དབྱངས་ཅན་ཟླ་བ་དགྱེས་པའི་འཛུམ་ཟེར།

    རྩོམ་པ་པོ། ངག་དབང་རྒྱ་མཚོ།


དབྱངས་ཅན་ཟླ་བ་དགྱེས་པའི་འཛུམ་ཟེར།

 
          
ངག་དབང་རྒྱ་མཚོ། རྫ་ཆུ་ཁ།

དར་དཀར་སྟོད་གཡོགས་འཁྱུད་པའི་ཕྱག་སོར་ལས།།
འཇམ་སྙན་ངག་དབང་དཀྲོལ་བའི་སྒྱུ་འཕྲུལ་རྫོཊ།།
ངོ་མཚར་ལང་ཚོ་སྨིན་པའི་ཞལ་ཁྱིམ་ལས།།
ཡིད་དགའི་སོ་འཕྲེང་ངོམ་པའི་སྒེག་ལྡན་མ།།
བདག་ལ་འཆི་མེད་ངག་གི་དངོས་གྲུབ་སྩོལ།།
 
ཚོགས་གཉིས་བསོད་ནམས་རྫོགས་པའི་ལྷུན་གྲུབ་ཏུ།།
ཏིང་འཛིན་ཐབས་ཤེས་སྦྲེལ་བའི་འཇུག་སྟན་ལས།།
མཚན་རྟོག་སྣང་ཞེན་མདུད་པ་གྲོལ་བའི་ངང་།།
ཟབ་དབྱངས་རྒྱ་མཚོར་རྩེན་པའི་དབྱངས་ཅན་ལྷ།།
ཟབ་དོན་ངག་རིག་སྨྲ་བའི་གཏེར་ཆེན་རྫོགས།།
 
མཐོན་མཐིང་རལ་བའི་ཅོ་པན་བཅིངས་པའི་རྩེར།།
སྣ་ཚོགས་ལྷ་གླུ་མི་ཡི་རིན་ཆེན་རྒྱན།།
ཕྱག་ཞབས་གདུབ་བུ་འཐབ་པའི་སིལ་སིལ་སྒྲ།།
ཐོས་འཛིན་དགའ་བྱེན་ཚལ་དུ་ལྷུང་བས་སྟོབས།།
ཡིད་སེམས་གཏན་དབང་འཕྲོག་པའི་ཉེར་བསྡོགས་བསླངས།།
 
ཀེམ་ཀེམ་ཆུ་བར་མིག་གི་ཞགས་པ་ཡིས།།
མཁའ་ཅན་འགྲོ་མའི་ཡིད་ཀྱི་དང་བ་དྲངས།།
ཚངས་ཆེན་རྒྱ་མཚོ་བསྲུབས་པའི་མཚོ་བྱུང་མ།།
མཆོད་སེམས་མེ་ཏོག་བརྩེགས་པའི་སྙིང་དབུས་སུ།།
ཉམས་སྣང་སྐར་མདའ་འདྲ་ཞིག་མི་སྟོན་ནམ།།
 
དབྱངས་ཅན་ཟླ་བ་དགྱེས་པའི་འཛུམ་ཟེར་གྱིས།།
སྐར་ཚོགས་ཁྲོམ་ཆེན་བསླུས་པའི་སྒྱུ་འཕྲུལ་ངོམ།།
བསོད་ནམས་ལས་ཀྱི་འབྲུ་དཀར་སྨིན་པའི་འཁོར།།
བརྩེ་ཆེན་དབྱངས་ཀྱི་རྒྱལ་མོའི་བྱིན་རླབས་ལས།།
ཟག་མེད་སྙན་པའི་དབྱངས་ཀྱི་ཆར་སྦྱིན་ཕབས།།
 
ངག་དབང་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ།།
ཁྱེད་ཉིད་རྒྱང་རིང་ནམ་མཁའི་དབྱིངས་ན་བཞུགས།།
རྡུལ་བྲལ་བཞིན་གྱི་དཀྱིལ་འཁོར་གསལ་གསལ་ལས།།
བརྩེ་བའི་འཛུམ་དཀར་པདྨ་རཱ་གའི་དྲི།།
མ་གྱུར་འགྲོ་བའི་ཁམས་ལ་ཤུགས་ཀྱིས་ལྡིང་།།
 
རྟེན་འབྱུང་ལས་འབྲས་བདེན་བཞིའི་མཇུག་ལྡོག་ཚུལ།།
ཟབ་གསལ་མཐའ་བྲལ་དབུ་མའི་ལྟ་བའི་གནད།།
དབྱངས་ཅན་རྒྱུད་མང་འཕྲུལ་ལས་སྟོན་མཁན་མ།།
ཐལ་འདོད་དང་བ་འདྲེན་པའི་གདུལ་བྱའི་དཔལ།།
ལྷང་ལྷང་གསུང་གི་འཕྲིན་ལས་སྩལ་དུ་གསོལ།།
 
རྣམ་རྟོག་བར་སྣང་བྱ་རྗེས་མི་ཟིན་པས།།
ཉམས་སྣང་མེ་ལོང་ནང་གི་ལམ་གྱི་རྟོགས།།
ངང་པས་ཆུ་ལས་འོ་མ་ལེན་ཚུལ་གྱིས།།
མཚོ་བྱུང་ངག་རིག་སྨྲ་བའི་བྱིན་རླབས་ལས།།
བདེན་ཚིག་སྒྲ་དབྱངས་ཐོས་པའི་སྐལ་བ་དྲངས།།
 
ཇི་སྙེད་ཤེས་བྱའི་སྤྲིན་དཀར་ཟབ་པའི་མཐའ།།
མ་འདྲིས་གསལ་བར་མཁྱེན་པ་རྒྱལ་བའི་ཡུམ།།
སྲིད་པའི་ཐང་ཆེན་བརྒལ་བའི་ལུས་ཅན་དག །
ཐོག་མེད་བག་ཆགས་གོམས་པའི་མ་རིག་བློ།།
ཕྱོགས་མེད་སྙིང་རྗེའི་ཕྱག་གིས་བཅིལ་བར་མཛོད།།
 
སྣང་བའི་རི་ནས་སྙན་འགྱུར་དྲི་ཟའི་ངག །
བསིལ་བསིལ་རླུང་གི་རྟ་ལ་བྱོན་པའི་ཚེ།།
སྐྱེད་ཚལ་རི་དྭགས་དགའ་བའི་ཡིད་འཕྲོག་མའི།།
སྙན་འགྱུར་གྲེ་བ་སེང་བའི་ངག་རིགས་བཅུད།།
རྫ་ཆབ་བསིལ་མའི་ཟུངས་ལ་ཉེ་བར་བསྡུས།།
 
དར་དཀར་འཇམ་གཉེན་གོས་ཀྱི་ཐུ་འོག་གི །
ཤེལ་དཀར་ཞུན་མའི་མདངས་དེ་མ་ཡལ་བར།།
ཀུན་རྟོག་ཆུ་འཛིན་དྭངས་བའི་དབྱིངས་ལ་ཚེས།།
འཁྲེངས་ཞེན་དགའ་སྐྱོ་འདྲིས་མའི་གཏམ་གྱི་ནོར།།
ལྡོག་མེད་རླུང་བའི་ཚུལ་གྱིས་འཇུག་པ་མྱུར།།
 
ཚེ་ཡི་མར་མེ་རླུང་གིས་རྡེབ་པའི་སྐབས།།
དྲན་ཤེས་བག་ཡོད་ཙམ་གྱི་རླུང་ཡོལ་གྱིས།།
རང་རྒྱུད་ལས་ཀྱི་ཉོན་མོངས་མ་གོས་པར།།
སེམས་ཉིད་རེ་དོགས་ཐ་གུས་མ་བཅིངས་པའི།།
སྨོན་ལམ་དེའང་དབྱངས་ཅན་ངག་གིས་བསྐུར།།
 
མཚོ་བྱུང་ཟླ་བ་འཛུམ་པའི་སྣང་བའི་འོད།།
རང་སེམས་རྒྱ་མཚོའི་ཐང་ལ་འཆར་བའི་མཐུས།།
མ་རིག་མུན་པའི་རྡུལ་མཚོན་བསལ་བས་མོད།།
རིག་པ་རང་གསལ་ཤེལ་གྱི་མེ་ལོང་ལས།།
སྙན་འཇེབས་སྙིང་གི་གཏམ་དེ་རྙེད་པར་ཤོག །
             2019  12   25

 
སྟོན་འཇུག་གི་ལོ་མ།     
 
 
ཁྱེད་རང་དལ་བུས་མཁའ་ལམ་དབྱིངས་སུ་བསྐྱེད།།
རླུང་བུའི་གཤོག་ཟུང་ལྡེབ་པའི་ངང་ཚུལ་དང་།།
ལོ་འདབ་སྙན་པ་ཁུར་བའི་ཤོམ་ཡངས་དེ།།
རྒྱ་མཚོ་གདན་དུ་བཏིངས་བའི་མཐོངས་ཡངས་ནས།།
ཡང་ཡང་སྙན་འགྱུར་སྒྲོགས་པའི་ངང་བའི་ཚོགས།།
ལྡེམ་ལྡེམ་གཤོག་འགྱུར་ལྡིང་དང་རབ་ཏུ་མཚུངས།།
གསེར་གྱི་རི་ལ་ཉི་འོད་ཕོག་པ་འདྲའི།།
ཁྱེད་ཀྱི་གདོང་ལ་སེར་ཐིག་ཁུར་བ་དེས།།
འཁོར་བའི་ཐང་ཆེན་འགྲིམ་པའི་བ་གམ་ནས།།
ཚི་ཡི་གནམ་ཟླ་མི་རྟག་དྲན་པར་བྱས།།
ཁྱེད་ཀྱིས་སྐྱིད་སྡུག་རི་ཆུ་མང་པོ་བརྒལ།།
མི་མཐའ་བྲལ་བའི་རྒྱང་རིང་ས་མཐར་ཉུལ།།
སྒྱུ་མའི་རྣམ་རྟོག་བརྩིག་པའི་སྲིད་པ་འདིར།།
བདེ་སྡུག་སྐུད་པ་བསླུས་པའི་ཡིད་བརྙན་བྲིས།།
ཁྱེད་རང་སོང་བའི་གཙང་འགྲམ་སྡོང་པོ་དག །
ལབ་རྩེའི་དར་ལྕོག་བཞིན་དུ་ཁེར་རྐྱང་གི །
སྨེང་བའི་སྐྱོ་གླུ་ཁུར་བའི་ངང་ཚུལ་དེས།།
ཚེ་ཡི་ཉི་མ་རི་ལ་ཡོལ་བའི་ཚེ།།
གཅིག་པར་ཕྱིན་ཡུལ་འགྲུམ་པའི་དྲལ་སྐུལ་བསླངས།།
ཁྱེད་རང་ཉི་ནུབ་ལུང་བའི་ཆུ་ཕྲན་བཞིན།།
ནུབ་རླུང་འཚུབ་མེར་ལྡིང་བའི་ཐང་དཀྱིལ་ནས།།
དུས་ཀྱི་འགྱུར་དོགས་སྟོན་པའི་གནམ་ཟླ་ཁུར།།
ད་ནི་དགུན་གནམ་སྐྱ་བོ་ཐོན་ལ་ཉེ།།
ཁྱེད་རང་ཁང་འཚུབ་ནང་གི་རྡུལ་ཕྲན་བཞིན།།
ཚེ་ཡི་མཐའ་འཇུག་རོལ་བའི་ངང་ཚུལ་དེས།།
ང་རང་གློ་བུར་སེམས་ཀྱི་རྣམ་རྟོག་ནང་།།
འཆི་བའི་ཕྱོགས་ལ་འཇིགས་སྣང་རབ་ཏུ་ཤོར།།
               2019 10 15
 

གོས་རྙིང་ནང་གི་སྙན་ངག
 
ངའི་སྙན་ངག་དར་དཀར་འཐག་འདྲ་ཡིན།།
སྟོད་གངས་དཀར་སྐེད་ཀྱི་སྨུག་ཆུང་ཡིན།།
སྨུག་དུམ་མེའི་ནང་གི་གཡང་དཀར་བྲིས།།
གཡང་ལུག་ཆུང་འཚོ་འཁན་ཁྱོད་རང་རེད།།
ངག་རྫི་གླུ་འཐེན་འཁན་ང་རང་རེད།།
ཞོགས་ཉི་ཟེར་ནང་གི་མཚམས་སྤྲིན་དེ།།
སྐྲ་ལན་བུའི་རྒྱན་ཐག་རིང་མོ་ཡིན།།
དགོན་གྲྭ་ཚང་ཚོགས་པའི་ཆོས་དུང་དེ།།
ཆུ་རྫ་ཆུ་བཞུར་བའི་སྙན་ངག་ཡིན།།
ཆོས་བདུད་བརྩིའི་མཆོད་ཆབ་གཙང་མ་དེ།།
མགོན་ལྷ་ལ་བཅོལ་བའི་བྱིན་རླབས་ཡིན།།
དགོང་ཉི་ཟླའི་དྲུལ་ཆུང་སྙན་མེར་མེར།།
སྤྲིན་ཚོམ་ཚོམ་དང་བཅས་ཐང་ལ་ལྷུང་།།
རྫ་རི་འདབས་ཤྭ་བ་སྨུག་ཆུང་དེ།།
སྐྱིད་སྣང་བའི་ཁུད་ནས་ལ་རྩེ་འགྲིམ།།
ཚེ་ཉི་མའི་ཕྱི་དྲོ་མ་ཐོན་ཤོག །
སེམས་སྣང་བའི་པད་དཀར་མ་རྙིང་ཤོག །                                  
              2019 12 4
 

ཚེ་རིང་ཟླ་བ་མཇལ་ན།
 
དགུན་སྟོད་སྤྲིན་དཀར་ཁེར་འགྲོ །
བྲེལ་བྲེལ་དེ་འདྲ་མ་གནོངས།།
ཤོག་བྱ་རླུང་གིས་ཁུར་འདྲའི།།
ཕྱོགས་བཞི་གང་དུ་ཕེབས་ཡིན།།
གངས་རྒྱབ་ཁ་བ་བཞིན་དུ།།
དྭངས་གཙང་སེམས་ངོ་སྟོན་དང་།།
ཉི་མའི་སྤྱན་གཉིས་ཕྱེས་ཏེ།།
བརྩེ་ཆེན་དྲོད་ཁོལ་གནང་ཡོང་།།
 
གྲང་ངར་ཆེ་བའི་དུས་ལ།།
ཉི་ཐིག་བདས་པར་དགའ་འམ།།
རི་དྭགས་རྨས་མ་བཞིན་དུ།།
འདར་སིག་རྒྱག་དོན་གང་ཡིན།།
གནམ་ཟླ་དགུན་ཁ་ཡིན་པས།།
སེམས་ནང་མེ་དྲོད་ཞན་ཡང་།།
དོག་མོ་ས་འཛིན་དཀྱིལ་ནས།།
སྐྱིད་སྡུག་མི་ཚེ་བརྒལ་དགོས།
 
མཚན་མོའི་རྒྱ་མཚོའི་ནང་ནས།།
ཟླ་བའི་ཞལ་ཁྱིམ་བཀྲུས་པས།།
ཁྱོད་རང་ཆུ་གཉེར་བཞིན་དུ།།
ངོ་ཚ་དགོས་དོན་གང་ཡིན།།
ཚེ་རིང་ཟླ་བ་མཇལ་ན།།
དམ་ཆོས་བདུད་རྩི་བཞེས་སམ།།
བན་ཆུང་སེམས་དཀར་ནང་བཞིན།།
སྨོན་ལམ་ག་རེ་བཏབ་ཡོད།།
 
རི་ལུང་གོས་དཀར་གྱོན་པའི།།
ཐང་དཀར་གནམ་འཕང་སྤྱོད་འདྲའི།།
གནམ་ཟླ་གྲང་མོའི་གཞུང་ལ།།
རྨི་ལམ་ག་རེ་རྨས་ཡོད།།
སང་ཞོགས་དབྱར་ཁ་ཚེས་པའི།།
འདུམ་མ་ཅི་ཙམ་གནང་ཡོད།།
ཞལ་མཇལ་སྲོག་གི་པདྨ།།
ལོ་ཟླའི་སྙིམ་པར་བཅིངས་ན།།
རང་སེམས་ལྷོད་ལྷོད་ཡོང་བའི།།
ཞེ་སྣང་སྐྱིད་པོ་འབྱུང་ངམ།།
            2019 12 7

                རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease