འཚིག་རོ། ཞར་བཀོད་བཞི་ཡོད།

    རྩོམ་པ་པོ། སྨྲ་བའི་རྒྱལ།


འཚིག་རོ།
 
            རྩོམ་པ་པོ། སྨྲ་བའི་རྒྱལ། 

རྡོ་བ་གས་པའི་སྒྲ 
མེ་ལྕེ་མཆེད་པའི་གཟུགས
 
རྨི་ལམ་འཚིག་པའི་དྲི
དམྱལ་ཆུ་མྱོང་བའི་རོ
 
རྒྱང་རིང  རྨི་ལམ  ཁེར་རྐྱང
ལུས་ཀྱི་སྟེང་ན་འདར་ཤིག་ཤིག
 
མི་ཟིན་པའི་ན་བུན།                       
 
ཁྱོད་རང་ག་ལེར་འཕུར་ཤོག་དང
ངས་ཁྱོད་ཀྱི་ལག་མཐུལ་དུ་ངལ་དུབ་སྤུངས་ཏེ
སྐྱེ་བ་འདིའི་ཕངས་སེམས་ཡོད་ཚད
ལས་ཀྱི་འབབ་ཚུགས་རྗེས་མར་བསྐྱུར་ཡོད
 
ད་དུང་སྟོན་ཀ་འདིའི་ཞོགས་པ་བཞིན་རབ་ཏུ་འཁྱགས་པའི་དྲི་བ་དག
མིག་ཆུའི་ནང་གི་མེ་ཏོག་དང་བསྣོལ་ཏེ
ངས་རང་གི་དབུལ་ཕོངས་ཀྱི་དུས་ཚོད་སྤྱད་དེ
སའི་གོ་ལའི་གནས་གཞན་ཞིག་ཏུ་བསྐྱལ་ཡོད
 
ཁྱོད་རང་ག་ལེར་འཕུར་ཤོག་དང
དེའི་ཤུལ་དུ་ངས་སྟོང་བསམ་གྱི་མཛེས་པ་རེ་རེར
ཚོན་བརྒྱབ་ནས་ཁྱོད་ཀྱི་སྐྲ་གསེང་དུ་བསྐུངས་ཡོད
 
འཁྱག་པ། 
 
ཁྱོད་ཀྱི་མཁུར་གོང་དུ་བཞུར་བའི་མིག་ཆུ་དེས
ཚུལ་འཆོས་ཀྱི་རང་སེམས་རློན་པར་བཏང
 
ཁྱོད་ཀྱི་མཁུར་གོང་དུ་བཞུར་བའི་མིག་ཆུའི་ནང་དུ
ཤིན་ཏུ་འཁྱག་པའི་གྲིབ་མ་གཉིས་བསྣོལ་མར་འཛིངས་འདུག
 
ཁྱོད་ཀྱི་མཁུར་གོང་དུ་ལྷུང་བའི་མིག་ཆུས
ང་ཡི་དྲན་པ་མཚོན་བྱེད་ཀྱི་རྨི་ལམ་གཟུགས་སུ་བཞེངས
 
སོ་ནམ་པ། 
 
ངས་སྙིང་གཤགས་ནས་ཞིང་ནང་དུ་བཏབ་ཟིན
 
སྟོན་མཇུག་གི་མཇུག་ཏུ
འབྱོར་ཕྱུག་གི་བརྩེ་བ་སྐྱེ་དགོས
ཡང་ན་ངང་སྒུག་གི་འབྲས་བུ་སྨིན་དགོས
 
ཁྱོད་རང
ངའི་རྨི་ལམ་གྱི་གྲུ་ལ་ཞུགས་ཏེ
ཞིང་ཁ་འདིའི་སྐྱེད་ཚལ་དུ་ལོག་རོགས
 
ངས་ཞིང་ཁ་འདི་ནས་སོ་ནམ་བྱས་ཏེ་ཡུན་རིང་ཡིན
 
འབྱོར་ཕྱུག
 
ན་ཚོད་འདིའི་མི་ཐེག་པའི་གདུང་བ
གཟུགས་མེད་ཀྱི་ཕམ་ཉེས་འཁུར་བའི་རླུང་བུས་ཁྱེར
 
ངང་སྒུག་གི་མིག་འབྲས
ཆུ་གཏིང་གི་རྡོ་བ་བཞིན་ཧ་ཅང་འཁྱགས་པར་གྱུར
 
དེའི་རྗེས་སུ་རྨི་ལམ་ཡོད་ཚད
མངོན་སུམ་གྱིས་ཁྱུར་མིད་བཏང
ཡིན་ནའང
རྨི་ལམ་ངོགས་སུ་སྤུངས་བ་དག་གི་མདོག་ཤོར་མི་འདུག
                     རྩོམ་སྒྲིག་པ། འབར་བློ་དཀར།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease