སྒྲོལ་མ།

    རྩོམ་པ་པོ། ཀླད་ཁུ།


སྒྲོལ་མ།
 
           
ཀླད་ཁུ། ནང་ཆེན།

མཆུ་ཏོ་འགུལ་བའི་སྒྲ་ལས་ཟླ་བ་ལྷུང
ཟླ་བའི་སྟེང་གི་ལྷ་མོ་རྣམས་སེམས་ནས་འཕུར་ཡོང

སྙིང་ཕྱེད་ཀ་ཙམ་ལ་ཟིན་པའི་ཁྱོད་ཀྱི་ལག་པས
ས་སྲོད་ཀྱི་སྣེ་ལ་བཞུར་བའི་གཙང་བོ་འདེད་ཀྱིན
རྨི་ལམ་ནང་ནས་དུས་ཚོད་ཀྱི་སྐར་ཆུ་ལེན
 
སྒྲོལ་མས་རོལ་མོ་དཀྲོལ་སོང
སྒྲོལ་མས་གླུ་དབྱངས་བླངས་སོང
སྒྲོལ་མས་མིག་ཟུང་འགུལ་སོང
གློག་སྐུད་འཁྱགས་པ་སྟེང་དུ་འགུལ་བའི་བྱ་རྡང་དེས
སྒྲོལ་མ་དང་ལྷན་དུ་རྩྭ་ཐང་དང་མེ་ཏོག་མཐོང
མེ་ཏོག་དང་སྦྲ་ནག་ལ་ཆགས་པའི་སེམས་པ་མཐོང་།


བསྐྱར་ཟློས།

ཞོགས་པར་དྲན་བཞིན་པའི་མི་དེ
ཉིན་གུང་དྲན་བཞིན་པའི་སྙིང་ཉེ་དེ་རེད
ཉིན་གུང་དྲན་བཞིན་པའི་སྙིང་ཉེ
ཕྱི་དྲོ་དྲན་བབསྐྱར་བཟློས།ཞིན་པའི་སྙིང་ཉེ་དེ་རེད
སྙིང་ཉེ་དེ་དྲན་གྱིན་དྲན་གྱིན་དུས་ཚོད་ཟད་སོང

དུས་ཚོད་ནང་ལ་བབས་པའི་གླུ་བླངས་མཚམས་བཞག
གླུ་དེ་ནི་ཁ་སང་ལེན་གྱིན་དེ་རིང་ལ་ཡོང
དེ་རིང་ལེན་གྱིན་སང་ཉིན་ལ་སོང
ཡང་ན་གྲིབ་མ་དེའི་ངོས་ན་དེ་ལས་ཅི་ཡང་ལུས་མི་འདུག་སྟེ
བུད་སོང་བ་ཐམས་ཅད་སོང་ཚར
འགྲོ་རན་པ་རྣམས་ཀྱིས་སྔར་ལྟར་སྙིང་ཉེ་དེ་དྲན་གྱིན
ངག་བདེ་མིན་མི་ཤེས་པར་གླུ་ལེན་པར་བྱེད

གྲིབ་མའི་སྟེང་དུ་བརྩིགས་པའི་སྐྱོ་གདུང་དེ་ཡང
མཚན་ནམ་དུ་མ་ལུས་སོང་བའི་དུས་ཚོད་ཀྱི་མིག་ཆུ་དང

མིག་ཆུ་དེ་ལ་འཁྲུངས་པའི་ནམ་མཁའ་ཆུང་ངུར་ཞིག་རེད།


མྱུར་བ་ཉིད་དུ་ཤི་འགྲོ་བར་ཤོག

ཤི་སོང་ན་ང་རང་དྭངས་གཙང་གིས་གནས་ཐུབ
ཤི་སོང་ན་རུས་རྐང་ནང་གི་ཆོམ་སྒྲ་དེ་དག
མིའི་རིགས་ཀྱི་བརྩེ་དུང་གི་ཚབ་ལ་འཇོག་ཆོག
ཤི་སོང་ན་མིག་ཟུང་ནང་ནས་ཕྱི་ལ་འཕོས་པའི
ཆེས་ཡིད་འོང་གི་བསྟི་གནས་དེ་བྲང་ཁར་རུམ་ཆོག
འདོད་ཆགས   ཞེ་སྡང   མ་རིག་པ
དེ་ལས་སྐྱེས་པའི་རྒྱ་སེར་མེ་ཏོག་ཐམས་ཅད
མྱུར་བ་ཉིད་དུ་གྲིབ་མ་འདི་གཉིས་སུ་མེད་པར་འཇོག་ཆོག

ཤི་སོང་ན་པགས་པ་འདི་བདག་མེད་ཡིན
ཤི་སོང་ན་རྐང་ལག་བཅས་པ་བདག་མེད་དུ་བསྐྱུར་ཆོག
བདག་མེད་དུ་བསྐྱུར་བའི་རི་ཁྲོད་འདིར
དུག་སྦྲུལ་གྱིས་ཚོང་བཟོ་ཆོག
ཚོང་དུ་དུག་སྦྲུལ་གྱི་ཤུན་ལྤགས་བསྐྱུར་བའི
ན་ཟུག་དང་དྲན་གདུང་གིས་སྐྱེས་པའི་ལྗོན་པ་རླུང་གིས་གཡོ་ཆོག

ཤི་སོང་ན་ནགས་ཚལ་གྱི་ལས་དབང་ཁེར་རྐྱང་ཡིན་ངེས
ཤི་སོང་ན་བཙལ་ནས་མ་རྙེད་པ་སྙིང་པོ་ཡིན་ངེས
ཤི་སོང་ན    མྱུར་བ་ཉིད་དུ་ཤི་སོང་ན

ཆེས་བདེ་སྐྱིད་ལྡན་པའི་མི་དེ་བྱེད་ཆོག་ངེས།

དེ་དུས་ཀྱི་ང་ཚོ།

དེ་དུས་ང་ཚོ་ལོ་ན་ཧ་ཅང་ཆུང
རྒྱབ་གཟུགས་ནང་དུ་བླུགས་པའི་འུར་ཟིང་དེ་དག
ང་ཚོ་དང་ཡེ་ནས་རྒྱུས་མེད་དུ་གྱུར་ཡོད

ལང་ཚོའི་ནང་དུ་འགུལ་བཞིན་པའི་སེམས་པ
གླུ་དབྱངས་ཤིག་གི་གདངས་ལ་ཆགས་ནས
སྐད་ཆ་ནང་དུ་བཏབ་པ་རེག་བྱ་སྟོང་ཁྲག་དུ་མ་རེད

ཆ་ཡོད་ཀྱི་སྐད་ཆས་སེམས་ངོ་འཕྲོད་པར་བྱེད
ངོ་འཕྲོད་པའི་བདེ་སྡུག་ཐམས་ཅད
གཙང་བོ་རླབས་ཀྱི་རི་མོ་ལས་ཕྱི་ལ་བུད་པའི
མདུད་པ་དགུ་དང་དགུ་ཡི་བར་ནས
བརྩེ་དུང་གི་མིག་མདངས་དགོད

‘‘དེ་དུས་ང་ཚོ་ལོ་ཆུང’’
དེ་དུས་ང་ཚོ་ལང་ཚོ་ནང་དུ་གྲུབ་ཡོད་པས


ང་ཚོས་རང་ཉིད་ལས་ཤེས་མི་སྲིད།
                 ཇོ་བོ་ལ་ཞུ་བ།

ང་རང་རྒྱང་རིང་པོ་ནས་ཁྱེད་ཀྱི་མདུན་དུ་ཡོང་བ་ཡིན
ཁྱེད་སྐུ་ཁམས་བདེ་མོར་གནས་སམ
ངས་ཁྱེད་ཀྱི་ཞལ་གདོང་ལ་ཡུན་རིང་ཅེར་ཏེ
མིག་འཛུམ་མི་ཐུབ་པའི་ངའི་ཚུགས་ཀས
རང་ཉིད་ལ་དངངས་འཚུབ་གཅིག་བསླངས་སོང
སེམས་པའི་ཕྱི་ནང་ནས་རྒྱང་ལ་འཕུར་བའི་བྱ་ཁྱུ་དག
ཁྱེད་ཀྱི་གསེར་ཏོག་གི་འོད་སྣང་ལ་འདྲེས་ནས་ཡུན་རིང་ཡིན
དེ་རིང་དངོས་སུ་ཁྱེད་ལ་མཇལ་དར་ཕུལ་དུས
ང་ལ་དངངས་འཚུབ་ཆེན་པོ་བསླངས་སོང
དངངས་འཚུབ་དེས་ང་ལ་ཅི་ཞིག་གསལ་བཤད་བྱེད་པ་ལྟར
ཉི་མ་ལྷ་ས་དྲན་པའི་ཉིན་ཞག་ཐམས་ཅད
དུས་ཚོད་སྐད་ཅིག་མའི་ལོངས་སྤྱོད་དུ་གྱུར།
    ཞེས་སྒ་ཇོ་བོའི་སྐུ་མདུན་ནས་མིང་བཏགས་ཤིང་ཡུལ་ཤུལ་མཇུག་གྲུབ།

                      རྩོམ་སྒྲིག་པ། བསམ་འགྲུབ་རྒྱལ།