རས་པའི་འཁར་བ།

    ཐོ་ཡིས་སྦྱར།


རས་པའི་འཁར་བ།

               
  ཐོ་ཡིས་སྦྱར། 


          ༡

ཕུ་རི་བོའི་རྩེ་མོར་ཡར་ལ་བལྟས།།

ཁངས་འདབ་དྲུག་ཟམ་ཟིམ་འབབ་ཙ་ན།།

བྱ་བྱིའུ་འཕུར་ལམ་ཅི་འདྲ་འདུག།

ཤྭ་ཡུ་མོའི་ལས་དབང་ག་འདྲ་རེད།།

གོས་རས་རྐྱང་མནབས་པའི་དྲང་སྲོང་ལགས།།

སྙིང་རྗེའི་མཆི་མ་མི་འཐོར་རམ།།

བྱམས་དུངས་ཀྱི་མཆོད་མེ་བསྒྲོན་དང་ཀྱེ།།

 

སེམས་འོད་གསལ་སྒོམ་པའི་རྣལ་འབྱོར་པ།།

ཆོས་ཉིད་ཀྱི་གཤིས་ལ་འཁྱུད་འཁྱུད་ནས།།

མགུར་འཐེན་ན་གཙང་ཆེན་འབབ་པ་འདྲ།།

ཁོ་ཐག་ནང་ནས་ཆོད་དམ་ཅི།།

བློ་ངེས་འབྱུང་གིས་བསྐུལ་བའི་རས་པ་ཆེ།།

གཞིས་བྲག་ཕུག་ནང་དུ་སྐྱིད་ཉལ་བྱེད།།

ཕ་བླ་མ་དྲན་པའི་ཆོ་ངེ་འདོན།།

རོགས་ཆུང་འདྲིས་བསམ་ན་ཡི་མུག་སྐྱེ།།

ཞེ་སྨྲེང་བའི་དབྱངས་ཆུང་བླངས་བླངས་ནས།།

ཕུ་གཙང་ཆབ་བཞུར་བའི་གདངས་ལ་འདྲེས།།

 

དྲིན་ཕ་མ་བརྗེད་ནས་གང་ཙམ་སོང་།།

ཉིན་ཟས་ཐུན་བཅད་ནས་ཅི་ཙམ་འགོར།།

བློ་ཕུགས་ཆོས་ཀྱིས་དྲོས་ཙམ་ན།།

རྨི་ལམ་ལ་འགྲེལ་བཤད་མེད་དོ་ཟེར།།

ས་གར་འགྲོ་གཏད་སོ་མེད་དོ་ཟེར།།

ལྕག་བེར་ཀ་བཟུང་བའི་རྒན་པོ་དེ།།

གོས་རས་རྐྱང་གྱོན་ཅིང་གླུ་ཆུང་ལེན།།

དགའ་དུས་ཉམས་དང་རྟོགས་པའི་གླུ།།

སེམས་ཅན་ཡི་ག་བྱེད་ལེ་ལེན།།

སྡུག་དུས་བླ་མ་དྲན་པའི་གླུ།།

ལུས་བ་སྤུ་ལྡང་ལེ་མི་ལེན་རེ།།

 

ཁྱོད་གངས་སྟོད་འགྲིམས་དུས་སེང་གེ་འདྲ།།

གངས་སེང་གེས་དོ་ཡ་ཡོང་རབས་མེད།།

ལ་ཕྱི་གངས་ཀྱི་རི་བོ་རུ།།

རྩལ་གྲུབ་རྟགས་ཀྱི་ཉི་ཟླ་རང་བྱུང་རེད།།

ཁྱེད་རྫ་ལམ་འགྲིམ་དུས་བྲེ་སེར་འབྲོང་།།

འབྲོང་དར་མས་རྩེད་ཡ་ལོས་ཡིན་ཏེ།།

རི་ཏི་སེའི་ལ་མོ་བརྒལ་དུས་ན།།

རྡོ་ཕ་བོང་ངོས་སུ་རྐང་རྗེས་ཕབས།།

རོགས་ན་ཟླ་ཞེ་སེམས་དམའ་ལེ་བྱས།།

 

མདའ་གཙང་ཆེན་བརྒལ་ན་བྱ་དང་འདྲ།།

བྱ་རྒོད་པོས་དོ་ཡ་ཡོང་རབས་མེད།།

ནང་རླུང་སེམས་ཀྱི་རང་དབང་ཐོབ་ཙ་ན།།

ཆོས་སྟོང་ཉིད་ཀྱི་དབྱིངས་སུ་འཕུར་འཕུར་ནས།།

ཕྱི་འཇིག་རྟེན་གྱི་ལྟད་མོ་ཅི་ཡང་མཐོང་།།

ནང་ཡིད་སེམས་ཀྱི་ལྗོངས་རྒྱུ་མཐོ་ཙམ་གདའ།།

དད་འདུན་གྱི་མེ་ཏོག་ཁྱེད་ལ་བཏེགས།།

           

          ༢

ཤིང་ཤུ་གུའི་རྩེ་མོ་ཡར་ལ་ཟུག།

བྲག་དཀར་ཆུང་གི་ཡོལ་བ་མཐའ་ནས་བརྒྱན།།

བྱ་འཇོལ་མོའི་གྲེ་བ་དབྱངས་ཀྱིས་ཁེངས།།

ཉིན་རི་ཉི་ཁུག་དྲོ་ས་ན།།

དྲང་སྲོང་དགུང་ལོ་བགྲེས་པོ་ཞིག།

སྐུ་ལ་དར་རས་སིལ་འཇམ་མནབས།།

ཞལ་འཛུམ་པའི་མེ་ཏོག་བཞད་པ་ལ།།

སྙིང་རྗེའི་སྦྲང་མ་འཕུར་ཞིང་ལྡིང་།།

ཉི་མར་གཟིགས་ཏེ་མགུར་ཞིག་འཐེན།།

འདུ་བྲལ་སྒྱུ་མའི་དཔེ་ཞིག་བཞག།།

འདུག་ལོང་མེད་ཅིང་འགྲོ་དགོས་ཟེར།།

སེམས་ཀྱི་རྒྱལ་ཁམས་བསྐོར་དགོས་ཟེར།།

ཚེ་ལ་ངེས་པ་མེད་དོ་ཟེར།།

དགུང་ལ་མོ་བརྒྱབ་ནས་བྱོན་སོང་ངོ་།།

 

       ༣

རི་མཐོ་པོ་དེ་ཡི་ཉག་ག་ན།།

སྤང་གོར་མོ་མེ་ལོང་ལེབ་གཅིག་གདའ།།

སུར་དཀར་གྱི་དྲི་བསུང་འཐུལ་བ་དང་།།

ཆར་ཟམ་ཟིམ་འབབ་ཅིང་ཉི་འོད་འཕྲོ།།

བྱ་བྱིའུས་དབྱངས་ཀྱི་གྲེ་བ་ལྷོད།།

ཤིང་སྤེན་ཆུང་དེ་ཡི་འོག་རོལ་དུ།།

རི་ལ་བྲོས་པའི་རྣལ་འབྱོར་པ།།

ཞེ་སྨྲེང་བའི་མིག་ཟུངས་རྒྱང་ལ་གཏད།།

ལྷོ་གྲོ་བོ་ལུང་གི་ཕྱོགས་སུ་གཟིགས།།

ཕ་བླ་མ་དྲན་པའི་མགུར་ཞིག་འཐེན།།

སྤྱན་ཆབ་ཀྱི་ཕྲེང་ཐག་ས་རུ་གཏོར།།

སྤྲིན་དཀར་ལུ་བྱང་དུ་བཞུད་པ་དང་།།

ནང་ཡིད་སེམས་སྐྱོ་བའི་ན་བུན་ལྡང་།།

དགུང་ཉི་མས་ནུབ་རིའི་རྩེ་མོ་ནས།།

སེམས་གསོ་བའི་གཞས་ཆུང་ཡང་ཡང་བླངས།།

ཕོ་རྒོད་པོ་མི་ལ་རས་པ་ཉིད།།

ལ་ལུང་པ་བརྒལ་ནས་བྱོན་སོང་ངོ་།།
       ༢༠༡༩/༤/༥  

 

དཔའ་བོ་མཐུ་ཆེན།

 

ཕྱག་ཆེན་གདམས་པའི་རང་སེམས་གསོས་པས།།

སྣང་བའི་མེ་ཏོག་འདབ་མ་གྲོལ་བྱུང་།།

མགུར་ཆུང་སྙན་མོ་དབྱངས་ལ་བརྒྱུས་ཡོད།།

བྲག་དཀར་རྟ་སོའི་ཉི་འོད་ཀློང་དུ།།

འོད་གསལ་གཉིད་ཀྱི་རྨི་ལམ་རིང་མོ།།

ཏིང་འཛིན་བདེ་བའི་གར་ལ་རོལ་ཞིང་།།

འབྱོར་མེད་སྤྲང་འཁྱམས་སྐྱིད་པོ་ཡིན་ཟེར།།

 

 

གུང་ཐང་ལ་ཁའི་སྦྲང་ཆར་སིལ་མ།།

གྲོད་བོ་ལུང་གི་སྤྲིན་དཀར་ཚོམ་བུ།།

ངེས་འབྱུང་ཤེལ་དཀར་འོད་དུ་འཚེར་ཞིང་།།

རྟོགས་པའི་མགུར་མས་རང་སེམས་གསོ་བའི།།

འཇིག་རྟེན་སྒྱུ་མའི་ཐང་ཆེན་དཀྱིལ་དུ།།

བྱམས་བརྩེའི་ཆུ་ཐིག་འགྲོ་ལ་བསྩོལ་བའི།།

རྒྱལ་ཁམས་བསྐོར་བའི་རས་པ་སྐྱིད་དོ།

 

རྩ་རྔ་སྐྱ་ཡི་སྒྱུ་མའི་སློ་དཔོན།།

གྲོ་བོ་ལུང་གི་མར་པ་ལོ་ཙྭ།།

བྱམས་བརྩེའི་ཐུགས་མཚོ་ཀློང་ན་བཞུགས་པའི།།

ཡུམ་ཆེན་བདག་མེད་སྐྱོ་བའི་སྐྱོ་རོགས།།

ཆུང་འདྲིས་བྱམས་པ་སྙིང་གི་ཐིག་ལེ།།

མཛེས་སེའི་པད་ཞལ་ཡིད་ཀྱི་འཁོར་ཕྱོགས།།

བརྩེ་དུང་བསྙལ་བའི་དཔའ་བོ་མཐུ་ཆེན།།

རང་ཡུལ་ཕྱོགས་སུ་སྤྱན་གྱིས་གཟིགས་དང་།།
       ༢༠༡༨/༣/༡༠ ཉིན།  མུ་འགོད།

 

ཡིད་བྲིས་དགའ་ལྡན་ཆུ་འཛིན་ཞིང་།།

མགུར་ཆུང་ནང་གི་གྲོ་བོ་ལོད།།

དགའ་སྐྱོའི་ཆུ་མིག་འཁྱིལ་བའི་གནས།།

ཚོར་བའི་མེ་ཏོག་བཞད་ས་ཡིན།།

 

མར་པ་ཆོས་ཀྱི་རྒྱལ་པོ་ལགས།།

ཏིང་འཛིན་ཀློང་དུ་ཕེབས་པ་ཨིན།།

དབུ་མ་རྫོང་གི་རྫོང་རྩེ་ན།།

ཞི་བའི་ཟླ་འོད་བསིལ་ལམ་ཅི།

 

རས་རྐྱང་རླུང་བུས་སྡེབ་པ་ལས།།

སྐྱོ་བའི་གཉེར་མ་བཞད་དམ་ཅི།།

བདག་འཛིན་གསེར་གྱི་ཁང་བཟང་དུ།།

ཞག་རེ་ཞག་གཉིས་མི་བཞུགས་སམ།།

 

ལྷོ་མཐའི་ཆུ་འཛིན་འཁྱིལ་བའི་འོག།།

སྙིང་སྡུག་ཡོད་པས་ཨེ་ཡིན་ནམ།།

ཞེན་ཆགས་དངུལ་གྱི་ཐིག་ལེ་དག།

སྦྲང་ཆར་ཟོལ་གྱིས་འབབ་དོན་ཅི།།

         ༢༠༡༨/༤/༡༩  ཉིན།

 

ཡུལ་ལ་ཕྱི་གངས་ཀྱི་རི་བོ་རུ།།

ཏིང་འཛིན་གྱི་མྱུ་གུ་སྨིན་པ་ན།།

ངེས་འབྱུང་གི་ཉི་འོད་བསིལ་བ་ན།།

འབྲོང་བྲེ་སེ་རྫ་ལམ་འགྲིམས་པ་བཞིན།།

བུ་མི་ལ་གྲོང་ནས་སོང་བ་ཡི།།

དོན་དེ་ཕྱིར་མཛེས་སེ་གཤིས་བཟང་མ།།

ཞེ་སྐྱོ་བ་གཏིང་ནས་ཨེ་སྐྱེ་ལགས།།

 

ཆུ་གཙང་པོ་ལྡམ་མེ་ལྡེམ་མེ་བཞུར།།

མགུར་སྙན་མོ་ལུང་པའི་ཕུ་ནས་གྲག།

གནས་བྲག་དཀར་རྟ་སོའི་དབེན་ཁྲོད་དུ།།

དགའ་སྐྱིད་ཀྱི་གླུ་ཆུང་འཛད་པ་མེད།།

རེ་དོགས་ཀྱི་ཡོལ་བ་ཕྱེས་པ་ན།།

དགུན་ཁ་བ་བུ་ཡུག་འཚུབ་ཀྱང་རུང་།།

ཉམས་རྟོགས་ཀྱི་མེ་ཕུང་ཨ་རེ་ཆེ།།

བུ་མཐུ་ཆེན་ཞེ་རྩ་དྲོད་ཀྱིས་གཏམ།།

       ༢༠༡༨/༤/༢༧ ཉིན།  མུ་འགོད།

 

 སྐུད་པ་ཆད་པའི་ཤོག་བྱ།
 

ཤོག་བྱ་གནམ་མཐར་འཕུར་བ་བཞིན།།

ཟླ་བ་མཁའ་ལ་འཕགས་པ་བཞིན།།

སྤྲིན་དཀར་དཀར་རླུང་བུས་གཏོར་བ་བཞིན།།

རྨི་ལམ་ནང་གི་ཡུ་མོ་ཨེ།།

འཁོར་བའི་གྲོང་ནས་མ་བྲོས་དང་།།

ང་ནི་སྦྲང་མའི་ལུས་བླངས་ཏེ།།

ཞིམ་པའི་སྦྲང་བརྩི་ཁྱོད་ལ་སྟེར།།

རྣ་བར་སིམ་པའི་འཕྲད་གླིང་དེ།།

དུང་སེམས་ཀློང་ནས་ཁྱེད་ལ་འབུད།།

 

ཉི་མ་ཕར་ཕར་བྱོན་ཤུལ་དུ།།

ཆུ་མོ་མར་མར་བཞུད་ཤུལ་དུ།།

རླུང་བུ་ཡང་ཡང་ལྡང་ཤུལ་དུ།།

དགུང་གི་གླང་བྱིའུ་འཕུར་ཤུལ་དུ།།

རྫི་བོས་ནོག་ནག་དེད་ཤུལ་ན།།

ཁ་བ་ངེས་མེད་འཚུབ་པ་དང་།།

མུན་པ་ཡང་ནས་བསྐྱར་དུ་འཁྲིགས།

ང་ཡི་ལས་ཀྱི་སྣེ་མོ་ན།།

ཁྱེད་རང་མེ་ཏོག་ཚུལ་དུ་བཞད།།

དྲན་པ་འདི་ཡི་གཏིངས་རུམ་ན།།

ཁྱོད་རང་ཞོགས་པའི་སྨུག་རླངས་བཞིན།།

བྲང་ཁོག་དཀྱིལ་དུ་ཡང་ཡང་འཕྱོ།།

       2019/3/26. མགྱོགས་བྲིས།

                རྩོམ་སྒྲིག་པ། མྱི་གསར་བ།