ཁྱོད་ང་ཡི་སྐད་ཅ་ཡིན།

    རྩོམ་པ་པོ། རབས་མང་དཔལ་མགོན།


ཁྱོད་ང་ཡི་སྐད་ཅ་ཡིན།

                      རབས་མང་དཔལ་མགོན། སྡེ་དགེ



སྨྲ་ལྕེ་དིག་པོ་རང་མིན་མོད
ཁ་ཡག་ངོ་དགའ་ཡི་གཏམ་ལ་སུན་པས
ལོ་ཟླ་གང་མང་ཞིག་གི་སྔོན་ནས
ལྐུགས་པའི་རྟུལ་ཞུགས་ཀྱིས་སྨྲ་བ་ཉུང་དུ་བཏང་བཞག

ཐ་སྙད་མ་དག་ཅིང་ཚིག་སྦྱོར་འཁྲུགས་པའི་ “གད་སྙིགས་སྙན་ངག” འབེལ་པོ་མཐོང་ནས
བོད་ཡིག་ལ་གཅེས་སྤྲས་བྱེད་འདུན་གྱིས
སྙན་ངག་ཉབ་ཉོབ་ཅིག་ལ་དགོས་མེད་དུ་མཐོང་ཞིང
སྲོག་མེད་པའི་རྩོམ་རིག་བམ་རུལ་རེ་རིག་ནས
སྙན་ངག་གི་བུ་མོར་སེམས་པ་མ་གླན་པར་ཡུན་རིང་འགོར

ཉི་མ་རྡོག་རེའི་དོན་དུ་བླ་སྲོག་བཙོང་ཞིང
རྒྱན་ཆས་ཉག་རེའི་ཆེད་དུ་གློ་མཆིན་གཤགས་ཕོད་པའི
ངོ་གཉིས་པའི་མི་ཚོགས་ཁྲོད་ནས
འཚོ་ཆས་ངན་ངོན་གྱི་ཆོག་ཤེས་ཨེ་རྙེད་པའི་རེ་འདུན་གྱིས
གོས་ཧྲིལ་རལ་རུལ་རེ་ལུས་ལ་འགབས་ཏེ
ཚུལ་འཆོས་ཀྱི་གཤེད་མར་ཛོག་ཛོག་ཏུ་ལངས

འོན་ཀྱང
ཁྱོད་དང་ཐུག་འཕྲད་ཀྱི་ཉི་མ་དེ་ནས་བཟུང
ཁྱོད་དང་ཉེ་བར་བཅར་སླད
ངས   རྡུལ་དང་དྲི་མ་བྲལ་ཞིང
བཙོག་དང་འབག་སྐྱོན་མེད་པའི་གོན་ཆས་ཀྱང་ལུས་ལ་མནབས་ཤིང
ཁེར་རྐྱང་གི་སྐབས་རེར
ཡིད་དུ་འོང་བའི་ཐ་སྙད་རེ་བསགས་ནས
ཤོག་དཀར་སྙན་ངག་གིས་བརྫད་པ་མ་ཟད
ངོ་བསྟོད་དང་ཟོལ་བཅོས་ཀྱི་སྐད་ཆ་འགའ་རེའང་ཚོད་ཚོད་མེད་པར་བཤད

དོ་ཞག  ང་ང་རང་མིན
ང་ཁྱོད་ཀྱི་གཟུངས་ཞུགས་ཐེབས་པའི་རྡོ་སྐུ་ཞིག་ཡིན
ང་ལ་རང་དབང་བའི་སྨྲ་བརྗོད་མེད་པས
ཁྱོད་ངའི་སྐད་ཅ་ཡིན་ཝ།
              ༢༠༢༡-༤-༢༤ཉིན།

                      རྩོམ་སྒྲིག་པ། འཕགས་མི། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease