དགུན་ཁ་ནི་དགུན་ཁ་རང་རེད།

    རྩོམ་པ་པོ། མགར་ཐང་དཀར།


དགུན་ཁ་ནི་དགུན་ཁ་རང་རེད།
 
         མགར་ཐང་དཀར། མཚོ་ལྷོ།
ས་འཁྱག་གིས་བརྡུངས་པ་ཐེངས་གཅིག་མིན་ལ
ཆུ་མོར་འགྲམ་དར་ཆགས་པ་འང་ཐེངས་གཅིག་མིན
རྩྭ་བལ་གྱིས་བཟུང་བ་ཐེངས་གཅིག་མིན་ལ
ཁངས་ཁ་བ་བབས་པའང་ཐེངས་གཅིག་མིན
དེ་བས་དགུན་ཁ་ནི་དགུན་ཁ་རང་རེད
 
ལན་རེར
དགུན་ཁ་ལ་རེ་ཞིང
ཡང་སྐབས་རེར
དགུན་ཁར་སྡང་བ་ནི
མིའི་ཚོར་སྣང་འཚོ་གནས་ཀྱི་རླུང་བུས་སྒུལ་སྟངས་ཤིག
ཡན་ལག་དང
ཡན་ལག་མ་ཡིན་པ་གང་ཞིག
འབྱུང་བཞིར་ཐིམ་སྟངས་ཤིག
 
དོ་ནུབ
ཏག་ཏག་རང་སེམས་ལ་བྱིལ་བྱིལ་ལན་རེར་བྱས་ན
དགུན་ཁ་ནི་འཁྱག་གྲང་སྙོམ་ཞིང
འགྱུར་ལྡོག་གིས་མ་བཅིངས་པ་ཞིག་དང-
སེམས་ཀྱི་དགུན་ཁར་འཁྱག་གྲང་ལྐོག་གྱུར་བ་ཞིག་ཨེ་འདུག་སྙམ


དེ་ནི་དགའ་སྡུག་གཉིས་དང
སྐྱེ་འཆི་གཉིས
འདི་ཕྱི་གཉིས
གང་ལ་དཔེ་བྱས་ཀྱང་ཆོག་སྟེ
གཙོ་ཆེ་ཤོས་ནི་སེམས་ཀྱི་དགུན་ཁའི་གསང་བ་མི་རྟོགས་པ་དེ་རེད
 
དུས་ཚིགས་བཞི་ལ
ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་ཅིང
ལྡོག་ཏུའང་མེད་པ་ལྟ་བུ་རེད
ཡིན་ཡང
སེམས་ཀྱི་དགུན་ཁ་ནི་འགྱུར་ལྡོག་དང-
ལྐོག་གྱུར་གྱིས་དབང་དུ་བསྡུས་ཡོད་པས
བཙལ་དུ་འདོད་པ་དག་རྙེད་དུ་མེད་ལ
རྙེད་དུ་རུང་བ་དག་ནི་རྡོ་ལོག་ལོག་ལྟར
སྲ་གཟུགས་རྐྱང་རྐྱང་དུ་གྲུབ་ཚར
 
ཞེན་ཆགས
སྡང་སེམས
འགྲན་རྩོད-
མཐའ་དག་ཀྱང་སེམས་ཀྱི་དགུན་ཁའི་བྱེད་པོ་རུ་ཆགས་ཤིང
མིའི་ཚོར་བ་དང
འདུ་ཤེས
འདུ་བྱེད
ཡོད་ཚད་ཀྱི་ཡོད་ཚད་ཀྱང་འཁྱག་རོམ་དུ་བསྒྱུར་ནས་ཡོད
ད་དུང
སྐད་ཆའི་གདངས་དང
རུས་རྐང་གི་གསེང
ན་ཟུག་གི་ཟབ་ས་རུ
ཐ་སྙད་འཁྲེགས་པོ་དེ་དག་གཞིས་ཆགས་ཤིང
ཡོད་ཚད་ཀྱི་ཡོད་ཚད་གསང་བ་རུ་སྒྲུབ་པར་བྲེལ
 
རེད་དེ
དེ་ཡི་ལན་དུ
བདག་ལ་ཅི་ཡང་མི་འདུག་སྟེ
དགུན་ཁ་ནི་དགུན་ཁ་རང་ཡིན་ལ
སེམས་ཀྱི་དགུན་ཁ་ནི་འཇིག་རྟེན་ལས་འདས་པའི-
ཁམས་གཞན་ཞིག་གམ
ཡང་ན
འཇིག་རྟེན་མ་ཡིན་པའི་ནག་ཡོར་ཡོར་གྱི-
གྲིབ་གཟུགས་ཤིག་ཏུ་སྒྲུབ་པར་འདོད
               ༢༠༢༠/༠༡/༠༡ཉིན་བྲིས།
               ༢༠༢༠/༠༡/༠༩ཉིན་བཅོས།
སྣང་བར།
 
ནམ་མཁར་སྤྲིན་པ་མེད།
ས་གཞིར་སྨུག་པ་མེད།
མིའི་རིགས་ལ་མིག་ཆུ་མེད-
ཞེན་ཆགས་མེད།
ཕྱུགས་རིགས་ནི་ལྷིང་ཞིང་འཇགས།
 
ལམ་དུ་བགྲོད་པའི་བྱིས་པ།
མཚན་ལ་བཀུག་པའི་གཞས་ཆུང་།
འཇིག་རྟེན་ལ་བཏབ་པའི་ཞེན་ཆགས།
མཐའ་གཅིག་ཏུ་ཁེར་ཧྲེང་ངེར།
 
སད་རན་པ་དག་གཉིད་དུ་ཤོར།
གཉིད་རན་པ་དག་ཁྲེལ་དགོད་བྱེད།
རློན་པ་རྣམས་སྐམ།
སྐམ་པོ་དག་དུས་ཐུན་རེ་རེ་བཞིན་འཐོར་ཚར།
༠༢༠/༠༩/༠༢༣ཉིན་ཙི་ནའི་རབ་རིབ་སྙན་ངག་གི་ཚབ་མཚོན་པ«ཀོའུ་ཁྲིནGu cheng1956-1993»གྱི་སྙན་ངག་ཅིག་བཀླགས་རྗེས་སེམས་གནད་ལ་ཕབ་སྟེ་བྲིས།
                   རྩོམ་སྒྲིག་པ། འབར་བློ་དཀར།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease