ཟླ་བའི་རི་མོ།

    རྩོམ་པ་པོ། གཟི་ཁྲ་བོ།


ཟླ་བའི་རི་མོ།

         
         
གཟི་ཁྲ་བོ།  ཁྱུང་པོ།

རི་མོའི་ཟླ་བ་ཟླ་བའི་རི་མོར་གྱུར།།
ཟླ་བའི་རི་མོ་རི་མོའི་ཟླ་བར་གྱུར།།
ཆུ་ཡི་བེམ་པོ་ཐམས་ཅད་རླན་པ་དང།།
ཆར་པའི་ཚེ་སྲོག་ཀུན་པོ་གཤེར་བ་ཉིད།།
འཇའ་རྣམས་རིམ་བཞིན་ཤར་ཏེ་ཡལ་ནས་འགྲོ།།
སྤྲིན་རྣམས་རིམ་བཞིན་འཁྲིགས་ཏེ་བྱེར་ནས་འགྲོ།།
 
མཐའ་འི་གཙང་པོ་ཉ་ཡི་ཉི་མ་ཡིན།།
སྲོད་ཀྱི་མུན་པ་འུག་པའི་ནམ་མཁའ་ཡིན།།
ག་ལེར་བརྡ་རྣམས་དོན་དུ་འཚམ་ནས་འགྲོ།།
རིམ་པར་གོ་བའི་དོན་རྣམས་ཚོར་ཏེ་འགྲོ།།
ཁ་དཀར་ཚིག་གི་རི་མོས་གཏམ་དཔེ་སྟོན།།
མིག་ཟུང་ལ་ཡང་རྨི་ལམ་ལྗང་ཁུ་འཁྲུངས།།
 

ཆགས་སྡང་གི་ཞུགས།
 
རབ་རིབ་ཟླ་བ་རི་བོའི་རྩེ་ནས་ཤར་བྱུང་།།
ས་སྲོད་མུན་པས་རི་མཐའི་གྲོང་རྣམས་བསྐོར་བྱུང་།།
གནམ་གྱི་དགུ་ཚིགས་རི་རབ་དབུས་ནས་འཐེན་བྱུང་།།
ས་དྲོད་འདི་འདྲ་གློ་བུར་གློ་བུར་སླེབས་བྱུང་།།
རྣམས་ཤེས་འདི་ལ་བག་ཆགས་ལན་བུ་བསླས་བྱུང་།།
སྐྱོ་བའི་ཆུ་མོ་དྲན་པའི་མཐིལ་དུ་བཞུར་བྱུང་།།
སྲང་ལམ་འདི་རུ་མི་རྐྱང་འཁྱམ་པོར་ལྷག་བྱུང་།།
མྱ་ངན་འདི་ཡང་གློ་བུར་གློ་བུར་སླེབས་བྱུང་།།
 
ཤར་རིའི་རྟ་བདུན་དབང་པོ་ནུབ་ཏུ་བརྒལ་སོང་།།
ཡིད་འོང་པད་མོའི་ཚོམས་དག་སད་ཀྱིས་ཁྱེར་སོང་།།
དྭངས་བའི་ཆུ་མོ་འཁྱག་པའི་གསེབ་ཏུ་སྦས་སོང་།།
འགྱུར་བ་འདི་དག་གློ་བུར་གློ་བུར་ཐེབས་སོང་།།
བྲིས་པའི་རི་མོའི་ཚོན་གཞི་ནོགས་ཏེ་ཡལ་སོང་།།
བཤད་པའི་ཚིག་གི་ནང་མ་བརྗེད་དེ་བོར་སོང་།།
བཞག་པའི་དམ་བཅའི་ཡིག་འབྲུ་ཞིགས་ཏེ་འཐོར་སོང་།།
མི་རྟག་འདི་འདྲ་གློ་བུར་གློ་བུར་ཚེས་སོང་།།
 
འདི་ཡི་བརྡ་དོན་ཁྱོད་ཀྱིས་ཚོར་ཏེ་ཤེས་ཡོད།།
འདི་ཡི་ཡིག་འབྲུ་ཁྱོད་ཀྱིས་གོ་ཞིང་རྟོགས་ཡོད།།
ད་རུང་གཏམ་རྒྱུད་མང་པོ་ཐོས་ཤིང་གོམས་ཡོད།།
ད་རུང་ཚོར་བ་སྣ་མང་སླེབས་ཤིང་མྱོང་ཡོད།།
གཏམ་རྒྱུད་ཡི་གེའི་གཟུགས་ལ་སྦྱར་བར་བྱས་ཏེ།།
ཚོར་བའི་ཁ་དོག་ཕྱི་རུ་མིག་ལ་བསྟན་ཡོད།།
རྣམས་ཤེས་ཁེར་རྒྱུགས་མ་གནོངས་གཏད་ཙམ་མཛོད་དང་།།
དབང་པོ་གཞན་དུ་མ་གཡར་འདི་རུ་བློགས་དང་།།
                        2019/ 12/25ཉིན།

                            རྩོམ་སྒྲིག་པ། འཕགས་མི།

Signature is customized by Netease