ཁོ་ཚོ་འཆི་ན་ཡང་།

    རྩོམ་པ་པོ། འཇོ་མདའ་བྱ་བློ།

ཁོ་ཚོ་འཆི་ན་ཡང་།     

          
འཇོ་མདའ་བྱ་བློ།

དགུན་ཟླ་འདི་ཅི་འདྲ་འཁྱག་ཀྱང་རང་སེམས་མེ་ལ་སྦར
ཁ་བ་དང་རླུང་བུ་རྩུབ་ན་ཡང་འཇིག་རྟེན་སྔར་བཞིན་མཛེས
མི་ཚོགས་དག་ལྗོན་ཤིང་རླུང་གིས་གཡུགས་པ་བཞིན་འདར་ན་ཡང
སྙན་ངག་མཁན་དག་ནམ་ཡང་འཁྱག་པར་མི་འགྱུར་ཏེ  ཁ་བ་དང་རླུང་བུ   
སྐྱི་སེར་དང་འཁྱག་རོམ་དག་ནི་ཁོ་ཚོའི་འཁྱག་པ་གསོ་བའི་སྙན་ངག་ཡིན
 
འཇིག་རྟེན་ཅི་འདྲའི་གདུག་རྩུབ་ཆེ་ན་ཡང
བས་མཐའི་ཆུ་བོ་འཁྱག་པར་འགྱུར་ན་ཡང
རི་སྒང་དར་ལྕོག་རླུང་གིས་གཡུག་ན་ཡང
མཛའ་མོས་དམ་ཚིག་བཀོལ་ལོག་བྱས་ན་ཡང
སྙན་ངག་མཁན་དག་ནམ་ཡང་སྨྲེང་བར་མི་འགྱུར་ཏེ
ཁོ་ཚོས་རང་རང་ལ་དབང་བའི་ཐ་སྙད་རེ་རེས་སེམས་པ་གསོ་བར་བྱེད
 
ཁོ་ཚོས་འབྲི་བཞིན་པ་ནི་ལོ་རྒྱུས་ཀྱི་འགྲོས་ཡིན་པ་ལས
བུད་མེད་མཆོར་མའི་ཞལ་རས་མ་ཡིན་ནོ   ཕྱི་རོལ་ནས་རླུང་གཡུག
ཁ་བ་འབབ  བསེར་བུ་ལྡང   ཐལ་རྡུལ་འཚུབ  སྡོང་ལོ་འཐོར་ན་ཡང
སྙན་ངག་པའི་སེམས་སུ་ཐ་སྙད་ཀྱི་མེ་ཏོག་ནམ་ཡང་སད་པར་མི་སྲིད
 
ལྷ་སའི་ཐང་ཆེན་ནས་བཞུར་བའི་ཟུངས་ཁྲག  
ཡར་ཀླུང་གཙང་པོའི་འབབ་རྒྱུན་ལས་འཁྲུངས་བའི་ཐ་སྙད
ལོ་རྒྱུས་ཀྱི་གས་སྲུབ་ནས་བཞུར་བའི་འདས་དོན
མེས་པོ་ཚོའི་སྲ་མཁྲེགས་ཀྱི་སྙིང་སྟོབས
དེ་དག་ནི་ཁོ་ཚོས་འབྲི་བཞིན་པའི་བརྗོད་བྱའོ
 
ཁོ་ཚོས  ཐ་སྙད་ཀྱི་ཁྲོད་ནས་བདེན་དོན་འཚོལ
རང་རང་ལ་དབང་བའི་འཇིག་རྟེན་བཞེངས
མི་ཚོགས་ཀྱི་སེམས་སུ་སྙན་ངག་གི་མེ་དཔུང་སྦར
ཚིག་འབྲུ་རེ་རེ་ལ་ཡང་རིན་ཐང་གི་ལྟ་ཚུལ་འཛིན
ཁོ་ཚོ་འཆི་ན་ཡང་རུས་པ་དཀར་པོ་ཡིན
 
རི་རབ་དང་གཙང་པོ་ནི་ཁོ་ཚོའི་རྨི་ལམ་ཡིན
ནས་ཆང་དང་མཛའ་མོ་ནི་ཁོ་ཚོའི་སེམས་རྟེན་ཡིན
ཁོ་ཚོས  འཇིག་རྟེན་མཐའ་དག་ཐ་སྙད་རེ་རེས་མཚོན་པར་བྱེད
ཐ་སྙད་གཅིག་གི་ཁོངས་སུ་བྱ་དངོས་མཐའ་དག་བསྡུ
ཁོ་ཚོ་འཆི་ན་ཡང་ཟུངས་ཁྲག་དམར་པོ་ཡིན
                2019ལོའི་ཟླ12པའི་ཚེས1ནས་བྲིས།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease