དྲན་འཛིན་ཡིད་ཀྱི་རེ་ཁཱ།

    རྩོམ་པ་པོ། སད་སྐལ།


དྲན་འཛིན་ཡིད་ཀྱི་རེ་ཁཱ། ཞར་བཀོད་གཅིག

                 སད་སྐལ།  གཅུང་པ།


དབྱངས་གསལ་ཚིག་གི་སྒྱུ་འཕྲུལ་འདི་ལ་མཐའ་མེད་དོ།།
མཐིང་མདོག་གཡུ་ཡི་ནམ་མཁའ་འདི་ལ་མཐའ་མེད་དོ།།
དྲིན་བཞོན་རྟ་ཡི་ཞོགས་འགྲོས་འདི་ལ་མཐའ་མེད་དོ།།
གཏིང་བརླིང་མཚོ་ཡི་རླབས་ཕྲེང་འདི་ལ་མཐའ་མེད་དོ།།
དཎྜའི་ཕྱག་གི་དབྱངས་རྟ་འདི་ལ་མཐའ་མེད་དོ།།
བདེ་སྡུག་གཉིས་ཀྱི་ལྷོད་འཇགས་འདི་ལ་མཐའ་མེད་དོ།།
ཞི་དྲག་རེས་ཀྱི་འཆར་ནུབ་འདི་ལ་མཐའ་མེད་དོ།།
མཉན་རིག་དབང་པོའི་སྣང་བརྙན་འདི་ལ་མཐའ་མེད་དོ།།
ཚོར་བའི་གློག་གི་བསྡུས་གཟུགས་འདི་ལ་མཐའ་མེད་དོ།།
དྲན་འཛིན་དབྱངས་ཀྱི་ཁུགས་པ་འདི་ཉིད་ཁྱོད་ལ་དབང་། །

གླེགས་བམ་དཔལ་གྱི་གཟི་བྱིན་འཕྲོ་བའི་ཤག་ཁང་ནས།།
གང་གི་ལང་ཚོའི་དཔལ་གྱི་བརྙན་རིས་ཡིད་ལ་ལྷུང་།།
སྲབ་མེད་ཚོར་བའི་རྟ་ཕོ་འོད་ཀོར་ཕྱོགས་གང་སར།།
འགོག་ཏུ་མེད་ལ་མཚམས་སུ་མི་ཆད་ཞོགས་ཚུལ་ལས།།
དྲན་འཛིན་གུར་ཁང་བདག་ཏུ་འཛིན་པའི་ཉིད་ཀྱི་དཔལ།།
འདི་ལྟར་མཆིད་གཏམ་ངག་གི་ལམ་ནས་ལན་གཅིག་ཐལ།།

ཨེ་མ་ངོ་མཚར་བྱེ་བས་བལྟམས་པའི་བརྗོད་ཉིང་འདི།།
བག་ལ་ཞ་བའི་མཚན་མུན་ཀློང་གི་ལོངས་གཏམ་མིན།།
འཁོར་བའི་ནགས་ཀྱི་ཆོས་ཉིད་ཅིག་གི་ངང་ཚུལ་ལོ།།

ཚོར་བའི་གློག་ཞགས་ཏོལ་གྱིས་འཁྱུག་པའི་འོད་པོ་འདི།།
དབྱངས་ཀྱི་སྙན་དབང་པདྨོར་འབབ་པའི་འདུན་པ་བཅས།།
སད་ཀྱིས་མ་བཅོམ་དཔལ་གྱིས་འཚེར་བའི་མེ་ཏོག་གི།།
བསྒྲུན་ཟླར་འོས་པའི་ཁྱོད་ཀྱི་ལྷད་མེད་བརྩེ་བའི་གཤིས།།
ཁྲེལ་དོགས་བྲལ་བའི་ཁོ་བོས་འཕན་ཟེལ་བཟོས་པ་ལ།།
སྐལ་དམྱིགས་ཙམ་ཞིག་སྔ་ནས་འབུལ་བའི་བློ་གང་ལས།།
འགོངས་མར་མ་ནུས་དེང་མར་སླར་ཡང་ཐེན་པ་བརྟས།།
            ༢༠༢༡.༥.༡༡ ནུབ་མོར་སློབ་གླིང་།


ཚོར་བའི་འཇའ་རིས། 

སྦྲང་ཆར་བསིལ་མ་བབས་ཤིང་སྤྲོ་བ་བརྟས།།
དཔྱིད་ཀའི་ཉི་འོད་སྐྱ་རེང་ཚུལ་བཅས་འཆར།།
ཞོགས་པར་མེ་ཏོག་ཟིལ་བ་ཆགས་པ་བཞིན།།
ཚོར་བའི་འོད་མདངས་གང་སར་འཕྲོ་བ་ཡི།།
ཚིག་སྦྱོར་གྲལ་དུ་བཤམས་པའི་རེ་ཁཱ་འདིས།།
ནང་སེམས་མཚོན་པའི་ཚོར་བའི་འཇའ་རིས་ཡིན།།

མི་ནི་འཁོར་བའི་ལྷིང་འཇགས་དཀྲོག་མཁན་ཏེ།།
ཞི་འཇགས་དལ་ལྷོད་མེད་པར་བྲེལ་བ་ནི།།
དཔེ་ཞིག་བཞག་ན་ས་འབུ་གྲོག་ཁྱུ་བཞིན།།
ཟས་དང་གོས་དང་རང་དོན་ཡིད་བྱེད་ཀྱིས།།
རྡོ་ཁྲེས་ལྕི་མོ་འགྱོག་མཁན་ཙམ་དུ་ཟད།།

མདུན་ཅོག་སྒྲོག་ཙེ་གྲུ་བཞིར་དེབ་ཀྱིས་ཁེངས།།
འོན་ཏང་ཤེས་རབ་མིག་ནི་ལོངས་པ་བཞིན།།
རྟོགས་པའི་འབྲས་ཐོབ་ཆ་ནི་མཆིས་མ་གྱུར།།
ང་རང་ཡུན་རིང་བས་མཐར་གནས་ནའང་།།
སེམས་འདི་ཞི་བའི་ཕྱོགས་སུ་མ་གྱུར་པས།།
རྟག་པར་འཆར་ཡན་རྟ་ཕོ་རི་ལ་ཞོགས།།
བར་མཚམས་མེད་པར་ངལ་ཞིང་དུབ་པར་གྱུར།།
གཞན་ཡང་གླེགས་བམ་ཚལ་ན་ལེ་ལོ་བཅས།།
གཉིད་དང་གཏི་མུག་ཁོ་ནར་རོལ་ནས་ལྷག །
དེ་ལྟར་ལགས་པས་ཐུན་མིན་སྙན་ངག་ཅེས།།
རྟོགས་མིན་གཞན་རྗེས་འབྲང་བའི་ཁྱི་ཉིད་དོ།།

དུས་ཚོད་གཙང་པོ་མི་བསྡོད་བཞུར་གྱིན་བཞུར།།
བགྲེས་རྒུད་ཉམས་རྨས་སྐྱོ་སྣང་གསལ་ཞིང་གསལ།།
ཆོས་ཉིད་འཁོར་ལོ་མི་ངལ་འཁོར་གྱིན་འཁོར།།
སྐྱོ་གར་འཆར་སྣང་ཚོར་བ་བརྟས་ཀྱིན་བརྟས།།
དེ་ལྟར་ལགས་མོད་རང་རྟོན་སྟོར་བའི་བདག །
སྔར་བཞིན་ཡིག་ཚོགས་དབུས་ནས་དུབ་པ་ལ།།
སད་པའི་ལས་སྐལ་འཕོངས་པའི་སྐྱོ་གར་འདི།།
ཡིད་ཀྱི་མེ་ལོང་བྱབས་ཁྲུས་བྱས་པ་བཞིན།།
སྟོང་པའི་སྐལ་བ་རྙེད་པའི་དཔལ་ཐོབ་སྟེ།།
རྗེས་འདེད་ཁྱི་ཡི་རྟུལ་ཞུགས་མི་དགོས་པར།།
ཐུན་མིན་སྙན་ངག་སྨྲ་བའི་ལྗགས་ཡངས་པོར།།
ངག་གི་ལྷ་མོའི་བྱིན་རླབས་འཐོབ་པར་ཤོག །
          ༢༠༢༡.༥.༡༢ མཁར་སྔོན་གྲོང་ཚོ་ནས་བྲིས།

                          རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease