དོ་ནུབ། ང་ཆང་གིས་བཟི་སོང་ན།

    རྩོམ་པ་པོ། བཙན་པོའི་ཕོ་ཉ།


དོ་ནུབ། ང་ཆང་གིས་བཟི་སོང་ན། 
ཞར་བཀོད་གཅིག་ཡོད།
 
                   
བཙན་པོའི་ཕོ་ཉ།
  བརྗོད་བྱང་།
____ནམ་མཁའ་ལྟ་བུའི་དཀྱེལ་ཡངས་ཀྱི་ཁམས་འདིར
རྣ་བ་ལག་གིས་བསྐྱོར་ཏེ་མཉན་བྱའི་སྒྲ་དབྱངས་ཤིག་ཡོད་དམ
 

དོ་ནུབ    ང་ཆང་གིས་བཟི་སོང་ན
ངའི་སེམས་ཀྱི་ཟབ་ས་ན་སྦས་པའི་སྙིང་གཏམ་དེ་དག
སུ་ཞིག་ལ་འཆད   སུ་ཞིག་ལ་འཆད
 
སུ་ཞིག་གིས   ངའི་སྙིང་གཏམ་དེ་དག
སེམས་ཀྱི་ཟབ་ས་ནས་ཕྱུང་བར་ཁས་ལེན་གྱིས
ཞིབ་པར་གསན་ནམ



དོ་ནུབ    ང་ཆང་གིས་བཟི་སོང་ན
ནམ་མཁའ་ཁྱེད་ཀྱིས    ཟླ་བ་ཁྱེད་ཀྱིས
ནམ་མཁའ་ལ་བྱེར་བའི་སྐར་མའི་ཀོ་གྲུ་དེ་དག་གིས
ཟླ་འོད་ཀྱི་དཀར་འཇམ་ལ་རྩེན་པའི་རང་དབང་གི་རླུང་གཤོག་དེས
བདག་གི་སྙིང་གཏམ་ལ་ལན་ཅིག་གསན་རོཊ
 
བདག་གི་རྨི་ལམ་གྱི་རྒྱབ་རི་སྨུག་པོར
འཇའ་ཚོན་དང་སྤྲིན་དཀར་བསྣབས་པའི་ནམ་མཁའ
དེ་ལ་འཁོར་བའི་བྱ་རྒྱལ་དང་ཀླུང་རྟ
དེ་རིང་ཡང    དྭངས་གཙང་གི་གྲུ་ཁ་ཆུང་ཆུང་ཞིག་སྲུང་གིན་ཡོད་སྐད
 


དོ་ནུབ    ང་ཆང་གིས་བཟི་སོང་ན
བདག་གི་རྨི་ལམ་གྱི་སྔས་འགོར
གངས་རི་རྨིས་ཤོག   རྩྭ་ཐང་རྨིས་ཤོག
གངས་རིའི་དབུ་འཁྱུད་དུ་རྩེན་པའི་རྒོད་པོ་རྨིས་ཤོག
རྩྭ་ཐང་གི་འཕང་བ་རུ་ཐིམ་པའི་སྦྲ་ནག་རྨིས་ཤོག
ང་ཡི་འབྲོང་གཡག   ནམ་སྟོད་ཀྱི་སྔ་ཆ་ནས་འདུར་འོང
བདག་གི་རྟ་ཁྱུ     ནམ་སྨད་ཀྱི་ཕྱི་ཆ་ནས་ཞོཊ་ངེས
 
ང་ཡི་ཁེར་རྐྱང་གི་མཚན་མོར
དུང་སེམས་ཀྱི་སྦྲན་པའི་སྙན་ངག
དེ་ལ་འཁོད་པའི་ཆུང་མ་དང་ཁ་བའི་འདབ་མ
ད་ལྟའང    ཁོད་ཆུང་བའི་གཞི་ཁྱིམ་ཆུང་ཆུང་ཞིག་སྲུང་གིན་ཡོད་སྐད



དོ་ནུབ    ང་ཆང་གིས་བཟི་སོང་ན
མཚན་སྨག་གི་གཞི་རུ་ཐིམ་པའི
མེ་ལོང་ནང་ནས     ཆང་ཕོར་ཁ་ནས
དམར་རྗེན་རྗེན་གྱི་རང་ཉིད་མཐོང་ཤོག
སླད་མེད་པའི་རང་གཟུཊ་དངོས་དེ་མཐོང་ཤོག
གཞན་ལ་གཡར་བ་དེ་ཚོ་སེ་གོལ་ཏོག་ཙམ་ཞིག་སྟེ
རང་ཉིད་ལ་གཏན་ནས་གཏན་དུ་དབང་ཐབས་བྲལ་བ་ཤེས་འོངས
 
ཉི་མ་ནུབ་རིར་ཡོལ་རྗེས
ནམ་མཁའ་ལ་ཚེས་པའི་སྐར་མ་སྤུན་བདུན
དེ་ལ་བལྟར་བའི་སྐར་ཚོམ་དང་རི་རབ
དོ་ནུབ་ཀྱང    ན་བུན་དང་དངན་པའི་ཁ་རླངས་ཁྲོད
འདར་ཡོམ་ཡོམ་གྱིས་སུ་ཞིག་གི་སེམས་ཀྱི་གྲུ་ཁ་སྲུང་བཞིན་ཡོད་སྐད
 

བཀླཊ་མི་ཚར་བའི་ཕ་ཡུལ།          
                                                       
རི་བོ་དང་རི་བོ་བརྩེཊ་པས
མིག་གི་རྒྱལ་མོས་རིག་ཐབས་བྲལ་སོང
དྲན་གདུང་དང་དྲན་གདུང་བསྡེབས་པས
སེམས་ཀྱི་རྟ་ཁ་འགོག་ཐབས་བྲལ་སོང
ཕ་ཡུལ   གཉོམ་དུང་དུང་གི་ཨ་མའི་ལང་ཚོ་བཞིན་རྒས་ཡོད་དམ
བྲེལ་སྟབས་ཀྱི་འཁྱར་པོའི་གདུང་བ་བཞིན་ཞོད་ཡོད་དམ
 
ཆུ་བོ་དང་ཆུ་བོ་སྣོལ་བས
བསམ་གཞིཊ་ཀྱི་གཤོག་པ་ཆད་སོང
མདུན་ལྗོངས་དང་འཚོལ་སྙེག་རྡེག་པས
ཕ་ཡུལ་གྱི་རྒྱབ་གཟུགས་མོག་སོང
ཕ་ཡུལ  གསང་རྣམ་གྱི་མཇུག་བྱང་དེ་སུ་ཡིས་འབྲི་བཞིན་འདུག
བདེ་སྡུག་གི་གླེག་བམ་དེ་སུ་ཡིས་ཀློག་གིན་འདུག
 
འདས་ལོར་སྒྲོན་པའི་ལབ་རྩེའི་དར་ལྕོག་དེ་དག
དེ་རིང་ཡང་སྔར་བཞིན་རླུང་ལྡོམ་ཁྲོད
སུ་ཞིག་གི་ཀླུང་རྟའི་གོ་འཕང་མཐོ་ནས་མཐོ་རུ་འདེག་བཞིན
ཡིག་དྲུག་གི་གསང་རྣམ་ཀློག་གིན་གཡུག་བཞིན་ནམ

ད་ལོར་བཏབ་པའི་རྣང་ཞིང་གི་འབྲུ་སྣ་དེ་དག
ནམ་ཟླ་འདིའི་དུས་ཚིགས་ཀྱི་ཚ་འདེད་འོག
སུ་ཞིག་གི་འགྲུལ་བཞུད་ལ་རེ་བལྟོས་ཀྱི་རྒྱཊ་ཕྱེ་རྫོང་གིན
ཉིན་དཀར་དང་མཚན་སྨག་གི་དབྱེ་བ་ཆོད་ཡོད་དམ
 
ཕ་ཡུལ   ཁྱེད་ཀྱི་རྩ་བ་ལས་གྱེས་པའི
ཡལ་ག་དང་ལོ་འདབ   མེ་ཏོག་དང་འབྲས་བུ་སྣ་ཚོགས
སྙན་ངག་པའི་སོར་རྩེ་ལས་འཁྲུངས་པར་མ་ནུས
སྙན་ངག་གི་ནང་སྙིང་དུ་ནམ་ཡང་བརྗོད་མི་ཚར
 
ནམ་ཞིག   ཁྱེད་ཀྱི་དུས་གསུམ་གྱི་དབྱིངས་སུ
རྨོན་དོར་ལྕག་གིས་འབྲབ་བཞིན
ས་བོན་འདེབས་མཁན་གྱི་ཨ་ཇོ་དེ
ང་རང་ཡིན་ཆོག་པ་ཞུ

                རྩོམ་སྒྲིག་པ།  མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease