ཕྱི་དྲོའི་དྲན་པ།

    རྩོམ་པ་པོ། རྒྱ་སེ།


ཕྱི་དྲོའི་དྲན་པ། 


                        རྒྱ་སེ།


གློ་བུར་ཡུལ་འདི་སྣང་བའི་ཆོམ་ངེས་བཅས།།

ཁེར་རྐྱང་སྐྱོ་བའི་སྙིང་པོ་སྟོང་བ་བཞིན།།

ངག་མི་ཁྲོལ་བའི་སྡུག་སྔལ་གཙང་ཉིལ་བཞིན།།

སྐྱེ་འཆིའི་རླབས་གཟར་སོམ་སྒྲ་དགོད་པ་བཞིན།།

ཚེ་རབས་འཁྱག་སོབ་གྲིབ་ཟེག་སྦུབ་པ་བཞིན།།

བགྲེང་མོའི་སྟོང་ལག་ནང་གི་གཉོམ་སྐད་བཞིན།།

རླུང་རྩེར་གདུ་བའི་དུས་ཚོད་ཡལ་བ་བཞིན།།

མཚེར་ས་འཁྱག་པ།

 

འཁྲུལ་སྣང་སྤར་མོ་གང་གི་ཡན་པ་ཡིས།།

མཚེར་སའི་སྨག་ནག་བྲང་གི་གཤོག་པ་འདར།།

བདག་གི་གཟེབ་སྒྲོམ་བྲག་དཀྱིལ་རྡེབ་པ་ཡིས།།

མུན་པའི་ཁྲག་གི་ལག་ཆུང་གཡུག་གཡུག་བྱེད།།

དམིགས་རྩེར་ཆགས་པའི་འོད་ཀྱི་སྐར་མ་དེ།།

མུན་པའི་འཆི་སོ་ལྡད་པ་གཤིན་པའི་སྒྲུང་།།

གྲིབ་མའི་རང་སྣང་རླུང་བུས་ཅོ་འདྲི་ཡིས།།

མཚེར་ཀའི་ཚེ་སྒྲོམ་མཆོག་ནི་དམར་ཐག་ཆད།།

ནམ་གུང་གི་སྙན་ངག

 

རེ་ལྡེ་ངོས་ཀྱི་མུན་པ་དེ།།

ཐལ་བ་ཞུལ་ཞུལ་སེམས་སུ་འཐམ།།

སུ་ཞིག་བོར་བའི་མྱ་ངན་གྱིས།།

སྐར་མས་སྐར་མ་འདེད་དེ་འགྲོག།

མཚན་གུང་འདི་ཡི་བྲང་ཁོག་ཏུ།།

འཇིག་རྟེན་བྱེ་བ་ཁྲ་ཁྲ་ལྡེམ།།

མཚེར་ས་འདི་ཡི་མལ་ཤུལ་ནས།།

རྨི་ལམ་སླེབ་གང་རྐུས་ཏེ་སོང་།།
                   རྩོམ་སྒྲིག་པ། མྱི་གསར་བ།