རྨི་ལམ་ནང་གི་རྟ་ཁྱུ།

    རྩོམ་པ་པོ། གྲུ་ཆར།


རྨི་ལམ་ནང་གི་རྟ་ཁྱུ།

              གྲུ་ཆར།  ཡུལ་ཤུལ།


རྨི་ལམ་ནང་དུ་རྟ་ཁྱུ་སྣ་ཚོགས་པ་ཞིག་བཤར།

རྒྱུད་སྐུད་ཆད་པའི་དབྱངས་རྟས་ཁེར་རྐྱང་གི་ཉི་ནུབ་སྟོན།

དུས་ཚོད་ཀྱིས་ཕྱིར་འཐེན་མི་ཐུབ་པའི་ངང་སྒུག་ཁྲོད།

 
ཅི་ཙམ་ཆར་ཞོད་ཆེ་བའི་རྒྱང་རིང་གི་ལོག་ཕེབས་དྲན་ན་ཡང་།

འགྲུལ་བཞུད་གྱི་ས་ཚིགས་རེ་རེ་ནི།

ནང་དོན་མི་གསལ་བའི་གཞས་གདངས་འཁྱག་པ་ཞིག་དང་འདྲ་བོར་འདུག

 
གཞས་གདངས་དེའི་གོ་རིམ་ཧྲིལ་པོའི་ངོས་སུ།

ཤིན་ཏུ་ལྷོད་ཆགས་པའི་དབྱངས་འགྲོས་དང་།

འོ་དོད་འཚེར་ན་ཡང་།


འུ་ཚོའི་རྐང་རྗེས་རེ་རེ་ནི།

གཞས་གདངས་དེའི་མཐིལ་དུ་ཡོད་པའི།

ཚེ་གང་བོར་དཀྲོལ་ཐབས་བྲལ་བའི།

ཤིན་ཏུ་འཁྱག་པའི་དགུན་ཁ་ཞིག་ཏུ་འགྱུར།


དབྱངས་ཅན།  དབྱངས་ཅན།  དབྱངས་ཅན། 

 
རླུང་གཡུགས་སོང་།

རླུང་ཁྲོད་དུ་ལུས་པའི་རྡུལ་ཕྲན་རེ་རེས།

ང་ཡི་མིག་ཟུང་གི་རྒྱུ་ཕྱོགས་བཀག་སོང་།

དབྱངས་ཅན།   དབྱངས་ཅན།

ལོ་འདི་ཚོ་ཁྱེད་རང་ཕྱིར་ཕ་ཡུལ་དུ་ཡོང་བའི་ལམ་ཁར་ཨེ་ཡོད།


རླུང་ལྡང་མཚམས་བཞག་སྟེ།

ང་ཡི་མིག་ལམ་དུ་འཚངས་བའི་བྱེ་རྡུལ་དག་ཀྱང་།

བར་མེད་དུ་ཡལ་སོང་།

དབྱངས་ཅན།  དབྱངས་ཅན།

ངའི་མིག་ལམ་དུ་ད་དུང་ཁྱོད་ཀྱི་ཡིད་བརྙན་འཆར་དུ་མེད་པ་ག་རེ་ཡིན་ནམ།


དབྱངས་ཅན།  དབྱངས་ཅན།

གྲོང་ཁྱེར་འདི་རུ་དབྱར་དགུན་མེད་པར་བུ་ཡུག་འཚུབས།

ཉིན་མཚན་གང་བོར་ཐལ་རྡུལ་འཁྲིགས་ཏེ།

མི་རྣམས་ལ་སྐྱོ་གདུང་གི་མུན་པ་རབ་ཏུ་མཐུག
དབྱངས་ཅན།   དབྱངས་ཅན།

ལོ་འདི་ཚོ་ཁྱོད་རང་མ་ཡོད་པས་ཡིན་ནམ།


གྱེས་བྲལ་ནི་ཅི་ཞིག་རེད།

རྒྱས་སྤྲོས་ཀྱང་ཅི་ཞིག་རེད།

འཚོ་བ་ཡང་ཅི་ཞིག་རེད།

དབྱངས་ཅན།  དབྱངས་ཅན།

འདི་དག་མེད་ན།

ཁྱོད་རང་མེད་པ་ཡིན་ནམ།


འཇིག་རྟེན་འདི་ཉིད་ནང་སེམས།

འཁྱག་པ་ཞིག་དང་འདྲ་བར་ཤིན་ཏུ་དུབ་ཀྱང་།

འཚོ་བའི་ཁྲོད་དུ་རང་སེམས་རྟོགས་མཁན་ཞིག

ཡོད་ཀྱང་རུང་ལ་མེད་ཀྱང་རུང་།


དབྱངས་ཅན།  དབྱངས་ཅན།

ཁྱོད་རང་ངའི་སེམས་ཀྱི་ལྷ་སར་ཕྱིར་ཕེབས་དང་།

རྡོ་བ་ཞིག་དང་འདྲ་བའི་ཐང་སྟོང་ནས།


དབྱངས་ཅན།  དབྱངས་ཅན།

འུ་གཉིས་ཀྱིས་ཡིད་དུ་འོང་བའི་ནམ་མཁར་ལྟ།

རྫོགས་པ་མེད་པའི་འཆར་ཡན་མྱོང་།

འཆར་གཞི་མེད་པའི་རྨི་ལམ་གཏང་།

གོ་རིམ་མེད་པའི་འཚོ་བ་རོལ།
 

འཆི་བའི་ཡུལ།

                   འཆི་ལམ་དུ་ཆས་སོང་བའི་ནུ་མོ་ཞིག་ལ་སྦྱར།

ཁྱོད་སོང་རྗེས་ཀྱི་མི་ཡུལ་ཁམས་ཀྱི་ཉམ་ཉེས་དང་།

ཁྱོད་ཉིད་འདྲིས་ཤིང་འགྲོགས་པའི་བྱ་དངོས་ཇི་བཞིན་གྱི་སྣ།

མི་སྣ་དེ་དག་དང་ཁྱེད་ཚོའི་བར་གྱི་མཛའ་བརྩེ་ལམ་ཡིག

ཤིན་ཏུ་འཁྱག་པའི་ཕ་ཡུལ་དང་ཕ་ཡུལ་གྱི་ཁ་བ་དཀར་ནག

མཚོན་དུ་མེད་པའི་ནང་སེམས་ཀྱི་འཁང་ར་དང་ན་ཟུག་དེ་དག

ངས་ཁྱོད་ལ་འཕྲིན་ཡིག་ཅིག་གི་ཚུལ་དུ་ཅི་ཡང་སྐུར་ཐབས་མི་འདུག་པས།

 

འཆི་བའི་ཡུལ་དུ་ཡིད་འོང་གི་གཟུགས་འདུག་གམ།

སྙན་ཞིང་འཇེབས་པའི་དབྱངས་རྟ་དང་ང་རོ་འདུག་གམ།

འཇམ་རྩུབ་ཀྱི་ངོ་བོར་གྱུར་པའི་རེག་བྱའི་མྱོང་ཚོར་འདུག་གམ།

མི་ཡུལ་ནང་བཞིན་དུ་འཆི་བ་ཟེར་བ་འདིའང་ཤིན་ཏུ་མྱ་ངན་མོད་ས་ཞིག་ཨེ་རེད།
                                རྩོམ་སྒྲིག་པ། འཕགས་མི།