མི་སེམས་ཀྱི་དཔྱིད་ཀ

    རྩོམ་པ་པོ། ངར་ལྕིབས།


མི་སེམས་ཀྱི་དཔྱིད་ཀ
དང་པོ། 

 

                     ངར་ལྕིབས།


 

རླུང་ནང་གི་ཉི་འོད་ལ་འཕྲད་པ

རྩྭ་ཐང་མ་རེད

སེམས་ཀྱི་ལྗང་མདོག་རེད

སོ་སོའི་སྣང་སྟོང་གི་ཡིད་དུ་འོང་བ་རེད

མཛེས་སྡུག་ནི་སེམས་ནང་གི་སྣང་ཚོར་ཡིན་པ་ཇི་བཞིན་རེད
 

གཉིད་ལས་མ་ཡོལ་བའི་རྨི་ལམ་དེ

ཕྱི་རོལ་ཏུ་འོང་ཐབས་མི་འདུག་པས

ང་རང་ཆེས་སྡུག་པའི་རྨི་ལམ་དེར་ཚེ་འཕོས་ན་འདོད

 

མི་སེམས་ཀྱི་དཔྱིད་ཀ་འདིར

ང་ནི་སེམས་ཀྱིས་ཕྱུག་པའི་སྡོང་བོ་ཞིག་ཡིན

ཡལ་ག་རླུང་གིས་བསྒུལ་བྱུང་ནའང

འདབ་མ་ཆར་བས་བརླན་བྱུང་ནའང

ང་ཡིས་རྔམ་འཇིགས་མ་དོད་པའི་ཚུགས་ཀ་དང་བཅས་ཏེ་འགྲེངས

                  ༢༠༡༩. ༠༤. ༠༦

 

མི་སེམས་ཀྱི་དཔྱིད་ཀ གཉིས་པ། 

 

ཁྱོད་ཀྱི་པང་ལ་ལོ་ཟླས་གཞས་ཤིག་བཏང་རྗེས

སྐྱེ་འཆི་བྲལ་བའི་ཚེ་སྲོག་གི་དཔྱིད་ཀ་བཞད་སོང

 

སུའང་གཉིད་ལས་སད་ཐབས་མེད་དུས

སྒེའུ་ཁུང་གི་ཕྱི་རོལ་ཏུ་ཆར་བ་འབབ་བཞིན་འདུག

 

རྩྭ་ཐང་གི་རླུང་བུ་མི་འཇགས་པར

ཆུ་ཕྲན་གྱི་བཞུར་སྒྲ་མི་ཆད་པར

ད་དུང་ཆར་བ་དང་མེ་ཏོག་གི་མགོ་ལྕོགས་དེ་དག

ངའི་ཕྱོགས་ཀུན་ནས་མི་སེམས་ཀྱི་དཔྱིད་ཀར་ལྷུང་བ་ན

ཇི་ལྟར་སྙམ་རུང ང་ཡིས་སེམས་པ་ནང་དུ་སྦས་ཐབས་མ་བྱུང

 

ང་ཡི་རྡོག་སྒྲ་དང་འཁུན་སྒྲ་བོར་སོང་རྗེས

ཁྱེད་ཀྱི་རྒྱབ་གཟུགས་ཁྲོད་ནས

ང་ནི་འཕུར་གྱིན་པར་ཚོར
 

མི་རྣམས་རང་རང་གི་ལས་ཀྱིས་བཀར་བས

དཔྱིད་ཀ་གཏིང་ནས་དྲན་གྱི་མེད་པ་འདྲ

              ༢༠༡༩. ༠༦. ༡༠
                   
རྩོམ་སྒྲིག་པ། འཕགས་མི།