང་ཤག་ནང་དུ་ལོག།
བན་བུན་མུན་པའི་རྒྱུད་སྐུད་ཡམ་ཡོམ་འདར།།
ཡམ་ཡོམ་འདར་བའི་ཆོས་རྣམས་བརྗེད་སླ་ཡི།།
དེ་ཡིས་དྲངས་པའི་སེམས་ཚོར་བརྗེད་པར་དཀའ།།
མྱ་ངན་ཐང་།
 
གཅིག་ནི་རྒྱ་མཚོའི་གཡོར་གྲུར་ཞུགས།།
ལམ་དུ་རྦ་ཀློང་འཁྲུགས་ནས་ཤི།།
གཅིག་ནི་རོང་གཟར་རྐང་ལམ་དེད།།
རི་མགོར་སྨན་རྩྭ་འཐུ་རུ་སོང་།།
དེ་ཡང་གཅན་གཟན་ཟས་སུ་གྱུར།།
ད་ནི་བདག་ལ་ལམ་སྟོན་མཛོད།།
ཤར་ལ་འགྲོ་འམ་ནུབ་ལ་འགྲོ།།
ནུབ་ནི་དུག་ལྡན་ནགས་ཀྱིས་བསྐོར།།
ཤར་ནི་བདུད་རྩི་ཀླུང་གིས་བསྣུབས།།
 
ང་རང་སྐྱེ་ནི་མི་རུ་སྐྱེས།།
ད་ལྟ་མི་ཡུལ་འཇིགས་པས་ཁེངས།།
ལམ་ནི་རྡོག་པའི་འོག་ན་འཐེན།།
འོན་ཀྱང་ཕྱོགས་ཀུན་ཚེར་མའི་ཚལ།།
བྱ་ཐབས་བྲལ་ནས་མཁའ་ལ་བལྟས།།
བྱ་ནི་གཤོག་པ་འཐོར་ནས་ལྷུང་།།
དེ་ནས་ས་གཞིའི་མཐིལ་ལ་བལྟས།།
མི་ཡང་སྡུག་བསྔལ་གདུང་བས་ནོན།།
 
འདི་ནས་རྒྱང་གྲགས་གསུམ་བཞི་ན།།
སྔོན་ཆད་བདག་གི་ཕ་གཞིས་ཆགས།།
ཉི་འོད་གསལ་ལ་ཉི་འོག་འཇམ།།
མེ་ཏོག་ཚལ་བཀྲ་བདེ་སྐྱིད་ལྡན།།
ད་ལྟ་ཕ་གཞིས་སྟོང་པར་ཆགས།།
ཕུ་ནུ་ཡུལ་གྱར་བདག་རང་ལུས།།
སྨྲེང་རོགས་སྙན་ངག་མི་འབྲི་བར།།
དོན་དམ་བདག་གིས་ཅི་ཞིག་ནུས།།
འཇིག་རྟེན་ཐམས་ཅད་མྱ་ངན་ཐང་།།   
མི་མཐོང་རིང་བའི་འཇིག་རྟེན་ན།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་མེ་ཏོག་ཞཱ་མོ་གྱོན།།
ཐུ་བ་བརྫེས་ཏེ་གསལ་བའི་ཆུ་མོར་རྩེ།།
ཅི་འདྲའི་སྙིང་ཉེ་ཅི་འདྲའི་ཡིད་གར་འོང་།།
སུ་ཞིག་མཐོང་ཡང་དེ་ལ་བལྟས་ཏེ་དགོད།།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་མིང་ལ་ལྷ་སྒྲོན་ཞུ།།
ཕྲ་བའི་སྨིན་རིས་འཁྱུག་ཅིང་རྣམ་རིག་གྲུང་།།
ཅི་འདྲའི་སྙིང་ཉེ་ཅི་འདྲའི་ཡི་གར་འོང་།།
སུ་ཞིག་མཐོང་ཡང་དེ་ལ་བལྟས་ཏེ་དགོད།།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་ཡུམ་གྱི་ཕྱག་སོར་འཇུ།།
ངོ་ཚ་སྨིན་ཞིང་ཆིག་ལབ་རྒྱག་པར་དགའ།།
ཅི་འདྲའི་སྙིང་ཉེ་ཅི་འདྲའི་ཡི་གར་འོང་།།
སུ་ཞིག་མཐོང་ཡང་དེ་ལ་བལྟས་ཏེ་དགོད།།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་ད་ལྟ་གར་སོང་བྲལ།།
སུ་ཞིག་གིས་ཤེས་ཁོ་མོར་ལྷ་སྒྲོན་ཞུ།།
སྔོན་ཆད་སྤྲོ་སྣང་ཆེ་ཞིང་འཛུམ་པར་དགའ།།
སུ་ཡིས་མཐོང་ཡང་དེ་ལ་བདེ་སྐྱིད་སྟེར།།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་ད་ལྟ་ནར་སོན་ཟིན།།
སུ་ཞིག་གིས་ཤེས་ཁོ་མོར་འགྱོད་གདུང་ཆེ།།
སྔོན་ཆད་མོ་རང་དེ་འདྲའི་བདེ་སྐྱིད་ལྡན།།
རྨི་ལམ་དེ་ནི་མྱུར་བས་འཛིན་ཐབས་བྲལ།།
 
འདི་ནས་མི་མཐོང་རིང་བའི་འཇིག་རྟེན་ན།།
བྱིས་པ་ཞིག་ཡོད་ད་ལྟ་བགྲེས་པར་གྱུར།།
སུ་ཞིག་གིས་ཤེས་ཁོ་མོའི་ཡིད་སྨྲེང་བྱུང་།།
སྔོན་མ་སྔོན་མར་ཡངས་བའི་གནས་ཤིག་ཏུ།།
མེ་ཏོག་ཞཱ་མོ་གྱོན་ནས་དགོད་མྱོང་ཨང་།།
                       རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease