བྱ་རྒྱལ་རྒོད་པོར་བླངས་བའི་མགུར།

    ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསུངས།


བྱ་རྒྱལ་རྒོད་པོར་བླངས་བའི་མགུར།
ཞར་བཀོད་གཅིག་ཡོད།


                                 ཞབས་དཀར་ཚོགས་དྲུག་རང་གྲོལ།

ཉིན་གཅིག་ནམ་མཁའ་ན་བྱ་རྒྱལ་རྒོད་པོ་གཅིག་གིས་ནམ་འཕང་དགུང་ལ་བསྟོད་པ་མཐོང་ནས་མགུར་འདི་བླངས་སོ།།

ཕྱོགས་བཞི་གཅིག་ལ་འགྲོ་འདོད་ནས། ། 
དགུང་སྔོན་དཀྱིལ་ན་འཁོར་བཞིན་དུ། ། 
ནམ་འཕང་བསྟོད་པའི་བྱ་རྒྱལ་རྒོད། ། 
ཁྱོད་ཀྱིས་ང་ཡི་འཕྲིན་འདི་སྐྱོལ། ། 
ཤར་གྱི་ཕྱོགས་སུ་ཁྱོད་འགྲོ་ན། ། 
ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ། །
མི་རྣམས་འཆི་དུས་ཁྱོད་བྱོན་ལ། ། 
མངོན་པར་དགའ་བར་དྲོངས་ཤིག་གྱིས། ། 
ཤར་ཕྱོགས་ལུས་འཕགས་ཡུལ་གྱི་མི། ། 
གཟུགས་བྱེད་མཛེས་པ་ཚེ་རབས་སྔོན། ། 
བཟོད་པ་བསྒོམས་པའི་འབྲས་བུ་ཡིན། ། 
ད་དུང་བཟོད་པ་སྒོམས་ཤིག་གྱིས། ། 
ལྷོ་ཡི་ཕྱོགས་སུ་ཁྱོད་འགྲོ་ན། ། 
ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ལ། ། 
མི་རྣམས་འཆི་དུས་ཁྱོད་བྱོན་ནས། ། 
དཔལ་དང་ལྡན་པར་དྲོངས་ཤིག་གྱིས། ། 
ལྷོ་ཕྱོགས་འཛམ་བུ་གླིང་བའི་མི། ། 
དགེ་སྡིག་ཤེས་པ་ཚེ་རབས་སྔོན། ། 
ཆོས་ལ་སྦྱངས་པའི་འབྲས་སུ་ཡིན། ། 
ད་དུང་ཆོས་ལ་སྦྱོངས་ཤིག་གྱིས། ། 
ནུབ་ཀྱི་ཕྱོགས་སུ་ཁྱོད་འགྲོ་ན། ། 
ནུབ་ཕྱོགས་སྣང་བ་མཐའ་ཡས་ལ། ། 
མི་རྣམས་འཆི་དུས་ཁྱོད་བྱོན་ནས། ། 
བདེ་བ་ཅན་དུ་དྲོངས་ཤིག་གྱིས། ། 
ནུབ་ཕྱོགས་བ་གླང་སྤྱོད་ཀྱི་མི། ། 
ལོངས་སྤྱོད་ཆེ་བ་ཚེ་རབས་སྔོན། ། 
སྦྱིན་པ་བཏང་བའི་འབྲས་བུ་ཡིན། ། 
ད་དུང་སྦྱིན་པ་ཐོངས་ཤིག་གྱིས། ། 
བྱང་གི་ཕྱོགས་སུ་ཁྱོད་འགྲོ་ན། །
བྱང་ཕྱོགས་དོན་ཡོད་གྲུབ་པ་ལ། ། 
མི་རྣམས་འཆི་དུས་ཁྱོད་བྱོན་ལ། ། 
ལས་རབ་རྫོགས་སུ་དྲོངས་ཤིག་གྱིས། ། 
བྱང་ཕྱོགས་སྒྲ་མི་སྙན་གྱི་མི། ། 
ཚེ་ཐག་རིང་བ་ཚེ་རབས་སྔོན། །     
གཞན་སྲོག་བསྐྱབས་པའི་འབྲས་བུ་ཡིན། ། 
ད་དུང་གཞན་སྲོག་སྐྱོབས་ཤིག་གྱིས། །
ཞེས་བླངས་པའི་ཚེ་ཡར་ཇེ་མཐོ་ཇེ་མཐོར་སོང་ནས།  
ཤར་ཕྱོགས་སུ་འགྲོ་བ་ལ་མིག་གིས་བལྟས་ནས་མཐོང་བ་དང༌། 
ང་ལ་ཡང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་ཡོད་ན་བྱ་རྒོད་ཡ་ཀི་ལྟར།   
ཕྱོགས་བཞིའི་ཞིང་ཁམས་རྣམས་ཡིད་ལ་བྱས་ཏེ་ཕྱོགས་དེ་རྣམས་སུ་ཕྱག་མང་པོ་བཙལ། ། 
ནམ་ཞིག་འཆི་དུས་ཞིང་ཁམས་དེ་དག་ཏུ་འདྲེན་པའི་སྨོན་ལམ་ཡང་བཏབ་བོ། ། 

ཞབས་དཀར་པས་ཤི་བོའི་རྗེས་ཀྱི་གསོན་པོ་དག་ལ་གདམས་པའི་བསླབ་སྟོན།

འགྲོ་བའི་སྡུག་བསྔལ་ཀུན་སེལ་བའི།།
བླ་མ་དཀོན་མཆོག་རིན་པོ་ཆེ།།
ཁྱིམ་པ་སེམས་སྡུག་ཅན་རྣམས་ཀྱི།།
སྡུག་བསྔལ་སངས་པར་བྱིན་གྱིས་རློབས།།
རྒྱལ་ཁམས་འགྲིམས་པའི་བན་རྒན་ངས།།
བུ་གཅིག་ཤི་བའི་ཕ་མ་སོགས།།
སྡུག་བསྔལ་ཅན་ལ་སེམས་གསོ་བྱ།།
དད་ཅན་བསམ་ཤེས་ཕོ་མོས་ཉོན།།
སྔོན་དུས་སངས་རྒྱས་བཅོམ་ལྡན་འདས།།
འཆི་མེད་རྡོ་རྗེའི་སྐུ་བརྙེས་ཀྱང་།།
དགུང་ལོ་བརྒྱད་ཅུར་བཞུགས་པའི་ཚེར།།
སྐུ་དེ་མྱ་ངན་འདས་ཚུལ་བསྟན།།
མཆོག་ཐུན་དངོས་གྲུབ་ཀུན་ཐོབ་པའི།།
རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་།།
བོད་ཀྱི་རྗེ་འབངས་ཉེར་ལྔ་དང་།།
མི་ལ་བློ་བཟང་ཡབ་སྲས་སོགས།།
སྔོན་བྱོན་མཁས་གྲུབ་གནམ་གྱིས་ས།།
བཀབ་པ་ལྟ་བུ་ཐམས་ཅད་ཀྱང་།།
རྟགས་འཛིན་ཅན་རྣམས་ཆོས་བསྐུལ་ཕྱིར།།
སྐུ་དེ་གཤེགས་པའི་ཚུལ་བསྟན་ན།།
རང་རེ་ལྟ་བུ་སྨོས་ཅི་དགོས།།
བོད་ལ་བསྟན་པའི་སྲོལ་བཏོད་པའི།།
ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས།།
རྒྱལ་པོ་བློན་པོ་མཁས་པ་དང་།།
དཔའ་བོ་རི་བྲག་སྟག་འདྲ་བ།།
སྐྱེས་པ་ཐམས་ཅད་ད་ལྟ་མེད།།
སྔོན་ཆད་སྐྱེས་པ་མ་ཤི་བར།།
ཚེ་ཐར་ལུས་པ་གཅིག་ཀྱང་མེད།།
ད་ལྟའི་རྒན་གཞོན་ཕོ་མོ་དང་།།
ཕྱིན་ཆད་སྐྱེས་པ་ཐམས་འཆི།།
སྐྱེས་པ་ཡོད་ན་འཆི་བ་ཡོད།།
སྐྱེས་ནས་མ་ཤི་སེམས་ཅན་མེད།།
འཆི་བ་གཅིག་ལ་བྱུང་བ་མིན།།
སྔ་ཕྱི་ཙམ་གྱི་ཁྱད་མ་གཏོགས།།
མཆོག་དམན་བར་མ་ཀུན་ལ་འབྱུང་།།
མ་སྡུག་ང་མུ་དགེ་བ་གྱིས།།
སྔོན་དུས་སྒྲ་བསྒྱུར་མར་པའི་སྲས།།
ལ་སོགས་ས་ཐོབ་སྐྱེས་བུ་ཡང་།།
གཞོན་དུས་གཤེགས་པའི་ཚུལ་བསྟན་ན།།
འོ་སྐལ་རྣམས་ཚོ་སྨོས་ཅི་དགོས།།

གཟུགས་མཛེས་སྐད་སྙན་སེམས་བཟང་བའི།།
ལྷ་ཕྲུག་འདྲ་བའི་བུ་ཚ་དང་།།
མེ་ཏོག་པདྨ་གསར་བུ་ཁ།།
ཕྱེ་བ་ལྟ་བུའི་བུ་མོ་ཡང་།།
སྔོན་ཆད་གློ་བུར་ཤི་བ་མང་།།
འཛམ་གླིང་ཚེ་ལ་ངེས་པ་མེད།།
བུ་གཅིག་ཤི་བས་མ་ཡིན་ཀྱང་།།
མ་ངུ་འཆི་བ་མགོ་རྔ་མེད།།
ཆེ་བ་དགེ་བཤེས་རྒྱལ་བློན་དང་།།
ཕྱུག་པོ་དབུལ་པོ་ཀུན་གྱི་མགོར།།
རྐྱེན་ངན་མི་འོང་གཅིག་ཀྱང་མེད།།

 སྔ་ཕྱི་བྱས་ནས་ཀུན་ལ་འོང་།།
ཁྱིམ་ཚང་གཅིག་ལ་བྱུང་བ་མིན།།
ཚེ་ཡི་མཐར་ལ་བབས་པའི་ཚེར།།
སྨན་པའི་རྒྱལ་པོ་འཚོ་བྱེད་དང་།།
མཐུ་སྟོབས་བདག་པོ་ཕྱག་རྡོར་དང་།།
འཆི་མེད་དཔལ་སྟེར་ཚེ་དཔག་མེད།།
དངོས་སུ་བྱོན་ཡང་ཕན་མི་ཐོགས།།
སྐུ་རིམ་སྲུང་བ་ཀུན་ངན་ནས།།
ནད་པ་ལག་ནས་ཤོར་བ་མིན།།
མ་ངུ་ངུས་ན་ཤི་བོ་དེ།།
བར་དོའི་སྐབས་ན་གནས་པའི་དུས།།
སྟེང་དུ་རྣག་ཁྲག་ཆར་པ་འབབ།།
ཞག་པོ་བཞི་བཅུ་ཞེ་དགུའི་བར།།
ངུས་ན་ཤི་བོ་ཉིན་རེ་བཞིན།།
སྡུག་བསྔལ་དཔག་ཏུ་མེད་པར་མྱོང་།།
ངུ་བདག་དེ་ཡི་ལུས་ལ་གནོད།།
ཤ་ཞན་མདོག་ཤོར་སྒུར་བོར་འགྱུར།།
མིག་ཆུ་མང་པོ་འདོན་མི་རུང་།།
མིག་ཆུས་མིག་གི་རྩ་ལ་གནོད།།
མིག་ཀྱང་མི་གསལ་རབ་རིབ་འགྱུར།།
མྱ་ངན་བྱས་ན་རྒན་རྒོན་རིགས།།
ཕལ་ཆེར་ངུས་ནས་ཞར་པ་མང་།།
བླ་མ་དགེ་འདུན་བཞུགས་པའི་དུས།།
ངུ་འབོད་བྱས་ན་སྙན་ལ་གནོད།།
ཤི་བོར་ཕན་པའི་འདོན་རྒྱུ་དང་།།
སྒོམ་རྒྱུ་གང་ཡང་འོང་བར་དཀའ།།
དེ་ཕྱིར་མ་སྡུག་མ་ངུ་བར།།
ཆོས་རྣམས་རྨི་ལམ་སྒྱུ་མ་འདྲ།།
བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ།།
སྐྱེ་འཆི་ཉི་ཟླའི་འཆར་ནུབ།།
སྐྱིད་སྡུག་ལམ་ཁའི་མགྲོན་པོ་འདྲ།།
ནོར་རྫས་རྩྭ་ཁའི་ཟིལ་བ་འདྲ།།
དར་རྒུད་སེམས་ཅན་ཀུན་ལ་འབྱུང་།།
ཁྱིམ་ཚང་གཅིག་ལ་འབྱུང་བ་མིན།།
མ་ངུ་ཤི་གསོན་ཐམས་ཅད་ལ།།
འདི་ཕྱིར་ཕན་པའི་དགེ་བ་གྱིས།།
འོན་ཀྱང་སྔས་མགོར་མ་འོངས་པ།།
གསར་དུ་གློ་བུར་བྱུང་བས་ན།།
ཟུངས་མེད་ངུ་རྒྱུ་འོང་བ་ཁག།
མེད་རུང་མ་ངུ་སྡུག་བསྲན་གྱིས།།
རྟ་ཕོ་ཞག་མ་བརྒྱར་ཞོན་ནས།།
རྒྱུག་ཀྱང་མི་ཟིན་ཕ་རོལ་ཏུ།།
ཤི་བོ་བཟང་པོ་སོང་ཕྱིན་ཆད།།
ངུས་ནས་སུས་གོ་སུ་ལ་ཕན།།
ཤི་བོས་ཐོས་ན་ངུ་མོད་ཀྱང་།།
ཐོས་པའི་ས་ན་ཤི་བོ་མེད།།
མི་ཐོས་ཕྱིན་ཆད་ངུས་པས་ཅི།།
ཤི་བོར་ཕན་ན་ངུ་མོད་ཀྱང་།།
ཕན་པ་ཕར་ཞོག་ཤི་བོར་གནོད།།
མི་ཕན་གནོད་པས་ངུས་ནས་ཅི།།
རང་ལ་མི་བཟང་ཡུལ་མི་ཚོས།།
དེ་ཚོས་དེ་ཉོས་ཟེར་ཡང་ཐང་།།
མ་ངུ་ངུས་ནས་ཕན་མི་ཐོགས།།
རྐྱེན་ངན་བྱུང་ནས་ཐེག་པ་ལ།།
ཕོ་རབ་མོ་རབ་ཟེར་པ་ཡིན།།
སྐྱིད་ནི་མི་ཐེག་སུ་ཞིག་ཡོད།།
སྡུག་བསྔལ་བྱུང་དུས་ཐེག་པ་དགོས།།
མ་རྒན་བཞིན་དུ་སྣ་ཚོ་ལུག།
གླང་རྒན་བཞིན་དུ་སྡུག་འཁུན་བྱེད།།
བོང་རྒན་བཞིན་དུ་ཕུས་འདེབས་པ།།
སྐྱེ་བོ་གླེན་པའི་ཆོས་ལུགས་ཡིན།།
ངུས་ནས་ཤི་བོ་ཕྱིར་མི་འོང་།།
དགེ་རྩའི་ཐེབས་སུ་དེ་མི་འགྲོ།
རང་གིས་རང་ལ་སྡུག་སྐུལ་པ།།
མ་གཏོགས་དོན་གོ་སྤུ་ཙམ་མེད།།
ཕོ་རབ་མོ་རབ་བསམ་ཤེས་ཚོ།།
བླུན་པོའི་ལད་མོ་མ་བྱེད་ཨང་།།
གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས།།
ཁྱིམ་པ་སེམས་སྡུག་ཅན་ལ་སྨོས།།
ཐོས་ཚད་མྱ་ངན་ཀུན་སངས་ནས།།
ཡིད་ལ་དགའ་བདེ་འཆར་བར་ཤོག།
ཡིད་ལ་དགའ་བདེ་འཆར་བར་ཤོག།

 
                  རྩོམ་སྒྲིག་པ།  མྱི་གསར་བ།