ཨང་རྟགས་ཉེར་དགུ་བ།

    རྩོམ་པ་པོ། སྒྲོལ་བྱེད།


ཨང་རྟགས་ཉེར་དགུ་བ།


                     སྒྲོལ་བྱེད།

ང་ཡི་མིག་ཟུང་ཁྲོམ་པ་སྟོང་བ་ཞིག་ཏུ་ལྷུང་ཡོད་པ
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག
ངས་དེ་ལས་ནམ་མཁའ་གཅིག་པུ་ལས་ཅི་ཡང་མི་མཐོང་བའང
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག
 
ང་ཡི་ལག་ཟུང་སྡོང་སྐམ་ཅིག་གི་ཡལ་གའི་བསྐྱོར་ཡོད་པ
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག
ངས་ཡལ་ག་དེ་ཡིས
ཁྱོད་ལ་ཡིད་འོང་གི་ལྗོན་པ་ཞིག་བཞེངས་མི་ནུས་པའང
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག
 
མཚན་མོའི་གཏིང་གི་ཁ་བ་དང
ཁ་བའི་སྟེང་གི་གྲང་རེག་ང་ཡིན་པའང
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག
 
མདོར་དེད་ན
ང་ལ་ཅི་ཡང་མེད་པའང
ཁྱོད་ཀྱིས་ཤེས་ཀྱིན་མི་འདུག


ཨ་མ།

 
དུས་ཚོད་ཀྱིས་ཚེ་རབས་གཅིག་གི་རུམ་ནང་བསློགས་ཏེ
ལོ་ཟླ་མང་པོ་མང་པོ་ཞིག་ཁྱེར་སོང
 
དེའི་རྗེས
ཁྱོད་རང་ན་ཚོད་ཡོལ་བའི་སྐྱེད་ཚལ་མཐའ་མར་ལོག་སྟེ
རྒས་ཉམས་ཀྱི་དུས་ཚིགས་མེ་ལོང་ཞིག་གི་ཞིང་དུ་ཕུལ
 
ཨ་མ
ཁྱོད་ཀྱི་ལག་པ་ནི་བྱང་ཆུབ་ལྗོན་པ་དང་འདྲ་སྟེ
ལྷོད་ཡངས་བའི་གྲིབ་བསིལ་གྱི་བདེ་སྣང་གིས
ང་ལ་བྱིལ་བྱིལ་གནང་ཡོད
             ༢༠༡༨  ༨  ༢༩
 

ནམ་ཞིག
 
ནམ་ཞིག
ང་ཡི་ཁང་མིག་གི་ཡོལ་བའི་ངོས་སུ་ཞོགས་པ་མ་བསླེབས་ཚེ
ང་རང་དུས་ཚོད་དེ་ཉིད་ཀྱི་ཤུལ་དུ་ལྕེབས་ཏེ
སྡིག་སྒྲིབ་མི་དག་པའི་ལག་པ་བསྲིངས་ནས
འཆི་བའི་ངོ་བོར་ཐུག་པ་ཡིན
 
nz    gnsl
ཁྱོད་ཀྱིས་ང་ཡི་རྙིང་རུལ་གྱི་སེམས་པ་གཤགས་ཏེ
རང་གི་ལུས་སྟེང་གི་སྟོན་མཇུག་བཀབ་ནས
ང་ལ་ཆེས་ཡིད་འོང་གི་སྐྱེལ་མ་ཞུ་རོགས
                 ༢༠༡༩   ༢   ༢༡
 

མི་ཟིན་པ་དག
                                                                                                                  
ཁྱེད་ཀྱིས་ང་ཡི་ལག་མཐིལ་དུ་སྨག་རུམ་བཅུས་ནས་ཅི་བྱ
ཁྱེད་ཀྱི་བོར་སོང་བ་དག
ངས་དུས་ཚོད་ཀྱི་སྣོད་དུ་གཅུད་དེ
ལས་ཀྱི་འབབ་ཚུགས་ཐ་མར་བཞག་ཡོད
 
ཁྱེད་ཀྱིས་ང་ལ་མངག་བཅོལ་གང་ཡང་མི་བྱ་བར་ཞུ
ངས་རང་གི་སྟོང་བསམ་གྱི་བོར་དངོས་དག་པང་དུ་བླངས་ནས
འཕྲིན་པའི་གཏིང་གི་འཁྱག་རོམ་ལ་ཕུལ་ཟིན
  
ཁྱེད་ཉིད་ཕྱིར་འཁོར་དང
ངས་ཁྱེད་ལ་བདེ་མོའང་བཞག་ཟིན
                ༢༠༡༩   ༧   ༡༢
 

རང་ཉིད་ལ་ཕུལ་བ།
 
ངས་རང་ཉིད་གྲིབ་མ་བཞིན་ཆ་གཉིས་སུ་ཡལ་བ་མཐོང་ནུས
 
གཅིག་གིས་དུས་ཚོད་ཀྱི་སྲང་ལམ་ཕྱགས་ནས
འགྲུལ་བཞུད་ཀྱི་སྙིང་བོ་གླུ་རུ་འགུག
 
གཅིག་ནི་ཁང་སྟོང་ཞིག་གི་སྒོར་འགྲེང་སྟེ
གྱེས་བྲལ་ཀྱི་སེམས་བྱུང་ཁོ་ནར་ཚེ་སྲོག་གི་འགྲེལ་བཤད་བྱས
                   ༢༠༡༨    ༡༢    ༢༩


                                 རྩོམ་སྒྲིག་པ། མྱི་གསར་བ།