ཚོར་བའི་ཉ་མོ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

    རྩོམ་པ་པོ། མགར་ཐང་དཀར།


མགར་ཐང་དཀར་གྱི་སྙན་ཚོམས་བཅོ་ལྔ་པ་ཚོར་བའི་ཉ་མོ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།

 
                       མགར་ཐང་དཀར་གྱིས།

 
རྡོ
ལྕགས་འཛེར་སྙིང་ལ་མི་ཟུག་པའི་རང་གཤིས
རྨ་ཁ་བཙལ་དུ་མི་སྲིད་པའི་རང་གཤིས
ཚེ་གང་བོར
སྲ་གཟུགས་རྐྱང་རྐྱང་གི་སྙིང་སྟོབས་ཁུར་ནས་ཡོད


༢ 
ཆང་ཕོར་བ་གང
རང་ཉིད་ཀྱི་དཔའ་སྐལ་དུ་བཞག་ནས
གཞན་ལས་ཁྱད་འཕགས་ཀྱི་ངོ་བོ་ཡོད་ཁུལ་གྱིས
ཀུན་གྱི་ཚོར་བའི་བང་རིམ་དུ
སོས་མི་ཐུབ་པའི་རྨ་ཁ་བརྟོལ


༣ 
གཙང་བོ་མ་མཐོང་བར
རྩྭ་མགོ་ནས་སིལ་བ་ལྡག་གིན
སྐོམ་གདུང་སེལ་བའི་གཙང་བོ་རྙེད་སོང་སྙམ



འཇིག་རྟེན་གྱི་བྱ་དངོས་མཐའ་དག
ཤི་བོ་དང་ཤི་མོའི་གཟུགས་སུ་བྱས་ནས
རང་ཉིད་འཇིག་རྟེན་གཞན་ཞིག་ཏུ་འཚོ་འོ་འདོད་པའི
ཁེར་རྐྱང་ཁོ་ན་དེའི་མནར་གཅོད


༥ 
ཉེ་མི་ཤི་ན
ང་ཡི་མིག་ཆུ་མ་སྐམ་སྔོན་དུ
ཞེ་རུས་ཡོད་མདོག་གིས
ཤུལ་འཕྲོར་ལུས་པའི
དངུལ་བྱང་གི་གསང་གྲངས་བློ་ནས་སྐྱོར་མཁན


 
གསེར་གྱི་སྒོ་ལོང
ངས་ཁྱོད་ལ་དངུལ་གྱི་ཟྭ་ཞིག་བརྒྱབ་ན
ལྡེ་མིག་སུ་ལ་བཅོལ


 
མི་ལོ་དུ་མར
ཡིག་རྙིང་སྤར་བ་གང
ཀླད་པའི་ཞིང་ཚིགས་སུ་བཏབ་ན
འབྲས་བུ་འབྱུང་སྲིད་དམ


༨ 
རལ་གྲི་ཐོགས་པའི་དཔའ་བོ
སྐྱེ་ཚོད་ཏག་ཏག་འཕྱི་སོང
ཐ་སྙད་ཁུར་བའི་དཔའ་མོ
འདས་ཚོད་ཏག་ཏག་སྔ་སོང


 
གལ་ཏེ
ལུག་ལ་ཡ་སོ་ཡོད་ལ་མ་སོ་མེད་ན
ཅི་འདྲའི་ཡ་མཚར་བོ་ཞིག་ཡིན་ནམ་ཀྱེ
མིན
ཡ་སོ་དང་མ་སོ་གང་ཡང་མེད་ན
ད་གཟོད་ཡ་མཚར་ལ
ཧང་སང་ཞིང
སྙིང་རྗེ་བོ་ཞིག་གོ


༡༠ 
ང་རང་ང་ངོ་མ་ཞིག་བྱེད་དགོས་ཚེ
སུ་ཞིག་གིས་བཅོས་བསྒྱུར་གཏོང་ཐུབ
སུ་ཞིག་གིས་ཀྱང་མི་ནུས་ཏེ
རང་ཉིད་རང་གིས་བཅོས་བསྒྱུར་གཏོང་དགོས


༡༡ 
ཡན་ལག་ཡོད
འབྲུ་ཆུ་དལ་གྱིས་འབབ
སྐྱབས་མགོན་ཡོད
བོད་པ་ཞི་ཞིང་དུལ
ཡིན་ཡང
འཁོར་ཆེན་མ་ཎི་སྟོང་གྲུབ་དེ
ཁྱོད་དང་ང་ཡི་བདེན་དཔང་དུ་མི་འགྲོ
 

༡༢
དབྱངས་ཡིག་བཞི
སྐྱེས་བུ་དམ་པ་བཞིའི་མཚོན་བྱེད་དུ་བསྒྲེང་ན
གསལ་བྱེད་བཅུར
འཁང་ར་ཨེ་ཡོད
 

༡༣
ན་ནིང་བླངས་ཟིན་པའི་གླུ
ད་ལོ་ཡང་བསྐྱར་བླངས་ན
དགོན་པའི་འདུ་ཁང་ནང་གི་སིང་སྒྲས
རྟག་ཏུ་རྣ་བར་སུན་སྣང་འབྱིན་པ་དང་གཉིས་སུ་མ་མཆིས


༡༤ 
ཁྱོད་རང་ཐུན་མིན་ཡིན་ཟེར་ན
ད་ལོར་ཁ་བ་འབབ་ཐེངས་རེ་རེར
ཁྱོད་ཀྱིས་ཧབ་ཐོབ་གཅིག་གིས་འགོམས་དང
ཐ་སྙད་བཞི་ཁྱོད་ལ་བསྩལ་ཆོག་ཏེ
སྐྱེས་བུ་དམ་པ


༡༥ 
བདེ་བར་གཤེགས་འདོད་པ་ནི
ཁྱོད་ཀྱི་རེ་འདུན་ཡིན་ལ
ང་ཡི་སྒོམ་ཚུལ་ཡིན
           2019/9…2019/10རྟབ་རྟབ་པོར།

                      རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease