ཀློང་ཆེན་པ།

    རྩོམ་པ་པོ། གུ་དཔལ་ཤིས།


ཀློང་ཆེན་པ།
       ༸ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་མཇལ་རྗེས།

                             གུ་དཔལ་ཤིས།

 
ཀློང་ཆེན་པ།
བཀའ་གཏེར་གྱི་ལུང་བྱང་དུ་མར།
མི་འགྱུར་བའི་གཟེར་བརྒྱ་བཏབས།
བློ་གྲོས་མཆོག་ལྡན་གྱི་མ་འོངས་པའི།
ནམ་མཁའ་དང་ས་གཞི། འོད་ཟེར་དང་བྱིན་རླབས་ཤིན་ཏུ་སྙན།
 
ཀློང་ཆེན་པ།
འབྲོམ་བཟའ་བསོད་ནམས་རྒྱུན་གྱིས།
སེངྒེའི་དཔྲལ་བ་ཉི་འོད་རྒྱན་པ་གཉིས།
སྲིད་གསུམ་དུ་དུས་གཅིག་ལ་ཤར་རྗེས།
རང་ལུས་ཐིམ་པར་རྨིས་ཤིང་།
རབ་བྱུང་ལྔ་བའི་ས་སྤྲེལ་གྱི་དཔྱིད་ཀ
མཁའ་འགྲོ་འདུ་བའི་དབོ་ཟླའི་ཚེས་བཅུར།
རྟེན་འབྱུང་གི་ས་བོན་དཀར་དམར།
སྐྱེ་རྒུའི་བསོད་ནམས་ཞིང་སར།
བསིལ་འཇམ་རླུང་བུས་འཁྲོལ་བའི་ཆར་འབྲུ་དང་བཅས།
བཞད་པའི་ཉིན་དེ་ནས་བཟུང་།
ལྷ་མོ་ནམ་གྲུ་མས་བཀའ་ཡི་བསྲུང་དམ་ངང་།
ལྗང་ནེམ་ནེམ་ལང་ཚོ་སྨིན་མགོ་ཚུགས།
 
ཀློང་ཆེན་པ།
དགུང་གྲངས་ལྔ་བར།
དབྱངས་གསལ་གྱི་བརྡ་ཐབས་ལ།
ཞལ་ཕྱོགས་ཀྱི་དྲན་པ་གཡོས་པས།
སྐྱ་རེངས་ཀྱི་འོད་སྣང་འཛུམ་ཞིང་།
རྨོངས་སྨག་གི་གྲིབ་མ་རིང་དུ་གྱེས་དུས།
ཁྱོད་ནི་ངག་གི་དབང་པོ་ཡིན།
 
ཀློང་ཆེན་པ།
སྐྱེ་འཆིའི་འཁོར་བ་རུ།
གྲང་ངར་གྱི་བུ་ཡུག་འཚུབ་དྲག་པས།
རྟག་བརྟན་གྱི་སྙིང་བོ་ཡལ།
ངེས་འབྱུང་གི་སྤུ་གྲི་རྣོ་པོས།
གནག་སྣུམ་གྱི་སྐྲ་ལོ་བཅད་དེ།
གསོལ་བཞིའི་ལས་ཆོག་གིས་སྡོམ་པ་འབོག་དུས།
ཁྱོད་ནི་ཚུལ་ཁྲིམས་བློ་གྲོས་ཡིན།
 
ཀློང་ཆེན་པ།
གཞོན་ནུའི་བཅུ་དྲུག་ལང་ཚོ་སྨིན་ཞིང
གསར་རྙིང་རིས་མེད་ཀྱི་བཤེས་གཉེན་བསྟེན་ནས།
མདོ་རྒྱུད་མན་ངག་གི་སྦྲང་རྩི་རོལ་དུས།
ཞིམ་མངར་བཅུད་ཆེན་གྱི་ཡིད་སེམས་ཨེ་མངར།
 
ཀློང་ཆེན་པ།
གསང་ཕུའི་ནེའུ་ཐོག་ནི།
ཁྱོད་ཀྱི་འཕུར་ལམ་ཡངས་བའི་ནམ་མཁའ་དེ་ཡིན་ནམ།
སྤྲིན་དཀར་ལ་བསྙེགས་པའི་སེམས་པ།
ལུང་རིགས་ཀྱི་གད་རྒྱང་ཕྱོགས་ཀུན་ལྡིར།
ལྟ་ངན་གྱི་རི་བོའི་ཚོགས་དག་རྨང་ནས་བསྙིལ།
 
ཀློང་ཆེན་པ།
འཛིན་ཞེན་གྱི་དྲ་བ་ཐག་སེ་བཅད་ནས།
གསར་རྙིང་མཁས་གྲུབ་དུ་མས།
བྱིན་རླབས་ཀྱི་ཕབ་ཕོག་སྩོལ་དུས།
ནམ་མཁའི་རྣལ་འབྱོར་པ་ཆེན་པོས།
གུ་ཡངས་བློ་བདེ་ངང་ནས།
སྣ་ཚོགས་ཆོས་ཉིད་ཀྱི་རིག་པ་རང་སར་གྲོལ།
 
ཀློང་ཆེན་པ།
ཚེ་རབས་ལས་ཀྱི་ལྷ་སྐལ་མཇལ་ཞིང་།
མདོ་རྒྱུད་ཟབ་མོའི་དགོངས་བཅུད་ཀྱི་བློ་གཤོགས་བསྐྱངས་ནས།
གསང་ཕུ་ནེའུ་ཐོག་ལ་གྲྭ་སྐོར་ཕེབས་དུས།
ཁྱེད་ནི་ལུང་རིགས་སྨྲ་བ་ལ་མངའ་དབང་འབྱོར་བའི་བསམ་ཡས་ལུང་མང་པ་ཡིན།
 
ཀློང་ཆེན་པ།
མཁས་གྲགས་ཀྱི་རི་བོ་བརྗིད་དྲག་པས།
ཁམས་ཕྱོགས་ཀྱི་གཙང་བོ་དེ་ཚོ།
ཁྱོད་ཀྱི་ཕྲག་གོང་ནས་བཞུར་ཐབས་མི་འདུག
ཡིན་ནའང་།  ཆགས་སྡང་གྱི་རལ་གྲི་མ་འཕྱར་ཞིང་།
མི་སྨྲ་བའི་བརྟུལ་ཞུགས་ངང་དབེན་གནས་ཀྱི་རུ་སིལ་བསྙེགས་ནས།
བདེ་གསལ་གྱི་ཉམས་ཀློང་དུ་ཆོས་ཉིད་ཀྱི་གར་ལ་རོལ།
 
དགུང་གྲངས་ཉེར་བདུན་དུ།
ཚེ་རབས་ལས་གྱི་བླ་མ་མཇལ་ཞིང་།
དཀའ་སྤྱད་ཀྱི་སྙིང་རུས་སྐུ་སྲོག་ཕོང་མེད་དུ།
འོད་གསལ་རྫོགས་པ་ཆེན་པོ་ཞལ་བཞེས་གནང་དུས།
ཁྱོད་ནི་ཀུན་མཁྱེན་སྒྱེ་ཉལ་དུ་གྲགས།
 
ཀློང་ཆེན་པ།
བསམ་ཡས་མཆིམས་ཕུའི་ཡང་དབེན་དུ།
བགྲང་བྱ་བདུན་གྱི་ཡུན་ལ།
འདུ་འཛིའི་སྣང་བ་བཅད་ཅིང་།
ཏིང་འཛིན་ཀྱི་སྒོ་འཕར་ཕྱེས་ནས།
ཀ་དག་ཁྲེགས་ཆོད་ཀྱི་གདམས་པའི་ཀློང་ནས།
ལྷུན་འགྲུབ་ཐོད་རྒལ་ལ་ཉམས་བཞེས་མཛད་དེ།
ཀུན་རྫོབ་འཁྲུལ་སྣང་གི་ཕུག་པ་རྡིབ།
གཉིས་སྣང་འཇའ་ཚོན་གྱི་རི་མོ་ཡལ།
གཉུག་གཤིས་ཀྱི་རིག་གདངས་བཙན་ས་ཟིན།
འཛིན་མེད་ཆོས་ཉིད་ཀྱི་རྒྱལ་ས་མངའ་དབང་འབྱོར།
སྒོ་གསུམ་ཆོས་ཉིད་ཀྱི་སྣང་བ་འབྱམས་སུ་ཀླས།
དེ་དུས།
སྐུ་ཚེའི་མཛད་ཕྲིས་དང་གཏེར་གྱི་བཞུགས་བྱང་།
མཁའ་འགྲོའི་བརྡ་ལུང་གི་ཟེར་ཐག་ཆད་མེད་བབས།
 
ཀློང་ཆེན་པ།
གཟི་བྱིན་གྱི་དྲོད་རྟགས་མཐོ་བས།
དག་སྣང་གཟིགས་པའི་གྲུ་ཁའི་ཀློང་ཡངས་ནས།
ཉམས་མགུར་སྙན་མོའི་བརྡ་དབྱངས་ཀྱི་དྲིལ་གཡེལ་སིལ་སིལ།
དཀྱིལ་འཁོར་འཇའ་འོད་ཀྱི་ཟེགས་ཐག་ལམ་ལམ།
ཆོས་སྐྱོང་སྲུང་མས་སྡོང་གྲོགས་དང་བཅས།
མཁའ་འགྲོ་སྙིང་ཐིག་བྱིན་རླབས་ཀྱི་ཚན་ཁ་མ་ཡར་བཞིན།
ཨོ་རྒྱན་ཆེན་པོ་དང་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་མངོན་སུམ་བསྩལ་བ།
དག་པའི་འཁོར་ཚོགས་དང་མཐུན་པར་ཉམས་སུ་རོལ་དུས།
ཁྱོད་ནི་དྲི་མེད་འོད་ཟེར་རམ་རྡོ་རྗེ་གཟི་བརྗིད་ཡིན།
 
ཀློང་ཆེན་པ།
དུག་ལྔའི་ཚ་གདུག་གིས་མནར་བའི་སེམས་ཅན་ཁམས་སུ།
ཞི་བསིལ་ཕྱིན་དྲུག་གི་ཆོས་ཆར་སྙན་པའི་སྒྲ་དབྱངས་ཀྱི་ཚོགས།
འཇགས་པར་མེད་པའི་ཆོས་ཀྱི་དུང་ཆེ།
སྲིད་གསུམ་དུ་གྲགས་པའི་རྔ་བོ་ཆེ།
འཛད་པ་མེད་པའི་དཔག་བསམ་ལྗོན་ཤིང་།
དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་ནོར་བུ།
 
ཀློང་ཆེན་པ།
ནགས་ཀླུང་གི་ལྗོན་པ།
ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ།
སྲ་བརྟན་གྱི་རྩ་བ་ཚུགས་ཤིང་རྩེ་མོ་འབུས།
ཡལ་ག་རེ་རེས་སྙིང་རྗེ་གཏོང་ཕོད་ཡངས་བས།
སེམས་ཅན་བྱེ་བ་ཕྲག་བརྒྱ་ཚོགས་ཀྱི།
ཏིང་འཛིན་གྱི་གནས་ལམ་ཡིན།
རྣམ་ཐར་གསུམ་གྱི་འོད་ཟེར་གྱིས་རྒྱན་པའི།
ཞི་བའི་བསིལ་ཁང་ཆེན་མོ།
ཉོན་མོངས་ངལ་དུབ་ཀྱིས་མནར་བའི།
རིས་མེད་ཀྱི་བསྟི་གནས་ཚད་མེད་རྣམ་བཞི།
 
ཀློང་ཆེན་པ།
སྔ་འགྱུར་བའི་གཙུག་ཏུ་བསྒྲེངས་པའི་གདུགས་དཀར།
གཟུངས་སྤོབས་ཀྱི་བློ་གྲོས་ཕྱུག་པའི་རལ་གྲི།
བྱམས་སྙིང་གི་ཐུགས་གཤིས་སྒམ་པའི་གཏེར་སྒྲོམ།
བགྲེས་རྒུད་ཀྱི་སྐྱེ་འཆི་བྲལ་བའི་གླེགས་བམ།
      ལྕགས་གླང་ལོའི་ཟླ ༧ ཚེས ༢༠ གསེང་ཐང་བླ་རུང་ནས།

                     རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease