མཆི་མ་ཤམ་ཤམ། སྙན་རྩོམ།

    རྩོམ་པ་པོ། རླུང་།


མཆི་མ་ཤམ་ཤམ།
སྙན་ཚོམ། 

            སྙིང་ཉེ་བའི་ ཨེ་ན་ཡར་བྲིས་པ། 

                           རླུང་། སི་ཁྲོན། 



དོན་དག་ཅི་ཞིག་བྱུང་སོང

ཕྱི་རོལ་ཁུ་སིམ་མེར

ནང་སེམས་ཆུ་ཁོལ་ལྷོག་ལྷོག་གདུ་བར་ལྟར

གནས་གཅིག་ཏུ་འདུག་ཐབས་མ་བྱུང
 

བརྩེ་དུང་དང་སྡུག་བསྔལ་ཡོད་པས

གཉིད་དང་མངོན་སུམ་འདྲེས་པའི

འཇིག་རྟེན་འདི་ལས་སོ་སོར་གྱེས་ཐབས་མི་འདུག
 

བད་ཀྱིས་སྟོན་ཐོག་བཅོམ་ཡང

མི་སེམས་བཅོམ་པ་མི་དཔེ

ཐུགས་ནི་བདེ་བར་བཞུགས་རོགས
 

དོ་ནུབ་མགྲིན་པའི་ནང་སྐད་ཆ་མེད་པར

སྨུག་ཀྲིག་གེར་འཁྱིལ་བའི་སྲིད་པའི་རྫ་རི་ལ་སྟེམ་ཡོད
 

གྱེས་ཁའི་གདུང་བ་ཅི་འདྲའི་ཟབ་པ་ལ

སྐད་ཆ་མང་པོ་ཞིག

ཆུ་ཡི་རྦ་རླབས་གསེང་གི་ཉ་མོ་བཞིན

ཕྱོགས་ཀུན་ཡར་མར་རྒྱུ་རུང

ཁྱོད་ལ་བཤད་ཐབས་མ་བྱུང
 

ངས་ཁྱོད་རང

སང་ཉིན་རེས་གཟའ་ཉི་མའི་སྐྱ་རེངས་དང་ལྷན་ཏུ་ཕྱིར་ལོག་པར་སྒུག་ཡོད


སྤྲིན་པ་དུམ་བུ་ཞིག་ཐག་རིང་ལ་ཕྱིན་སོང

ངས་མཚམས་མེད་པར་ཕྱིར་ལྡོག་གི་སྒྲ་ལ་མཉན
 

ཁྲག་གི་པདྨའི་ཟེ་བ

སིལ་བུར་སོང་བའི་རྩྭ་ཤིང་བཞིན

ཕྱོགས་གཅིག་ཏུ་སྒྲེ་ཐབས་མེད

༤ 

ཝེ
 

བསོད་ནམས་ཀྱི་ཤིང་ཕོར་འདི་ཆུང་དྲགས

མཐའ་ན།  སྙིང་ཉེ་བའི་ཁྱོད་ཀྱང་མ་ཤོང
 

ཡང་ན། རྩྭ་ཐང་འདི་ཆེ་དྲགས

ཁྱོད་རང་སེམས་ཀྱིས་མ་ཟིན་པ་ཨེ་རེད
 

ངས་དར་རྩེ་མདོར་བྱུ་རུ་མེ་ཏོག་ཅིག་བོར་སོང

མེ་ཏོག་འདབ་མ་དམར་པོ
 

སེམས་པ་སྐྱིད་པོ་མི་འདུག
 

སྒེའུ་ཁུང་ཕྱི་རོལ་ཏུ

མིག་ཟུང་འབྱེད་ཙམ་བྱེད་དུས

སེམས་ངོར་མི་ཟིན་པ་མང་པོ་ཞིག

གློ་བུར་དུ་སེམས་ལ་འཆར

ཡོད་ཚད་གྲིབ་མའི་ཁུད་དུ་གཅུད་པ་ལྟར

ལམ་སང་ཁང་མིག་དོག་པོ་འདིའང་སྟོང་ལྷང་ངེ
 

འུ་ཐུག་པའི་ང་རང་མལ་དུ་ལོག་ཀྱང

གཉིད་མ་ཁུག་པས

དྲན་པའི་གདུང་བ་མཚོན་བྱེད་དུ

ཨ་ཁུ་པདྨའི་དབྱངས་རྟ་ལ་མཉན

དུས་ཚོད་ཡུན་ཙམ་འགོར་རུང

གཉིད་རྒྱུ་མ་བྱུང་བས

“སྡེ་ཆེན་པོའི་དཀྱིལ་གྱི་དྲན་ཤིང་མ

ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད”ཅེས

གཞས་ཆུང་ཞིག་ངག་ལས་རྟབ་རྟབ་པོར་ཤོར

ལམ་རིང་ཐུང་སྣ་ཚོགས  སེམས་ཀྱིས་མ་ཟིན

ཁྲ་ཆིལ་ལེའི་སྡུག་བསྔལ་དང་བདེ་སྐྱིད་འདི་དག་ལ

བསྔོ་བས་རྒྱས་འདེབས་གནང་རོགས
 

མིག་ཟུང་མི་འདུག་པས  ནམ་མཁའ་འདི་ལའང་བསྔོ་ཡིག་འབྲི་རོགས
 

མི་རྣམས་ཟབ་འཕྱོར་གྱི་འཇིག་རྟེན་དུ་ལྷུང་ནས

སྟོན་ཁའི་དུས་ཚོད་ཇི་ལྟར་སླེབས་པའང་མ་ཤེས
 

ངས་ཆུ་རྫིང་སྟོང་བ་ཞིག་ལ་བལྟས་ཏེ

མཚོ་དང་ཚེའུ་གླེང

ཐུར་ཁེའི་རྒྱ་མཚོ་གླེང

མཚོ་སྟེང་དུ་ཡོམ་ཡོམ་གཡོ་བའི་གྲུ་གཏོང་མཁན་དེའི་ནང་སེམས་གླེང

དབྱར་དགུན་དུས་མཉམ་དུ་ཚེས་ཀྱང

མིག་མདུན་གྱི་དོན་དག་མང་པོ་ཞིག་བརྗེད་ཟིན
 

གློ་བུར་དུ་དྲན་ཡོང་བ་འདི་དག

རྒས་ཤིང་འཁོགས

འུ་གཉིས་བར་ལ་འཁོར་བ་མི་འདུག
 

ད་ནི་ཐབས་ཤེས་ཅིའང་མེད་པར

སོ་སོའི་ལས་སྣང་བྲིས་ན་འདུག་དགོས་པ་ཨེ་རེད
 

༡༠ 

ང་རང་འདས་པའི་དུས་ཚོད་ནང་གཉིད་ལོག་སྟེ

རྨི་ལམ་རྨི་བར་དགའ་ན་ཡང

ཆོས་ཉིད་ཀྱི་དུས་ཚོད་འདི་ལ་ཕྱིར་སྣུར་བྱ་ཐབས་མེད་པས

འདས་དོན་དག་ཕྱིར་དྲན་པར་མི་སྐུལ་རོགས
 

ནམ་དགུང་འདིར་ངས་སྒྲོལ་ཐུང་བཏོན་པའི་བུ་མོ་ཞིག་དྲན

དབྱངས་རྟ་ཆ་མེད་རྒྱུས་མེད། 

འདོད་ཧམ་ཟིལ་རྔམ་ཆེ་བ།  གཞས་ཀྱི་སྙིམ་པ་སྐྱོང་མཁན།
༡༡

གློ་བུར་དུ་དགུན་བསླེབས་པས

ལྐུགས་པའི་ལྕེ་རྩེར་མེ་ཏོག་མངོན་པར་བཀྲ

བྱེེེའུ་དག་གིས་གདུང་བའི་རྒུམ་འབུ་སྒྲུག

ངས་ལམ་ཕྲན་སྟེང 

ཁྱོད་རང་ཕར་འགྲོ་ཚུར་འོང་བྱེད་པའི་སྒྲ་ལ་མཉན
 

སེངྒེའི་མཆེ་སྡེར་ནང་གི་མུག་གུ

སེམས་སྐྱོ་བའི་རུས་པ་མུར་བ
 

༡༢

ཉིན་ཞག་བཅུ། ཟུག་རྔུས་མཚམས་མེད་པར་མནར་བ།

ཀུན་སྣང་སྤར་གང་། ངའི་ལག་པ་ལས་ཁྲག་བཞུར། 

དེ་ཉིད་ཁྱོད་ཀྱི་བརྩེ་དུང་དང་འདྲེས། 
 

ངས་ཁྱོད་ལ་སྤྲིན་དཀར་ཞིག་བསྐུར། དེའི་ནང་དངུལ་ལོ་དང་དཔེ་ཆ་མེད། 

དྲན་གདུང་གི་རྣག་ཁྲག་བཙགས་ནས་བསྐུར་ཡོད།

༡༣

ཨེ་ན། ཁྱོད་རང་ངའི་པང་དུ་ཕྱིར་ལོག་རོགས

ངས་ཁྱོད་ལ་ལས་ཀྱི་ཞིང་ས་སྟོང་པ་ཞིག་ཉོས་ཡོད

དེར་ཁྱོད་ཀྱིས་་གླུ་ལེན་ཆོག་ལ

ལག་པའི་ནང་གི་རི་མོའི་གར་ལ་ལྟ་ཐུབ
 

ཞོགས་པ་འདིར།  ཁྱོད་ཧ་ཅང་དྲན།

སྙིང་ཉེ་ཁྱོད་ཉི་ཟེར་དང་ལྷན་དུ་ཆུ་བོའི་རྒྱུན་ལ་ཞུགས་རོགས
 

དུས་མཐའི་མྱ་ངན་སྤར་བའི་ཡུལ་གྲུ་རུ

སིལ་བུར་སོང་བའི་མེ་ལོང་ཡ་གཅིག་ལས

ཁྱོད་རང་ཤར་བ་ཡང་ནས་ཡང་དུ་བསྒུག

འདི་ནི་འཁྲུལ་བའི་སྒྲ་དང་གཏམ་མིན་པར

དག་པ་ཤེལ་རི་ལྟ་བུའི་བརྩེ་དུང་ཡིན། 
               
རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།