མྱ་ངན་མུན་པའི་གྲོང་ཁྱེར།

    རྩོམ་པ་པོ། འབར་བློ་དཀར།


འཕྲལ་བྱུང་སྐྱོ་ཤས་དབུགས་དབྱུང་མ། 
ཞར་བཀོད་བཞི་ཡོད།

                            འབར་བློ་དཀར། འབར་ཆུང་།

མི་རྟག་ཆོས་ཉིད་བ་མོ་བཞག་ཙམ་གྱིས།།
དབང་མེད་དུས་ཀྱི་མཛེས་པ་རྒྱང་དུ་ཡལ།།
འགྱོད་སེམས་དུག་གི་མེ་ཏོག་མིག་ལ་འཚང་།།
རྐྱེན་དེས་གློ་བུར་ཡིད་འབྱུང་སྐྱོ་ཤས་འཕེལ།།
བྱེ་མའི་ཕུང་པོ་འཆིང་བུར་བཟུང་འདྲ་བའི།།
འདི་སྣང་སྒྱུ་མའི་ཆོས་ལ་ཨ་ཐང་ཆད།།
ཞི་བར་གནས་པར་ནགས་སུ་ཕྱིན་ན་ཡང་།།
མི་རྒོད་སེམས་འདི་གཡེང་བ་ཆེན་པོས་བསླུས།།
བཅོས་མིན་བརྩེ་བ་ཟབ་མོས་སྦྲེལ་བ་ཡི།།
འདུས་པའི་གཉེན་དང་མཐུན་པའི་གྲོགས་དག་ཀྱང་།།
ནམ་ཞིག་གྱེས་གདུང་སྐྱུར་མོའི་ཚོར་སྣང་གིས།།
འབྲལ་བའི་འདུན་མ་སྙིང་ལ་འཇོག་དགོས་པར།།
བསམ་ན་སྔོན་མའི་ལས་ལ་འཁང་ར་སྐྱེ།།
ན་ཚོད་སྨིན་ཡང་བསམ་ངོ་ཡེ་མ་ཟིན།།
ཆོ་མེད་འཚོ་བའི་ངང་ནས་དུས་ཚོད་བརླགས།།
ད་ནི་ཚེ་ཡི་ཕྱེད་ཟད་ཕྱེད་ལ་ཐུག།
ཕྲན་བུའི་མི་ཚེར་སྙིང་པོ་ཅི་ཞིག་མཆིས།།
             2021 10 18
མྱ་ངན་མུན་པའི་གྲོང་ཁྱེར།
 
ངག་མི་ཁྲོལ་ཞིང་དབང་པོའི་སྒོ་བསྡམས་ཏེ།།
འོད་སྣང་ཉག་མ་ཙམ་ཞིག་མཐོང་དཀའ་ཞིང་།།
མཐའ་ན་རྨི་ལམ་ཞིག་ཀྱང་རྨིས་ཐུབ་པའི།།
ལྷིང་འཇགས་བདེ་བའི་གནས་མལ་ཙམ་མི་རྙེད།།
ཡིད་སེམས་གདུང་བ་གཅིག་པུ་ག་ལ་ཡིན།།
དུས་ཚོད་ཁོ་ནི་འཆི་བའི་སྔ་རོལ་དུ།།
རང་ཤི་རྒྱག་པར་བརྩམས་ནས་ཨག་རིང་འདེབས།།
ཕལ་བའི་མི་ཡི་ཕལ་བའི་སེམས་པའི་ནང་།།
དགའ་སྡུག་ཙམ་ཡང་ཤོང་བར་དཀའ་བ་ན།།
འཚོ་བའི་རི་མོ་ཡག་བཙོག་ཇི་སྙེད་པ།།
སྐད་གཅིག་ཙམ་ལ་ཆུ་ནང་བརྡབ་པ་ཡི།།
བརྩེ་བྲལ་སྡུག་པའི་ལས་འདི་སུ་ཡིས་བཟོད།།
བདེ་ནས་བདེ་བར་འགྲོ་བའི་ལམ་གང་དུ།།
ཡན་ལག་སྟོང་ལྡན་ཆུ་མིག་བསིལ་བའི་དབུས།།
འགྲོ་བའི་ངལ་དུབ་གསོ་བའི་ཚུལ་མཐོང་ན།།
འཁོར་བའི་འདམ་རྫབ་དྲི་ང་སྙིང་རིང་བའི།།
ཡུལ་འདི་སྐྱུར་བའི་འདུན་པ་སུ་ལ་མེད།།
དེ་ལྟ་ན་ཡང་འཁོར་ལོ་འཁོར་བ་བཞིན།།
འཁོར་བར་འཁོར་བའི་ཆོས་ཉིད་སུ་ཡིས་ཟློག།
                     2021  9  9
མ་ངེས་པའི་དུས་ཚོད་ནང་གི་སྐྱོ་བ།
 
ངག་གི་ཟླ་བ་མ་ཤར་གང་དུ་ཡལ།།
ལས་ཀྱི་བཀོད་མའི་མཚེའུ་བསྐམ་ལ་ཉེ།།
ལྗོངས་བཀོད་འདི་དག་སུ་ཡིས་ཆེད་དུ་བྲིས།།
ང་ལ་བག་ཙམ་ལྟ་བའི་ཤུགས་མི་འཕེལ།།
 
རང་ཉིད་རང་གི་གྲིབ་མའི་ནང་སྦས་ནས།།
དུས་ཡུན་ག་ཙམ་འགོར་བ་མ་ངེས་མོད།།
གློ་བུར་ཆར་ཐིགས་རྡོག་གཅིག་སར་བྲུལ་ཏེ།།
ཁྲེག་ཅིང་རྒོད་པའི་གནས་སུ་རྡེག་ཙམ་བྱས།།
          
ཚེ་ཡི་ལྗོན་ཚལ་དབུས་སུ་རླུང་ཆེན་ལྡང་།།
འདུས་པའི་ཚོགས་རྣམས་དལ་ཅིག་རིང་དུ་བྲལ།།
དེ་ཚེ་ཀུན་རྟོག་སྣང་བའི་གོང་ཁ་ནས།།
རྡུལ་གྱི་མེ་ཏོག་འཛིན་འདོད་ཨ་རེ་འཁྲུལ།།
          
འདས་པའི་དུས་ཚོད་ནང་དུ་སླར་ལོག་པའི།།
སེམས་པ་འདི་ཉིད་ངལ་བའི་རྒྱུར་གྱུར་ཞིང་།།
མ་བརྟག་འཆར་བའི་སྣང་ཚུལ་འདི་ཀོ་ཡང་།།
ཆོས་ཉིད་གཉུག་མའི་གཤིས་ཀྱིས་ཡང་ཡང་གཙེས།།
          
དེ་ལྟར་འཇིག་པའི་མི་རྟག་མངོན་གྱུར་ཡང་།།
ང་ཡི་སེམས་པ་རྒས་ཐབས་མེད་འདི་ཅི།།
            2021  8  26
མེ་ཏོག་གསོ་བའི་ཁོ་མོ།
 
ཁྱེད་ཀྱིས་ར་སྐོར་མེ་ཏོག་སྣ་ཚོགས་རྨོས།།
ཁ་དོག་མི་འདྲ་བརྩིས་ཀྱང་ཚར་མི་ཐུབ།།
དྲི་ཡང་རིགས་མི་འདྲ་བ་དུ་མ་ཡོད།།
ཐོག་མར་ཁྱེད་ཀྱིས་འཇམ་མཉེན་ཕྱག་ཟུང་གིས།།
སྤྲིན་རིམ་བཤགས་ནས་དེ་ལ་ཉི་འོད་འདྲེན།།
འཚམས་རེར་ཁྱེད་ཀྱིས་འགྱིམ་བུམ་ཆུང་ཆུང་དེས།།
ཆུ་ཡི་རྡུལ་ཕྲན་གྲངས་མེད་ཆིལ་ཆིལ་གཏོར།།
དེ་ཚེ་ལྷག་ཏུ་བཀྲག་མདངས་འཚེར་བ་ཡོད།།
རྣམ་པ་དེ་ནི་ཡིད་དུ་འོང་བ་ལ།།
སྐབས་ཤིག་ངེས་མེད་རླུང་བུ་ལྡོམ་པོ་ཞིག།
ཕྱོགས་དེར་ག་ལེར་ལྡང་བ་ཨེ་ཐོས་སམ།།
རྐྱེན་དེས་མེ་ཏོག་དག་ཀྱང་གློ་བུར་དུ།།
གཡོ་ཙམ་བྱེད་པའི་རྣམ་པ་ཨེ་མཐོང་ངམ།།
བརྩེ་བའི་ནུས་པ་བསམ་གྱིས་མི་ཁྱབ་ཨང་།།
དྲི་བསུང་རླུང་གིས་ཁྱེར་ནས་འདིར་བསླེབས་ཏེ།།
བདག་ཡིད་ཞིང་ཁམས་མ་ལུས་བདེ་བས་ཁྱབ།།
བརྩེ་བའི་ནུས་པ་བསམ་གྱིས་མི་ཁྱབ་ཨང་།།
ངས་ནི་བརྩོན་པ་ཆེན་པོའི་ངང་རྒྱུན་ལས།།
དེ་ལྟའི་རྣམ་འགྱུར་ཕྲ་མོ་རེ་རེ་ནས།།
ཞིབ་མོར་བློ་ཡིས་རྟོག་བཏགས་བྱས་པ་འདི།།
ཧ་ལམ་འཁྲུལ་མེད་ཡིན་པའི་ཚོད་བགམ་བྱས།།
                    2021  9  18
སྤྲུལ་བའི་གར་མཁན།
 
ཕར་ལྟས་ལྗིད་ཆགས་རི་བོའི་འདབ་རོལ་གྱི།།
ཕོ་བྲང་སྒོ་ཆེན་ཚོན་ལྡན་པ་ཏྲའི་རིས།།
ཁྱེད་ཀྱིས་མཐོང་ངམ་ང་ཡི་མིག་གཉིས་ལ།།
རབ་རིབ་ནད་ཀྱིས་ཟིན་པས་རྒྱང་མི་ཆོད།།
ཡུལ་དེའི་བཀོད་པ་རིན་ཆེན་ངོ་མཚར་སོགས།།
གང་ཡང་བདག་ལ་མཚར་སྙིང་མི་བདོག་མོད།།
འཁྲུལ་སྣང་མངོན་སུམ་ཅི་ཡིན་མི་ངེས་པའི།།
རྒོངས་ཞོགས་གཉིས་སུ་མཚམས་རེར་གློ་བུར་དུ།།
གྲོང་གསེབ་གང་ནས་མཐོང་ཙམ་བྱེད་པ་ཡི།།
ཡིད་འོང་ལང་ཚོ་རྒྱས་པའི་གཞོན་ནུ་དེ།།
བདག་གི་དྲན་ངོགས་གང་ནས་འབོར་མི་ཐུབ།།
དར་ཆེན་གོས་ཀྱི་འདབ་མ་རླུང་གིས་སྐྱོད།།
ཞི་འཇམ་སྐྲ་ཡི་ཉག་མར་དྲི་བསུང་ལྡང་།།
ཡིད་འོང་སྟངས་སྟབས་གར་གྱི་སྒྱུ་འཕྲུལ་ཅན།།
མཛེས་པའི་སྤྲིན་ལ་མཛེས་པའི་ཟླ་འོད་ཀྱིས།།
བརྒྱན་པ་ནང་བཞིན་སྙིང་དུ་སྡུག་པ་ཡི།།
མི་འམ་ཡང་ན་ལྷ་ཡི་ཆོ་འཕྲུལ་དེས།།
སྟབས་མ་ལེགས་ནས་ང་ཡི་ཡ་ཆུང་གི།།
སྙིང་གི་ཁམ་བུར་སོ་ཞིག་བཏབ་པ་འདྲ།།
ད་ནི་གདུང་བའི་རྨ་ཁ་ཆེར་བརྣག་པའི།།
ན་ཟུགས་བརྩེགས་པའི་ལས་འདི་བཟོད་ཐབས་བྲལ།།
                         2021 6 10

                       རྩོམ་སྒྲིག་པ། མྱི་གསར་བ།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease