དཔེ་དེ་བཞིན་མི་རྟག་འཆི་བ་འོང་།

    མཛད་པ་པོ་མི་གསལ།


དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

                     ཐོས་གྲོལ་ལས་བཏུས། མཛད་པ་པོ་མི་གསལ།


ཤར་རི་བོ་སྤང་མཐོང་རྩེ་མོ་ན།།

ཁྲི་གདུགས་ཀྱི་ཉི་མ་དགོང་ལ་ཤར།།

དེ་མི་སྡོད་ནུབ་རིའི་རྩེ་ལ་སྙེགས།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།
 

དབྱར་མཁའ་ལ་སྤྲིན་སྔོན་ལང་ལོང་འཁྲིགས།།

སྦྲང་ཆར་གྱིས་ཐིག་པ་འབབ་ལ་ཁད།།

རླུང་དམར་ནག་འཚུབ་མའི་ཕྱོགས་བཅུར་གཏོར།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

སྟེང་སྒྲ་དབྱངས་སྒྲོགས་པའི་གཡུ་འབྲུག་དང་།།

བར་གསུང་སྙན་སྒྲོགས་པའི་ཁུ་བྱུག་སོགས།།

དུས་ཡལ་ཡོལ་གར་སོང་ཆ་མེད་ཐལ།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

ཤིང་ལྗོན་པ་འདབ་རྒྱས་ལོ་འདབ་རྒྱས།།

སྨིན་ལེགས་པའི་འབྲས་བུ་ཕུང་ཕུང་འཁྲིགས།།

མཐར་གཅིག་ཀྱང་མི་སྡོད་ས་ལ་འཐོར།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

དབྱར་ས་ལ་དྲོད་ལྷུང་རྩི་ཐོག་རྒྱས།།

ཟླ་སྔ་ཕྱི་ཙམ་གྱིས་དེ་མི་རྟག 

དགུན་ཁངས་ཆར་བུ་ཡུག་གྲངས་བའི་སྐྱོང་།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

དཔྱིད་དྲོད་གཤེར་དུས་སུ་འཛོམས་པ་ནས།།

ལོ་ཡངས་པའི་སྙེ་མ་གཡུ་ཡི་མདོག 

སྟོན་ཐ་མ་ཞིང་སྟོང་སྐྱ་བོར་སོང་།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

ཐང་ཡངས་མོ་དཔལ་མོ་ཐང་གི་དབུས།།

ཕྱོགས་མགྲོན་པོ་གུར་གྲལ་སྐར་མ་འདྲ།།

དུས་དོ་ནུབ་བཀྲ་ཡང་ནང་བར་ཡལ།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།

 

ཕོ་རྒོད་པོ་ཕྱིས་ཀྱི་སོ་ཆས་ཅན།།

ལོ་ཟླ་བ་སྟེང་མའི་དགྲ་ཤོམ་བྱེད།།

ཟས་ཟ་འཕྲོ་བཞག་ནས་འཆི་བས་ཁྱེར།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།
 

དུས་ད་ནང་དགྲ་འདུལ་གཉེན་སྐྱོང་བྱེད།།

ཉིན་གོང་ལ་འཆི་བདག་བདུད་ཀྱིས་ཟིན།།

དགོང་ཕྱི་དྲོ་རོ་ཞེས་དུར་ཁྲོད་འདོར།།

དཔེ་དེ་བཞིན་མི་རྟག་འཆི་བ་འོང་།།
               རྩོམ་སྒྲིག་པ། འཕགས་མི།